༄༅།། ཡིད་དུ་བཏེགས་པའི་སྒྱུ་འཕྲུལ།

ཏཱ་ནི་ལྷ་རྒོད། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-10


ཏཱ་ནི་ལྷ་རྒོད།
ཡུན་རིང་གོམས་པའི་སྲོལ་གྱི་ཆར་ཟིམ་ལས། །
མཁའ་འགྲོ་སྟོང་གི་གཟུགས་བརྙན་མངོན་པར་དྲན། །
རྒྱང་རིང་ཆུ་གཏེར་ངོགས་ཀྱི་མཁའ་འགྲོའི་གཟུགས། །
གློ་བུར་མཐོང་བས་ཡིད་སྨོན་གུར་ཆེན་ཕུབ། །
མཛེས་པའི་དཔལ་ལ་ཡིད་ཀྱི་ཆུ་ཀློང་གཡོ། །
སྙན་པའི་ངག་ལ་ཐོས་འཛིན་འཕྲུལ་འཁོར་སྒུལ། །
ཁ་སྒོ་སྐྱེ་འབྲས་སྲིད་པའི་ཕུན་ཚོགས་ཀྱིས། །
གྱི་ནའི་རྣམ་དཔྱོད་བང་བ་སྟོང་བར་ལྷགས། །
བྱིས་པ་གཞོན་ནུ་ཡིན་པའི་ན་ཚོད་ནས། །
གཏམ་གྱི་རླུང་བུ་ལེགས་པར་བདས་པ་ཡིས། །
བཅུ་དྲུག་ལང་ཚོའི་ཡོན་ཏན་བདེ་བོ་ཞིག །
གངས་དཀར་དྲན་པའི་ངོས་སུ་འཕྲལ་གྱིས་ཕབ། །
གདོང་ཉིད་བྲིས་ན་དབྱངས་ཅན་ཞལ་ཡང་དམན། །
ཁོ་བོ་ཉིད་ལ་འདྲིས་ཆ་ཡོད་པས་ལན། །
སྐྱེ་གཟུགས་བསྒོམ་ན་སེང་ལྕམ་འབྲུག་མོ་བོར། །
རེ་རེ་གླེང་བས་ཡིད་ཀྱི་ནམ་མཁའ་བསྒྲིབས། །
མཛངས་ཤིང་མཛངས་ལ་མཛེས་པར་འགྱིང་བ་ཡི། །
བོད་པའི་བུ་མོ་སྙིང་རུས་ལྕགས་སོ་ཅན། །
ཡང་ཡང་མཐོང་བའི་མོད་ལ་སེམས་ཉིད་འགུལ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1