༄༅། །གངས་སེང་གི་བཤད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-11


               ༈ཟབ་ཡངས་ཤེས་བྱ་ནམ་མཁའི་ཀློང་ཡངས་སུ། །ཤེས་རབ་ཉི་མ་རྒྱས་པའི་འོད་ཟེར་གྱི། འགྲོ་བློའི་མི་ཤེས་མུན་སེལ་སྣང་བའི་དཔལ། །བླ་མ་འཇམ་དཔལ་སྨྲ་བའི་སེང་གེར་འདུད།བརྩེ་བྲལ་འདོད་རྔམ་གཡོ་འཁྲུག་རང་དོན་འཕྲུལ། །འཛམ་གླིང་སྣོ་ད་བཅུད་གཡོ་འཇིག་ངེས་མེད་དུས། །བྱམས་བརྩེ་ཤེས་རབ་ལམ་སྟོན་དྲིན་ཆེན་རྗེ།།རྒྱལ་བ་མི་ཡི་སེང་གེ་དུས་འདིར་དྲན། །

   ཞེས་མཆོད་པར་བརྗོད་པས་མདུས་བསུས་ཏེ་དེ་རིང་འཁྲབ་སྟོན་སེང་གེ་ཡིན་སྟབས། སེང་གེའི་སྐོར་མདོ་ཙམ་ཞུས་ན། སྤྱིར་སེང་གེ་ནི་རི་དྭགས་ཀྱི་རྒྱལ་པོ། སྟོབས་དང་དཔའ་རྩལ་ལྡན་ཞིང་བག་ཡངས་སུ་རྒྱུ་བ་དང༌། སེང་གེའི་ངར་སྒྲ་བསྒྲགས་པས་གཅན་གཟན་རི་དྭགས་ཐམས་ཅད་ཟིལ་གྱིས་གནོན་པ་ཡིན། སེང་གེ་ལ་ཡང༌། གངས་སེང་དཀར་མོ་དང༌། འདམ་སེང་ཁམ་པ་གཉིས་ཡོད་པས། དེ་གཉིས་ཀྱི་སྡོད་གནས་དང༌། ཁ་ཟས། གཟུགས་མདོག་མི་འདྲ།

དང་པོ་གངས་སེང་དཀར་མོ་དེ་བོད་གངས་ཅན་པའི་གངས་དཀར་སྟོད་དུ་གནས་པ། རྗེ་མི་ལའི་མགུར་ལས། སེང་གངས་ལ་གནས་པས་སྦར་མི་འཁྱག །སེང་གངས་ལ་གནས་པས་སྦར་འཁྱག་ན། །ལུས་རྩལ་གསུམ་རྫོགས་པ་དོན་རེ་ཆུང༌། ཞེས་གསུངས་པ་དང༌། ཁ་ཟས་མི་འདྲ། གངས་སེང་དཀར་མོའི་འབྱུང་བ་བཞིའི་དྭངས་བཅུད་ཟ་བ་་ལས། རི་དྭགས་བསད་པའི་ལོ་རྒྱུས་མེད་ལ། ཤ་ཁྲག་ཟོས་པ་ཐོས་རྒྱུ་མེད་ལ། གཞན་ལ་གནོད་འཚེ་བྱས་པའང་ཐོས་མ་མྱོང༌། གཟུགས་སྟོབས་ལྡན་ཞིང་གཟི་བརྗིད་ཆེ། ལུས་ཀྱི་སྤུ་མདོག་དཀར་ལ་རལ་པ་དང་རྔ་མ་ལྗང་གུ་འཐུག་ལ་རླུང་གིས་བསྐྱོད་པ་འདྲ་བ་སྔར་གྱི་རི་མོ་ནས་མཐོང་རྒྱུ་ཡོད་པ་དེ་ཡིན་ལ། རྒྱལ་བ་ཚང་དབྱངས་རྒྱ་མཚོའི་གསང་རྣམ་ལ་གངས་སེང་གཟིགས་ཚུལ་ཡོད།

གཉིས་པ་འདམ་སེང་ནི། སྡོད་གནས་བྲག་ཁྲོད་དང་ཤིང་ནགས་ལ་བྱེད། ཁ་ཟས་ཤ་ཁྲག་དང༌། རི་དྭགས་སོགས་གསོད་ཅིང་འཚོ་སྡོད་བྱེད་པ་ཡིན། གཟུགས་སྟོབས་ཆེ་ལ་སྤུ་མདོག་ཁམ་དམར། རལ་པ་ཁམ་པ་རྔ་མ་རིང་ལ་སྣེ་མོར་སྤུ་ཚོམ་ཡོད་པ་མཐོང་ཆོས་སུ་ཡོད་པ་དེ་ཡིན།

ཁྱད་པར་གངས་སེང་དཀར་མོ་འདི་བོད་ཀྱི་ཐུན་མོང་མ་ཡིན་པའི་མཚོན་རྟགས་བྱེད་པ་ཡིན། དེ་ལ་ཆོས་ཕྱོགས་ནས་བཤད་ན་ངའི་བསམ་པར་བདག་ཅག་གི་སྟོན་པ་རྣམ་འདྲེན་བཞི་པ་ཤཀྱ་སེང་གེ་ཞུས་བ་དེ། དཔེར་ན་གངས་སེང་དཀར་མོ་འདྲ་བ་སྐུ་ལ་མཚན་དཔེའི་གཟི་བརྗིད། གསུངས་སེང་གེའི་སྒྲ་དབྱངས། ཐུགས་མཁྱེན་བརྩེ་ནུས་གསུམ་གྱི་བདུད་ཚོགས་ལོག་སྨྲའི་ཝ་སྐྱེས་རི་དྭགས་རྣམས་ཟིལ་གྱིས་གནོན་པ་འཚེ་མེད་སྙིང་རྗེ་ཤེས་རབ་ཟབ་མོའི་རྣམ་མཁྱེན་གྱི་གོ་འཕང་ལ་འགོད་པར་མཛད་པས་ཤཀྱ་སེང་གེ་ཞུ་བ་འདྲ། བོང་གངས་ཅན་གྱི་གྲུབ་པའི་དབང་ཕྱུག་རྗེ་བཙུན་མི་ལ་རས་པ་འབྲོག་ལ་ཕྱིའི་གངས་ལ་བཞུགས་པའི་སྐབས་སུ་གསུངས་པའི་མགུར་ལའང༌། ང་གཅན་གཟན་རྒྱལ་པོ་སེང་གེའི་རིགས། །གནས་གངས་ཁོང་མིན་པ་སྡོད་མ་མྱོང༌། །ཞེས་གསུངས་པ་དེ་གངས་སེང་དཀར་མོ་ལ་དཔེ་བཞག་ནས་གསུང་པ་རེད། །ཡང་བོད་ཀྱི་བསྟན་མ་བཅུ་གཉིས་གཙོ་བོ། ལ་ཕྱི་ཚེ་རིང་གངས་མཐོ་མཐིང་རྒྱལ་མོའི་གཞི་བདག་བཀྲ་ཤིས་ཚེ་རིང་མས། གངས་སེར་དཀར་མོ་ཆིབས་ཡོད་པ་དང༌། གཙང་འོ་ཡུག་ཕ་བོང་ལོང་བུ་ལ་གནས་པའི་གཞི་བདག་དམ་ཅན་རྡོ་རྗེ་ལེགས་པས་གངས་སེར་དཀར་མོ་ཆིབས་ཡོད་ལ། དེང་སང་གནས་ཆུང་ཟེར་བ་སྔར་ཆོས་རྒྱལ་ལྷ་སྲས་མུ་ཏིག་བཙན་པོའི་སྤྱན་དྲངས་བའི་བསམ་ཡས་དཔེ་དཀར་སྐོར་མཛོད་གླིང་དུ་གནས་པའི་ཆོས་་རྒྱལ་སྐུ་ལྔའི་དཔེ་དཀར་གྱིས་སེང་གེ་དཀར་མོ་ཆིབས་ཡོད་པ། དེ་དག་མྱུར་མགྱོགས་སྟོབས་རྩལ་ཐོག་པ་མེད་པ་མཚོན་གྱི་ཡོད། དེར་མ་ཟད་དུས་སྟོན་སོགས་རླུང་རྟའི་དར་ཅོག་ལའང་སེང་གེ་དཀར་མོ་ཡོད་ལ། རླུང་རྟའི་བསང་ལ། ཤར་གྱི་ཕྱོགས་ལ་གནས་པའི་ལྷ། །རླུང་རྟ་དར་བའི་དགྲ་ལྷ་ནི། །དུང་སེང་གཡུ་ཡི་རལ་པ་ཅན། །དཔའ་རྩལ་ཆེ་བའི་དགྲ་ལྷ་བསང༌། ཞེས་རླུང་རྟའི་ལྷ་ཡི་གྲས་སུ་ཡོད།

སྲིད་ཕྱོགས་ནས་མཚོན་ན། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་རུ་བཞིའི་དམག་དར་ལས། རུ་གསུམ་གྱི་དམག་དར་ལ་གངས་སེང་ཡོད་པ། གཡས་རུའི་དར་ཆ་ལ་སེང་གེ་གྱེན་ལང༌། གཡོན་རུའི་དམག་དར་ལ་སེང་གེ་གཉིས་ཁ་སྤྲོད། མདུན་རུའི་དར་ཆ་ལ་སེང་གེ་གནམ་དུ་མཆོང་བ་ཡོད་ལུགས་གསལ། དེ་བཞིན་གེ་སར་གྱི་མཚན་ལ་སེང་ཆེན་ནོར་བུ་དགྲ་འདུལ་ཟེར་བ་དེ་ཡང་སྟོབས་དང་རྫུ་འཕྲུལ་གངས་སེང་དཀར་མོ་འདྲ་བར་མཚོན་ནས་གསོལ་བ་འདྲ། གླི་གི་དཔའ་ཐུལ་དམག་གི་རུ་དར་ལའང་སེངགེ་སོགས་ཡོད་ལ། གླུ་ཡི་ནང་ལ་དཔེར་ན། སེང་དཀམར་མོ་འདྲ་བའི་གཡུ་ལྷ་ལ། །དགྲ་བུ་ཡུག་བྱུང་ན་དགའ་བ་ཡིན། །ཟེར་བ་སོགས། མདོར་ན་གངས་དཀར་མོ་ལ་དཔེ་བཞག་པ་རེད། དེ་བཞིན་བོད་ཀྱི་རྒྱལ་དར་ལ་གངས་སེང་གཡུ་རལ་ཅན་ཡོད་པ་མཁྱེན་གསལ་བཞིན་རེད། གངས་ཅན་བོད་ཀྱི་གངས་རི་དང་དེར་གནས་པའི་རི་དྭགས་ཀྱི་རྒྱལ་པོ་གངས་སེང་དཀར་མོ་གཡུ་རལ་ཅན་བོད་ཀྱི་མཚོན་རྟགས་སུ་ཡོད།

ཡང་སྔ་རྒྱ་གར་གྱི་དཔལ་ནཱ་ལན་ཏྲ་ཡི་གཙུག་ལག་ཁང་གི་སྒོ་ཆེན་འགྲམ་དུ་རྡོ་ལ་སེང་གེའི་གཟུགས་ཡོད་པ། དཔེར་ན། སློབ་དཔོན་ཀླུ་་སྒྲུབ་ཀྱི་དངོས་སློབ་དཔལ་ལྡན་ཟླ་བ་གྲགས་པ་ནཱ་ལན་ཏྲ་ལ་བཞུགས་སྐབས་སུ། དུ་རུ་ཀ་ཡི་དམག་བྱུང་བ་ལ། ཟླ་བ་གྲགས་པས་རྡོ་ཡི་སེང་གེ་བསྐུལ་བས། སེང་གེའི་ངར་སྒྲག་བསྒྲགས་ནས་དམག་རྣམས་འཇིགས་ཤིང་སྐྲག་པས་བཟློག་པར་མཛད་པའི་རྫུ་འཕྲུལ་བསྟན་པ་ཟླ་བ་གྲགས་པའི་བསྟོད་གསོལ་ལ། དཔལ་ལྡ་ཟླ་བ་གྲགས་པ་ཡིས། །སྟོབས་ལྡན་རྡོ་རྗེ་སེང་གེ་བསྐུལ། །དུ་རུ་ཀ་ཡི་དཔག་དཔུང་བཟློག །ཤི་སྨྲས་མེད་པ་ངོ་མཚར་ཆེ། །ཞེས་གསལ་བ་དེ་ཡི་སེང་གེ་ནི་གངས་སེང་མིན་པ་འདམ་སེང་གི་གཟུགས་དབྱིབས་ཡིན་པ་འདྲ། དེ་ལྟ་རྡོ་རྗེ་གདན་གྱི་ཐུབ་པའི་བཞུགས་ཁྲིའི་སེང་གེ་དེ་འདམ་སེང་དབྱིབས་སུ་འདུག་པས་དཔོག་ནུས་ཚོད་སྙམ།

བོད་དུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བསམ་ཡས་བཞེངས་སྐབས་བསམ་ཡས་ཇོ་མོ་གླིང་གསུམ་གྱི་གྲས་དབུ་ཚལ་གསེར་ཁང་གླིང་གི་ཟུར་བཞིར་གསེར་གྱི་སེང་གེ་ལུག་ཐུང་ཙམ་བརྒྱད་ཡོད་ལུགས་གསལ་བ་དང༌། བོད་ཀྱི་དགོན་པའི་གཙུག་ལག་ཁང་གི་སྒོ་གོང་དུ་གངས་སེང་བརྒྱད་ཡོད་པ་ནི། སྔར་བོད་ཀྱི་རིགས་ལམ་སློབ་སྦྱོང་གི་འབྱུང་གནས། གསང་ཕུ་ནེའུ་ཐོག་དགོན་པར་མཁས་པ་སེང་གེ་འདྲ་བ་བརྒྱད་བྱོན་པ་ལ། གསང་ཕུའི་སེང་ཆེན་རྣམ་བརྒྱད་ཟེར་བ་དེའི་མཚོན་བྱེད་ཡིན་ཟེར་སྲོལ་མཆིས།

ཡང་བོད་ལ་སེང་གེ་འཁྲབ་པའི་སྲོལ་ནི་ནི་སྔ་མོ་ཡོད་འདུག་པ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སློབ་དཔོན་པདྨ་འབྱུང་གནས་གདན་དྲངས་སྐབས་ཕེབས་བསུ་ལ། སེང་ཤོན་དང༌། འབག་ཤོན་དང༌། རྔ་ཤོན་སོགས་ཀྱིས་བསུ་བ་རྒྱ་ཆེན་པོ་མཛད་པ་ལོ་རྒྱུས་གསར་རྙིང་དང༌། བཀའ་ཐང་སོགས་ལས་གསལ་བ་ལྟར་སེང་ཤོན་ཟེར་བ་དེ་སེང་གེ་འཁྲབ་པའི་བསུ་བ་བྱས་པས་གསལ་པོར་ཡོད། དེ་ལྟ་བུའི་རིགས་དྭགས་རྒྱལ་པོ་གངས་སེང་གཡུ་ཡི་རལ་པ་ཅན་དེ་བོད་ཀྱི་འཁྲབ་སྟོན་གཟིགས་འབུལ་ཞུ་རྒྱུ་ལགས་སོ། སྨྲས་པ། གངས་སེང་འཕྲོས་བཤད་གཡས་འཁྱིལ་དུང༌། །བཀྲ་ཤིས་དགེ་བའི་སྒྲ་དབྱངས་ཅན། །དོན་གཉེར་ཡིད་ཀྱི་འདོད་འཇོའི་དཔལ། །ཁྱེད་ལ་འབུལ་གྱིས་མཉེས་གྱུར་ཅིག །བརྩེ་ལྡན་གྲོགས་པོ་རྣམ་རྒྱལ་དབང་ཕྱུག་གི་ཐུགས་མོས་གསུངས་བསྐུལ་བཞིན་རྒྱལ་ཁམས་པ་འབྲོང་པ་རྒྱལ་པོས་མགྱོགས་བྲིལ་སུ་ཨ་རི་རང་གནས་ཁང་པ་ནེའུ་འཇའ་སེས་ནས་ཕྱི་ལོ 2011 ཟླ 2 ཚེས 17 ལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1