༄༅། །ལྷོ་ཡི་ཡར་འབྲོག་གཡུ་མཚོ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོ་དྲ་བ། སྤེལ་དུས། 10-11


ཡར་འབྲོག་གཡུ་མཚོ།
          འཛམ་གླིང་གི་དབུ་རྩེར་གནས་པའི་དབུས་ཀྱི་ལྷ་ས་ནས་ནུབ་ཏུ་ཁ་ཕྱོགས་ཏེ་སྤྱི་ལེ་ལྔ་བཅུ་ལ་ཉེ་བ་ཙམ་སོང་མཚམས་སྐྱིད་ཆུའི་རྒྱུན་འབབ་ཡར་ཀླུང་གཙང་པོར་འདྲེས་མཚམས་ཀྱི་ཡུལ་ཆུ་ཤུལ་དུ་སླེབས་ཤིང་། རིམ་བཞིན་ཡར་ཀླུང་གཙང་པོའི་ཐོག་ཏུ་བསྐྲུན་པའི་ཆུ་ཤུལ་ཟམ་ཆེན་བརྒྱུད་དེ་བསྐྱོད་སྐབས་ཧི་མ་ལ་ཡའི་རི་རྒྱུད་དང་གངས་ཏི་སེའི་རི་རྒྱུད་འབྲེལ་མཚམས་སྔར་དབུས་གཙང་གི་དབྱེ་མཚམས་སུ་གྲགས་པའི་གམ་པ་ལ་མོར་ཐུག་ལ་དེ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲེ་ལྔ་སྟོང་བདུན་བརྒྱ་ལྷག་ཙམ་ཟིན་གྱི་ཡོད་པ་དང་རི་བོའི་གཏོས་ཁོ་ནའི་མཐོ་ཚད་ལའང་སྤྱི་ཁྲི་ཆིག་སྟོང་བདུན་བརྒྱ་ལྷག་ཙམ་ཟིན་གྱི་ཡོད་ལ་གཤམ་ནས་བལྟས་ཚེ་རྩེ་མོ་ནམ་མཁའི་དབྱིངས་སུ་ཟུག་པ་དང་འདྲ། རི་བོའི་ལྡེབས་ཀྱི་ཁྱག་ཁྱོག་ལམ་བུ་ནི་ནང་འཁྲོལ་རྒྱུ་མ་ཞག་སྐོར་དང་འདྲ་ཞིང་། མཐོང་བ་ཙམ་གྱིས་འཇིགས་སྣང་སྐྱེས་པ་དང་། གཞན་གྱིས་དྲན་སྐུལ་བྱས་པའི་མོད་ཐོས་པ་ཙམ་གྱིས་དངངས་འཚབས་ལངས་ཀྱི་ཡོད་ལ་ལ་དེའི་རྩེ་མོར་འབྲོར་མ་ཐག་དྭངས་ཤིང་གསལ་ལ་སྔོ་ཐིང་ངེས་འཁྱིལ་བ་གཡུ་འབྲུག་སྔོན་མོ་འཛིན་མའི་ལྟོ་བར་འཕགས་པ་དང་གཉིས་སུ་མེད་པའི་ཡར་འབྲོག་གཡུ་ཡི་མཚོ་མོ་ཡིད་དུ་འོང་བ་དེ་འདྲེན་བྱེད་ཡུལ་དུ་ལྷམ་མེར་འཆར་ཐུབ།
 
ཡར་འབྲོག་གཡུ་མཚོ།
          དེ་ལྟ་བུའི་མཚོ་མོ་དེའི་ཆགས་ཚུལ་ནི་སྔོན་མཁའ་འགྲོ་མ་ཡེ་ཤེས་མཚོ་རྒྱལ་སྒྲུབ་པ་ལ་བཞུགས་སྐབས་བོན་པོས་གསེར་གཙོ་ཞོ་གང་འཕངས་པ་མཚོར་བསྒྱུར་བ་ཡིན་པ་གྲགས་པ་དང་འདི་ཡང་བོད་ལྗོངས་ས་མཐོའི་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་པའི་བརྒྱུད་རིམ་ནང་ཀོང་རིང་དུ་གྱུར་པར་ངེས། མཚོ་འདི་དང་ཐོག་ཡར་ཀླུང་གཙང་པོ་དང་འབྲེལ་བའི་ཕྱི་འབབ་མཚོ་མོ་ཞིག་ཡིན་རུང་མི་ལོ་ས་ཡ་གཅིག་གི་སྔ་རོལ་དུ་རི་རུད་ཆེན་པོ་ཞིག་བྱུང་ནས་ཡུལ་དཔལ་དེའི་ནུབ་རྒྱུད་སྤྱི་ལེ་ཉི་ཤུའི་མཚམས་ཀྱི་ཉེ་འདབས་སུ་རྨུ་ཆུའི་སྟོད་རྒྱུད་ཀྱི་ལུང་གཞུང་འགག་སྟབས་འདི་ནང་འབབ་མཚོར་གྱུར། མཚོ་དེ་ནི་གངས་ལྗོངས་ཀྱི་མཛེས་རྒྱན་དུ་གྱུར་པའི་མཚོ་ཆེན་མ་ཕམ་གཡུ་མཚོ་དང་། གནམ་མཚོ་ཕྱུག་མོ་སོགས་དང་འདྲ་བར་ཕྱི་ནང་ཀུན་གྱིས་རྩ་ཆེར་འཛིན་ཞིང་ཡུལ་གྲུ་ཀུན་ཏུ་སྙན་གྲགས་ཆེ་བ་ཞིག་ཡིན། མཚོ་མགོ་དེར་ལུང་གངས་ཆེན་དང་མཚོ་གཞུང་ཟས་མ་རྒུ་རུལ་ནས་ཉིན་ལམ་མང་པོའི་བར་དུ་ཡོད་པ་ཡིན་ནོ་ཞེས་བརྗོད། དེ་རྒྱུད་ཀྱི་ས་ནི་དུས་རབས་བཅུ་གསུམ་པར་ས་སྐྱ་འགྲོ་མགོན་འཕགས་པའི་དུས་སུ་བཙུགས་པའི་བོད་ཁྲི་སྐོར་བཅུ་གསུམ་གྱི་ཡ་གྱལ་ཡར་འབྲོག་སྟག་ལུང་ཁྲི་དཔོན་གྱི་མངའ་ཁོངས་སུ་གཏོགས་ལ་མཚོ་ཆེན་དེའི་མིང་ལའང་ཡར་འབྲོག་ས་ཁོངས་སུ་ཆགས་པ་དང་། ཁ་དོག་རིན་ཆེན་གཡུ་ལྟར་སྔོ་བའི་མཚོ་མོ་ཡིན་པའི་ཆ་ནས་མིང་དུ་ཡར་འབྲོག་གཡུ་མཚོར་གྲགས།
          ཡར་འབྲོག་གཡུ་མཚོ་ནི་དཀྱུས་རིང་ནར་མོའི་དབྱིབས་སུ་གྲུབ་ཅིང་བྱང་ངོས་ཁ་རྒྱ་ཆུང་ལ་ལྷོ་ངོས་ཆུ་ཞེང་ཆེ་བ། མཚོ་མོའི་འཁོར་རྒྱ་ནི་ལེ་དབར་སྟོང་ལ་ཉེ་ཞིང་གཏིང་ཟབ་ཤོས་ལ་སྨིད་ལྔ་བཅུ་ང་དགུ་ཡོད་ཅེས་གྲགས་ལ་མཚོ་དཀྱིལ་དུ་གླིང་ཕྲན་ཆེ་ཆུང་བཅུ་གྲངས་ཡོད་པའི་ཆེ་ཤོས་ལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་བརྒྱད་ལྷག་ཙམ་དང་ཆུང་ཤོས་ལའང་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་སུམ་སྟོང་ལྷག་ཙམ་ཡོད། གླིང་ཕྲན་དེ་ཚོའི་རྩྭ་ཆུ་ཤིན་ཏུ་འཛོམས་པས་མཚོ་མོའི་ཉེ་འདབས་འབྲོག་སྡེ་ཚོས་དབྱར་དུས་ཕྱུགས་ཟོག་རྣམས་ཀོ་གྲུར་བརྟེན་ནས་གླིང་ཕྲན་གྱི་རྩྭ་ཁར་གཏོང་བ་དང་། དགུན་དུས་མཚོ་ངོས་དར་ཁ་འགྲིགས་རྗེས་གཞི་ནས་ཚུར་འདེད་ཡོང་གི་ཡོད། མཚོ་ནང་དུ་སྲོག་ཆགས་ཆུང་རིགས་མང་པོ་ཡོད་པས་ཉ་ལས་ཐོན་སྐྱེད་ཀྱི་རྟེན་གཞི་གཙོ་གྲས་ཤིག་ཡིན་ཞིང་། འབྲེལ་ཡོད་ཚན་པས་ཚོད་དཔག་བྱས་པར་གཞིགས་ན་མཚོ་འདིའི་ནང་ཉ་རིགས་རྒྱ་མ་དུང་ཕྱུར་བཞི་ནས་དྲུག་བར་ཡོད་ཚོད་ལ་བོད་ཀྱི་ཉ་མཛོད་དུ་གྲགས། མཚོ་འདིའི་ཉ་ནི་སྐྱི་ལྤགས་སྲབ་ལ་ཤ་ཤེད་ཆེ་ཞིང་བྲོ་བ་ལྷག་པར་ཆེ་བས་ལོ་ལྟར་དཔྱིད་དབྱར་སྟོན་གསུམ་དུ་ཁྲོམ་རར་མཁོ་འདོན་བྱེད་པའི་བཟའ་བཅའ་ལེགས་གྲས་སུ་བྱེད།
          གཞན་ཡང་མཚོ་ཐོག་ཏུ་བྱང་ངུར་པ་དང་ཆུ་སྐྱར་སོགས་བྱ་རིགས་ཀྱང་མང་པོ་གནས་ཡོད། མཚོའི་མཐའ་སྐོར་དུ་རྩྭ་ཆུ་འཛོམས་པའི་རྩྭ་ཐང་མུའུ་བྱེ་བ་གཅིག་ཙམ་ཡོད་པས་བོད་ཀྱི་འབྲོག་ཐང་ཆེ་གྲས་ཤིག་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1