༄༅།། གནས་སྒོ་བརྒྱ་ཡི་ལྡེ་མིག་གནས་མཆོག་ཨོཾ་བརྒྱ་གནས་རི།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-10


   གནས་སྒོ་བརྒྱ་ཡི་ལྡེ་མིག་གནས་མཆོག་ཨོཾ་བརྒྱ་གནས་རི།

   སྤོ་འབོར་སྒང་གི་སའི་ཆར་གཏོགས(འབའ་སྡེ་མངའ་རིས་ཞིང་ཁམས་ཀྱི་ཆར་གཏོགས)སྡེ་རོང་ཞེས་པར་གནས་མཆོག་ༀ་བརྒྱ་ཞེས་པའི་གནས་དེར་བཏབ་པའི་དགོན་གྱི་བྱུང་བ་ཆེ་ལོང་ཞིག་གླེང་ན།བཀྲ་ཤིས་བྱིན་ཆགས་པའི་གནས་དེར་དགོན་པ་ཐོག་མར་ཕྱག་འདེབས་པ་པོ་ནི། གྲུབ་ཐོབ་ཤཱཀྱ་བསྟན་འཛིན་ཞུ་བ།ཁོང་བསོད་སྙོམས་པའི་ཚུལ་གྱིས་གནས་མཆོག་ཏུ་ཕེབས་ཏེ་ཕྱག་བཏབ་པར་གྲགས་ནའང་མཛད་རྣམ་ཞིབ་ཕྲ་མ་རྙེད།དགོན་བཏབ་པའི་ལོ་ནི་རབ་བྱུང་བརྒྱད་པའི་ས་ཕག་ལོ་ཡིན་པར་བཤད་པའི་སྒྲོས་ཤིག་འདུག

    གྲུབ་ཐོབ་དེའི་སྐུ་ཕྲེང་གཉིས་པ་དཀོན་མཆོག་ཚེ་དབང་། གསུམ་པ་དཀོན་མཆོག་ཚུལ་ཁྲིམས། བཞི་པ་དཀོན་མཆོག་སྦྱིན་པ་བཅས་ཀྱི་སྐུ་རིང་དུ་སྔ་འགྱུར་རྙིང་མའི་གྲུབ་མཐའ་བསྐྱངས། ཀཿཐོག་རྡོ་རྗེ་གདན་གྱི་ཆོས་བརྒྱུད་ཡིན། རིག་འཛིན་ཀློང་གསལ་རྡོ་རྗེ་སྙིང་པོ་གནས་འདིར་ཞབས་སོར་བཀོད་ཅིང་གནས་ཡིག་ཀྱང་ལྡེབ་གྲངས་སོ་ལྔ་ཅན་ཞིག་མཛད་མྱོང་ཡང་རིག་གསར་སྐབས་མེད་པར་གྱུར། ཀཿཐོག་དགོན་གྱིས་བྱ་མས་བྱིའུ་གསོ་བ་ལྟར་དཔེ་ཆ་དང་ཆོས་ཆས་ལྷ་སྐུ་རྟེན་གསུམ་མང་དག་གནང་།  སྐུ་ཕྲེང་ལྔ་པ་དཀོན་མཆོག་བསྟན་སྐྱོང་གི་སྐུ་དུས་སུ།འཇང་ཡུལ་དུ་སྐུ་བལྟམས་པའི་འབྲི་གུང་སྤྲུལ་སྐུ་དོན་གྲུབ་ཆོས་ཀྱི་རྒྱལ་པོ་གནས་ཆེན་ༀ་བརྒྱར་ཕེབས།བླ་མ་དཀོན་མཆོག་བསྟན་སྐྱོང་གིས་དགེ་རྒན་དུ་བསྟེན་ནས་མཉམ་དུ་ཡར་ལྷ་ས་འབྲི་གུང་དགོན་པར་ཆིབས་བསྒྱུར་གནང་། བླ་མ་དཀོན་མཆོག་བསྟན་སྐྱོང་གིས་བགྲང་བྱ་གསུམ་ལྷག་གི་རིང་ལ་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་ལ་ཐུགས་འགྲུས་དྲག་པོར་མཛད་པས་ཤིན་ཏུ་མཁས་པར་གྱུར། ཕྱིར་རང་དགོན་དུ་ཕེབས་ནས་འབྲི་གུང་བཀའ་བརྒྱུད་དུ་བསྒྱུར། འབྲི་གུང་དགོན་དུ་ༀ་བརྒྱའི་དགོན་གྱིས་ཁང་ཚན་བཟུང་ནས་དེ་ཕྱིན་ཆད་གྲྭ་སའང་དེར་འགྲོ་བའི་སྲོལ་ཆགས།བླ་མ་དེའི་སྐུ་དུས་སུ་འཆད་ཉན་དང་སྒོམ་སྒྲུབ་ཀྱིས་ལུང་རྟོགས་ཀྱི་བསྟན་པ་སྤེལ། ཟངས་མདོག་དཔལ་རིའི་རྐེའུ་ཚང་དུ་ལོ་དྲུག་དཀའ་བ་སྤྱད་པས་ཕུག་པའི་མིང་ཡང་བླ་མ་དཀོན་མཆོག་བསྟན་སྐྱོང་གི་སྒྲུབ་ཕུག་ཏུ་ཆགས།ཁོང་གི་རང་རྣམ་དང་གནས་ཡིག་སོགས་གསུང་རྩོམ་ལྡེབ་བརྒྱ་ལྷག་ཡོད་ཀྱང་དེང་སང་མིང་ཙམ་དུ་གྱུར། བླ་མ་དེས་གཏེར་མང་པོ་བཏོན་པ་ལས་རྡོ་རྗེ་ཕག་མོའི་མགོ་དང་དུང་དཀར་སོགས་ད་དུང་མཇལ་རྒྱུ་ཡོད།དེའི་སྐུ་དུས་སུ་འབའ་སྡེ་བ་གཞུང་དང་ཡང་འབྲེལ་འདྲིས་ཆེ་སྟེ། བླ་མར་བསྐོ་བཞག་གི་ཡི་གེ་གནང་ཞིང་ཡོན་བདག་ཀྱང་མང་པོ་ཕུལ་བས་དགོན་པ་དར་རྒྱས་བྱུང་བའོ༎

གནས་སྒོ་བརྒྱ་ཡི་ལྡེ་མིག་གནས་མཆོག་ཨོཾ་བརྒྱ་གནས་རི།

     སྐུ་ཕྲེང་དྲུག་པ་དཀོན་མཆོག་བསྟན་རྒྱས་དང་། བདུན་པ་དཀོན་མཆོག་བསྟན་འཛིན་བཅས་ཀྱི་སྐུ་རིང་དུ།སྣང་བཟང་དགོན་དང་མ་འགྲིག་པས། སྣང་བཟང་དགོན་གྱིས་སྔོན་རྗེས་སུ་དམག་ཐེངས་གཉིས་བཏང་ནས།བཀའ་བསྟན་འགྱུར་གཙོས་པའི་གསུང་རབ་གླེགས་བམ་མཆོད་ཆས་དག་དང་ཡོན་བདག་ཕལ་མོ་ཆེར་བཅས་འཕྲོག་བརླགས་ཤོར་བས།དགོན་པ་ཤིན་ཏུ་ཉམས་ཉེས་པར་གྱུར༎ སྐུ་ཕྲེང་བརྒྱད་པ་དཀོན་མཆོག་བརྩོན་འགྲུས། དགུ་པ་དཀོན་མཆོག་ཆོས་འཕེལ།བཅུ་པ་དཀོན་མཆོག་ཤེས་བྱ་བཅས་ཀྱི་སྐུ་རིང་ལ་རིམ་བཞིན་དུ་ཉམས་གསོ་དར་རྒྱས་ཡོང་བའོ༎ བཅུ་གཅིག་པ་བླ་མ་དཀོན་མཆོག་བསྟན་འཛིན་ནི།འབྲི་གུང་དགོན་དུ་གྲྭ་སར་ཞུགས་ནས་བགྲང་བྱ་གསུམ་ཙམ་གསན་བསམ་མཛད། མར་རང་ཡུལ་དུ་བྱོན་པ་ནི་དམངས་གཙོ་བསྒྱུར་བཅོས་དང་འཁེལ།རྗེས་སུ་སྡེ་རོང་རྗོང་ཆབ་སྲིད་གྲོས་མོལ་ཨུ་ཡོན་ལྷན་ཁང་དུ་འགན་བཞེས། མཐར་རབ་བྱུང་བཅུ་དྲུག་པའི་ས་ཕག་ལོར་སྐུ་གཤེགས་པའོ༎

     གཞན་དགོན་པ་འདིར་སྤྲུལ་སྐུ་ཀུན་མཆོག་ཚུལ་ཁྲིམས་ཞེས་པ་སྐུ་རབས་ལྔ་ཟིན་པ་ཞིག་ཡོད་པ་དེ་བཅིངས་འགྲོལ་མ་བཏང་གོང་ནས་འདས།ད་དུང་སྤྲུལ་སྐུ་བྱམས་པ་ཚུལ་ཁྲིམས་ཞེས་པ་སྐུ་རབས་བདུན་དུ་ཟིན་པ་ཞིག་ད་ལྟ་ཞལ་བཞུགས་པ་དེས་རེ་ཞིག་དགེ་ལུགས་པའི་གྲུབ་མཐའ་འཛིན་ནས་སྣང་བཟང་དགོན་དུ་བཞུགས་པ།ཡང་གནས་འདི་ནི་ཉམས་རྟོགས་མ་སྐྱེས་པ་རྣམས་བསྐྱེད་པར་བྱེད། སྐྱེས་པ་ཐམས་ཅད་གོང་ནས་གོང་དུ་འཕེལ་བ་སོགས་ཀྱི་བྱིན་རླབས་ཁྱད་པར་ཅན་ཡིན་པས།ཁོར་ཡུག་ཏུ་རྣལ་འབྱོར་དམ་ཚིག་སྲུང་བ་རྣམས་ཀྱི་སྒྲུབ་ཕུག་དང་རི་ཁྲོད་མང་དག་གདའ། ཁྱད་པར་དུ་དགོན་པའི་གཡོན་སྟོད་ཀྱི་རི་ཁྲོད་དུ་ཨ་མྱེས་སྔགས་ཙ་སྟེ་རིག་འཛིན་པདྨ་ཆོས་ལེགས་ཞེས་པ་མི་ལ་རས་ཅན་གྱི་རྣམ་འཕྲུལ་དུ་གྲགས་པའི་རྣལ་འབྱོར་བ་ཞིག་བྱོན་མྱོང་སྟེ།རྣལ་འབྱོར་དེས་དམ་པའི་ཆོས་ཕྱོགས་ལ་དཀའ་བ་སྤྱད་པའི་རྣམ་ཐར་རང་གནང་མ་ཞིག་དེང་སང་མཇལ་དུ་ཡོད་ལ།ལ་ལར་ངུ་བྲོ་བ། ལ་ལར་དགའ་བྲོ་བ་ཞིག་མི་ལ་རས་པའི་རྣམ་ཐར་ཇི་བཞིན་པ་ཞིག་མཆིས། མི་ལ་རས་ཆུང་གི་སྐྱེ་མཐར་གྲགས་པའི་པདྨ་ཆོས་གྲགས་སོགས་དུ་མ་བསྐྱངས།རྣལ་འབྱོར་པ་ཁོང་ནི་གསོ་རིགས་ཐུན་མོང་པའི་རིག་གནས་ཀུན་ལ་ཡང་མཁས་པ་ཕུལ་དུ་བྱུང་བ། ཁོང་གི་གསོ་རིག་སྐོར་གྱི་གསུང་རྩོམ་ཐོར་བུ་བ་འགའ་ཞིག་ཡུན་ནན་བྱང་སྤྲུལ་ཚུལ་ཁྲིམས་རྒྱ་མཚོས་གསོ་རིག་ཟིན་བཅུད་ཅེས་བསྡུས་ནས་པར་བསྐྲུན་ཡོད་པ་བཅས་སོ།།

གནས་སྒོ་བརྒྱ་ཡི་ལྡེ་མིག་གནས་མཆོག་ཨོཾ་བརྒྱ་གནས་རི།

     དགོན་ཐོག་མར་ཕྱག་བཏབ་ནས་ལོ་བརྒྱ་ལྷག་སོང་བའི་བར་དུ་བཞེངས་པའི་རྟེན་དང་བརྟེན་པའི་དཀར་ཆག་རགས་རིམ་ནི།གུ་རུ་མཚན་བརྒྱད་ཀྱི་ལྷ་ཁང་། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་ལྷ་ཁང་། སློབ་དཔོན་མཚོ་སྐྱེས་རྡོ་རྗེའི་ལྷ་ཁང་།སློབ་དཔོན་གསུང་འབྱོན་མའི་ལྷ་ཁང་། སློབ་དཔོན་མཐོང་བ་རང་གྲོལ་དགུང་ལོ་བཅུ་དྲུག་གི་ཚད་ཀྱི་ལྷ་ཁང་།དཀོན་མཆོག་ཚེ་དབང་གི་གདུང་འབུམ་ཁང་། བླ་མ་དཀོན་མཆོག་བསྟན་སྐྱོང་གི་གདུང་འབུམ་ཁང་། སྤྱི་ཁང་།མགོན་ཁང་། ཇ་ཁང་། གྲྭ་ཤག་སུམ་བཅུ་ལྷག་བཅས། གསེར་སྐུ་སྟོན་པའི་སྐུ་མི་ལུས་མ་གཅིག་ཁྲུ་གང་མ་བཞི།གུ་རུ་སྐུ་ཁྲུ་གང་མ་གཉིས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་ལྷ་ཅམ་མནྜ་ར་བའི་སྐུ་ཁྲུ་གང་མ་རེ་རེ།རྡོ་རྗེ་འཆང་ཆེན་པོ་ཁྲུ་དོ་ཅན་གཅིག་དངུལ་གྱི་བཀའ་གདམས་མཆོད་རྟེན་གཉིས། ཟངས་གསེར་ལས་གྲུབ་པའི་མཆོད་རྟེན་གཉིས་ཚད་གཅིགདངུལ་གྱི་མཆོད་རྟེན་མི་ལུས་མ་གཟི་དང་བྱི་རུས་འཕྲས་མཛེས་པ་གཅིག དངུལ་གྱི་མཆོད་རྟེན་ཁྲུ་དོ་ཅན་བདུན།གེ་སར་གྱི་ཁྲབ་རྨོག་མདའ་གཞུ་སོགས་དང་། རྒྱ་ནག་སྦུག་ཆལ་ཆེ་ཆུང་གཉིས། བྲག་སྦུག་རབ་བརྟན་ཆ་གཉིས།གླིང་བཞི་གླིང་ཕྲན་བརྒྱད་ཀྱི་རི་མོ་མངོན་པར་དོད་པའི་སྦུག་ཆལ་ཆ་གཅིག  སིལ་སྙན་ནམ་མཁའ་འབྲུག་སྒྲ་སོགས་འགས་ཅན་མང་པོ་ཡོད།སྔོན་བླ་མ་ཐུགས་རྗེ་དབང་ཕྱུག་དགོན་ནང་ཕེབས་ཚེ་སྦུག་ཆལ་གྱི་སྒྲ་སྙན་གསན་ནས་གླིང་བཞི་གླིང་ཕྲན་བརྒྱད་ཀྱི་རི་མོ་ཅན་གྱི་སྦུག་ཆལ་དེ་གཟིགས་རྗེས་ཐུགས་ཧ་ལས་ནས་སྦུག་ཆལ་འདི་ནི་དགོན་པ་འབྲིང་ཙམ་གཅིག་གི་རིན་ཙམ་འདུག་ཅེས་གསུངས་པར་གྲགས།གཞན་སྦུག་ཆལ་མཛོ་བརྒྱ་མ་གཉིས་ཡོད་དེ། ཆ་རེར་མཛོ་བརྒྱ་རེའི་རིན་ཡོད་ཟེར། འོན་ཀྱང་ཤིན་ཏུ་ཡིད་ཕམ་པ་ལ་མཆོད་ཆ་སོགས་འགངས་ཅན་དེ་ཀུན་ངོ་རྒོལ་བཞི་དང་རིག་གསར་སྐབས་བརླགས༎

      དེ་ལྟར་སྔོན་བྱུང་མདོ་ཙམ་ཞུས་ནས་ད་ནི་དེང་གི་གནས་ཚུལ་རགས་བསྡུས་བཀོད་ན།བོད་ཁམས་དགོན་སྡེ་ཕལ་མོ་ཆེ་དང་མཚུངས་པར་ངོ་རྒོལ་བཞི་དང་རིག་གསར་སྐབས་སུ་བཤད་སྒྲུབ་ཀུན་སྟོང་ཞིང་།རྟེན་དང་བརྟེན་པ་ཐམས་ཅད་བརླགས་ནས་ལོ་སུམ་ཅུ་ཙམ་སོང་། རབ་བྱུང་བཅུ་དྲུག་པའི་ཆུ་ཁྱི་ལོར་ཡུལ་འདིར་ཡང་ཆོས་ལུགས་སྲིད་ཇུས་ཀྱི་ཉི་འོད་འཕྲོས་པས་མི་དམངས་སྲིད་གཞུང་གིས་སྔོན་རྗེས་སུ་སྒོར་ཁྲི་གཅིག་དང་གཉིས་སྟོང་གནང་བ་དང་།གོ་དགོན་པའི་སྤྲུལ་སྐུ་བཤད་སྒྲུབ་ཆོས་ཀྱི་ཉི་མས་ཐུགས་ཁུར་ཆེན་པོ་མཛད་པར་བརྟེན། བྲག་སྒོ་དགེ་སློང་དཀོན་མཆོག་ཚེ་དབང་གཙོ་འཛིན་པའི་དགེ་འདུན་པ་དང་དད་ལྡན་ཡོན་བདག་བཅས་ཀྱིས་ཧུར་ཐག་གིས་ཉམས་གསོ་བྱས་ཏེ།འདུ་ཁང་མགོན་ཁང་། ཇ་ཁང་། དུང་འཁོར་བཅས་འགྲུབ་པའི་འདུ་ཁང་དུ་མཁན་སློབ་ཆོས་གསུམ་དང་ལྷ་ལྕམ་མནྜ་ར་བ།མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཕག་མོ་གྲུབ་པ། འབྲི་གུང་སྐྱོབ་པ་རིན་པོ་ཆེ་སོགས་ཀྱི་སྐུ་བརྙན་བཞེངས་ཡོད།འབྲི་གུང་པས་དཔེ་ཆ་མང་པོ་གནང་།  དགོན་གྱི་སྔོན་རྗེས་སུ་འབྲི་གུང་མཐིལ་དགོན་པར་གྲྭ་ཚོགས་སྐོར་གཉིས་བཏང་ལ།དེ་ནས་འབྲི་གུང་ལུགས་ཀྱི་དཔེ་ཆ་པོད་ཉི་ཤུ་ལྷག་དང་། གསེར་སྐུ། གྲྭ་པ་ཚོར་ཆོས་གོས་རྣམ་གསུམ་བཅས་གནང་ནས་སྔོན་དུས་བཞིན་ཐུགས་ཁུར་དང་རོགས་སྐྱོར་མཛད།དགོན་པས་ཀྱང་བཀའ་འགྱུར་སོགས་བསླུས་ཡོད།  ཡོན་བདག་དུད་གྲངས་བརྒྱ་དང་དགེ་འདུན་པ་བཞི་བཅུ་ཞེ་ལྔ་བཅས་ཀྱིས་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་སྒྲེང་བཞིན་མཆིས༎གནས་སྒོ་བརྒྱ་ཡི་ལྡེ་མིག་གནས་མཆོག་ཨོཾ་བརྒྱ་གནས་རི།

       དགོན་འདིའི་ལོ་དུས་ཀྱི་སྒྲུབ་མཆོད་ཕལ་ཆེར་སྔར་སྲོལ་རྒྱུན་འཛིན་ཐུབ་ལ།ཟླ་གཉིས་པའི་ཚེས་བཅུ་ནས་ཉི་ཤུའི་བར་བསམ་ལྷུན་བུམ་སྒྲུབ་དང་། བཞི་པའི་ཚེས་དགུ་ནས་ཉེར་ལྔའི་བར་སྨྱུང་གནས་ཆོ་ག  བདུན་པའི་ཚེས་བཅུ་ནས་ཉེར་ལྔ་ཉིན་ལ་ཆོས་ཚོགས་ཅི་རིགས་པ་སྤེལ་བ་བཅས་རེ་ཞིག་དེ་ཙམ་གྱིས་མཇུག་རྫོགས་པར་བྱས།

      རང་རྒྱལ་གྱི་གནའ་རྫས་རྟོག་དཔྱོད་མཁས་ཅན་ཝུན་ཡུན་ཁྲེང་དང་དཀར་མཛེས་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་དཀོན་མཆོག་རྡོ་རྗེ་བཅས་ཀྱིས་སྡེ་རོང་རྫོང་ༀ་བརྒྱ་དགོན་པར་རྟོག་ཞིབ་གནང་སྐབས་བྲག་ཕུག་གི་གཡོན་ངོས་སུ་ཡོན་རྒྱལ་རབས་ཀྱི་མཇུག་དང་མིང་རྒྱལ་རབས་ཀྱི་འགོའི་དུས་སུ་བརྐོས་པའི་སློབ་དཔོན་པད་མ་འབྱུང་གནས་ཀྱི་བརྐོས་རིས་མཐོ་ཚད་ལི་སྨི60དང་ཞེང་ཚད་ལི་སྨི45ཅན་ཞིག་རྙེད་པ་དེས་དགོན་པ་དེ་ཐོག་མར་རྙིང་མ་པ་ཡིན་པའི་བདེན་དཔང་བྱས་ཤིང་།རྗེས་སུ་བཀའ་བརྒྱུད་པ་ལ་བསྒྱུར་བ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1