༄༅།། མཐོ་ལྡིང་གསེར་གྱི་ལྷ་ཁང་།

བསྟན་འཛིན་ཡེ་ཤེས། རྩོམ་སྒྲིག་པ།ཡོང་ཁུངས།རྗེ་ཙོང་ཁ་པའི་དྲ་བ། སྤེལ་དུས། 04-02



         མཐོ་ལྡིང་གསེར་གྱི་ལྷ་ཁང་འདི་ཉིད་མངའ་རིས་ཀྲོན་ཆུས་རྩ་མདའ་རྫོང་ཁོངས་སུ་གནས་ཡོད་ཅིང་།དེ་ནི་པུར་རྒྱལ་བོད་ཀྱི་ལྗོངས་འདིར་མངའ་དབང་བསྒྱུར་བའི་རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོའི་གདུང་བརྒྱུད་རྩོད་མེད་དུ་གྲུབ་པ་ཆོས་ཀྱི་རྒྱལ་པོ་ཡེ་ཤེས་འོད་(ལྷ་བླ་མ་ཡེ་ཤེས་འོད་)ཀྱིས་གདོང་ངན་ཞེས་པ་མེ་ཕོ་སྤྲེལ་སྤྱི་ལོ་༩༩༦ལོར་ཕྱག་བཏབ།མཐོ་ལྡིང་གསེར་གྱི་ལྷ་ཁང་ནི་བསྟན་པ་ཕྱི་དར་སྐབས་སྟོད་སྨད་འདུལ་བ་གཉིས་དར་བ་ལས་སྟོད་འདུལ་ཐོག་མར་དར་ཡུལ་དེ་ཡིན།དེའི་སྐོར་ཅུང་ཟད་སྤྲོས་ན།དེ་ཡང་གངས་ཅན་གྱི་ལྗོངས་སུ་བསྟན་པའི་སྲོལ་བཙུགས་པ་ཧྭ་ཤང་གིས་བསླད་པར་བྱས།དེ་ལ་ཀ་མ་ལ་ཤི་ལ་སྤྱན་དྲངས་ནས་ཚར་བཅད་དེ་ལྟ་སྤྱོད་རྣམ་པར་དག་པ་དར་རྒྱས་སུ་ཡོད་པ་དེ་གླང་དར་མ་དང་བླུན་པོ་གདུག་པ་ཅན་ཚོས་ཆོས་བསྣུབས་ནས་ལོ་ངོ་བདུན་ཅུ་ལྷག་ཙམ་གྱི་རིང་བོད་ཁ་བ་ཅན་གྱི་ཡུལ་གྲུ་དེ་མུན་གླིང་དུ་གྱུར།དེ་ནས་བླ་ཆེན་དགོངས་པ་རབ་གསལ་སོགས་ཀྱིས་མདོ་ཁམས་ནས་བསྟན་པའི་མེ་རོ་བསླངས་པར་གྱུར་པ་དང་།ལྷ་བླ་མ་ཡེ་ཤེས་འོད་དང།ལོ་ཆེན་རིན་ཆེན་བཟང་པོས་སྟོད་མངའ་རིས་ནས་གསོས་པས་དབུས་གཙང་གི་ལྗོངས་སུ་དགེ་འདུན་གྱི་སྡེ་འཕེལ་བར་བྱས་ནའང་གླང་དར་མའི་སྐབས་དགོན་པ་གཏོར་བ་དང་།སངས་རྒྱས་ཀྱི་བཀའ་གླེགས་བམ་རྣམས་ཆུ་དང་མེར་བསྐྱུར་བ།དགེ་འདུན་གྱི་ཚོགས་རྣམས་ཁྱི་ར་སོགས་ཛཱག་ལས་ལ་འཇུག་པར་བཅུག་པ་སོགས་ཀྱིས་ནང་བསྟན་ལ་གནོད་འཚེ་ཚབས་ཆེན་པོ་བྱུང་ནས་སྟོད་སྨད་འདུལ་བ་གཉིས་དར་ཡོད་ནའང་མཐའ་གཅིག་ཏུ་ཡང་དག་པ་དར་མེད་པའི་ཁར་ཉམས་སུ་ལེན་པའང་དཀོན།ཚུལ་དེར་ཆོས་རྒྱལ་ཡེ་ཤེས་འོད་ཐུགས་མ་བདེ་བར་བོད་དུ་བསྟན་པ་རྣམ་པར་དག་པ་ཞིག་དར་བའི་ཕྱིར་བོད་ཕྲུག་ཤེས་རབ་ཅན་ཉི་ཤུ་རྩ་གསུམ་རྒྱ་གར་དུ་དམ་པའི་ཆོས་བསླབ་པར་བཏང་བས་གཞན་རྣམས་ཚད་པས་གྲོངས།ལོ་ཆེན་རིན་ཆེན་བཟང་པོ་དང་།ལོ་ཆུང་ལེགས་པའི་ཤེས་རབ་གཉིས་ལྷག་པ་ན་ལོ་ཆེན་གྱིས་པཎ་ཆེན་ནཱ་རོ་པ་སོགས་པཎྜིཏ་བདུན་ཅུ་རྩ་ལྔ་ཚུལ་བཞིན་དུ་བསྟེན་པས་ཟབ་པ་དང་རྒྱ་ཆེ་བའི་གསུང་རབ་རྒྱ་མཚོ་ཆེན་པོའི་ཕ་རོལ་དུ་སོན་ཅིང་།བསྟན་པ་ཕྱི་དར་ལ་སྐད་གཉིས་སྨྲ་བ་ལ་འགྲན་པའི་ཟླ་དང་བྲལ་བར་གྱུར་པའི་དབང་གིས་མདོ་རྒྱུད་མང་པོ་བོད་སྐད་དུ་བསྒྱུར།སྔ་འགྱུར་བཅོས་པ་སོགས་ཐུབ་པའི་བསྟན་པ་ལ་བྱ་བ་རླབས་པོ་ཆེ་མཛད་པས་རྒྱལ་པོས་དབུའི་མཆོད་གནས་སུ་བཀུར།དེ་ལྟར་རྨད་དུ་བྱུང་བའི་དགོངས་པ་དང་བསྟན་པ་ལ་སྨན་པའི་མཛད་པ་རླབས་པོ་ཆེ་འཇོག་གནང་མཛད།
          དེ་ནས་ཆོས་རྒྱལ་ཡེ་ཤེས་འོད་ཀྱིས་གཙུག་ལག་ཁང་དགེ་འདུན་གྱི་སྡེ་དང་བཅས་འཛུགས་པར་དགོངས་ཏེ་པཎྜིཏ་ནམ་མཁར་འཕངས་ནས་བདག་གི་གདུལ་བ་འདུ་སར་བབས་ཤིག་ཅེས་སྨོན་ལམ་ཤུགས་དྲག་པོ་མཛད་པས་ནམ་མཁར་མཐོན་པོར་ལྡིང་ཞིང་ས་ཕྱོགས་དེར་བབས་པའི་གནས་དེ་ཉིད་དུ་གཙུག་ལག་ཁང་བཞེངས་པས་མཐོ་ལྡིང་ཞེས་གྲགས།གཙུག་ལག་ཁང་རྟེན་དང་བརྟེན་པ་དགེ་འདུན་གྱི་སྡེ་དང་བཅས་པ་ལོ་ཆེན་རིན་ཆེན་བཟང་པོ་ལ་ཕུལ།ལོ་ཆེན་གྱིས་གཙུག་ལག་ཁང་དེའི་ནང་གི་ལྡེབས་བྲིས་སུ་མདོ་རྒྱུད་ལ་བྱང་ཆུབ་པའི་འདུལ་བ་འཛིན་པ་དག་གིས་རྒྱུད་སྡེ་ནས་བཤད་པའི་དཀྱིལ་འཁོར་སོ་སོའི་ཐིག་མ་འཕྱུགས་པ་བཏབ་པ་ལ་པིར་ཐོག་དབང་པོ་དག་གིས་ཚོན་ཇི་བཞིན་འདེབས་པའི་རྒྱུད་སྡེ་བཞིའི་ལྷ་ཚོགས་ཀྱི་དཀྱིལ་འཁོར་དཔེར་འོས་པ་ཤིན་ཏུ་མང་པོ་བཞེངས་ནས་དེར་གཏན་ཆགས་པར་ཞུགས།མདོ་སྔགས་ཀྱི་འཆད་ཉན་སྤེལ་བ་སོགས་བསྟན་པའི་བྱ་བ་རླབས་པོ་ཆེས་དུས་འདའ་བར་མཛད།
          ལྷ་བླ་མ་བྱང་ཆུབ་འོད་ཀྱི་རིང་ལ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་དྲངས།མངའ་རིས་སུ་ཕེབས་ནས་མཐོ་ལྡིང་གསེར་གྱི་ལྷ་ཁང་དུ་ལོ་གསུམ་གྱི་བར་ལྷུན་ཆགས་པར་བཞུགས།མདོ་སྔགས་ཀྱི་གཞུང་ལུགས་མང་པོ་བོད་སྐད་དུ་བསྒྱུར་ཅིང་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་མཐའ་ཡས་པ་གསུངས་ནས་གནས་དེ་བྱིན་གྱིས་བརླབས།དེ་ནས་གདན་རབས་མང་དུ་སོང་བའི་དུས་རབས་བཅོ་ལྔ་པའི་ནང་རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་བསྟན་པ་ཕྱོགས་མཐར་སྐྱོང་བ་དྲུག་གི་གྲས་སུ་གཏོགས་པ་གུ་གེ་ངག་དབང་གྲགས་པས་མཐོ་ལྡིང་གི་གདན་སའི་ཁྲིར་ཕེབས་ནས་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བས་མངའ་རིས་བདག་པོ་འབངས་དང་བཅས་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་རིང་ལུགས་སུ་བསྒྱུར་བ་དང་།མཐོ་ལྡིང་གསེར་གྱི་ལྷ་ཁང་དེ་ཡང་དགེ་ལུགས་པའི་དགོན་གནས་སུ་བསྒྱུར།དེ་ནས་མཁན་རབས་བཅུ་གསུམ་སོང་བའི་སྐབས་པཎ་ཆེན་བློ་བཟང་ཆོས་རྒྱན་དགོན་གནས་དེར་ཞབས་སེན་གྱི་འཁོར་ལོ་བཀོད་དེ་བྱིན་གྱིས་བརླབས།རྒྱལ་བའི་དབང་པོ་ལྔ་པ་ཆེན་པོས་ཀྱང་འཕྲུལ་སྣང་གཙུག་ལག་ཁང་ཉམས་གསོ་གནང་ནས་དེའི་ལྡེབས་བྲིས་ཁྱད་དུ་འཕགས་པ་བཞེངས་དགོངས་པ་ན་མཐོ་ལྡིང་གཙུག་ལག་ཁང་གི་ལྡེབས་བྲིས་ནས་རྒྱུད་སྡེ་བཞིའི་དཀྱིལ་འཁོར་རྣམས་ཁུངས་དང་ལྡན་ཞིང་དཔེར་འོས་པ་ཐུགས་སུ་ཆུབ་པས་བར་ཁང་དུ་དཀྱིལ་འཁོར་དེ་དག་ཇི་འདྲ་བ་དེ་བཞིན་དུ་བཞེངས་ཤིང་མཐོ་ལྡིང་གི་ལྡེབས་བྲིས་རྣམས་ལ་བསྔགས་པའི་མེ་ཏོག་ཡང་འཐོར་བར་མཛད།ཕྱིས་མཐོ་ལྡིང་གི་གཙུག་ལག་ཁང་དེ་ཉིད་སེར་བྱེས་མཁས་སྙན་གྲྭ་ཚང་གི་དགོན་ལག་ཏུ་གྱུར་ནས་མཁན་པོ་ཡང་དེ་ནས་གཏོང་བའི་སྲོལ་ཡོད་པར་གྲགས་སོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1