༄༅།། གྲུབ་ཆེན་ཨུ་རྒྱན་པའི་འཁྲུངས་ཡུལ་དང་གདན་སའི་སྐོར་ལ་ཅུང་ཟད་དཔྱད་པ།

དིང་ཕྲུག་རྣམ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 05-13


 དིང་ཕྲུག་རྣམ་རྒྱལ།
          གྲུབ་ཆེན་ཨུ་རྒྱན་པ་རིན་ཆེན་དཔལ་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་ནང་གསེས་བཀའ་བརྒྱུད་སྟོད་འབྲུག་གི་ཆུ་མགོ་ལྟ་བུའི་མཁས་པ་ཆོས་རྗེ་རྒོད་ཚང་པའི་བརྟུལ་ཞུགས་རང་དང་མཉམ་པའི་སློབ་མ་གཅིག་ཏུ་གྱུར་པ། ཀརྨ་པཀྴིའི་སྐུའི་སྐྱེ་བ་ཕྱི་མའི་འདྲེན་པར་མངགས་ཤིང་བསྟན་པ་གཏད་པའི་སློབ་མ་གཅིག་པུ།  བོད་གངས་ཅན་གྱི་ལྗོངས་འདིར་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ཡ་གྱལ་དུ་གྱུར་པ་ཞིག་ཡིན།  གང་ཉིད་ཀྱིས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་སྤྱི་དང་བྱེ་བྲག་གངས་ཅན་བོད་ཀྱི་ནང་དོན་རིག་པ་དང་།  གསོ་བ་རིག་པ། སྐར་རྩིས་རིག་པ་སོགས་ལ་མཛད་འཕྲིན་བླ་ན་མེད་པ་བསྐྱོངས་གནང་མཛད་ཡོད། ལྷག་པར་དུ་ཁོང་གིས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་སྤེལ་དང་བོད་ལུགས་གསོ་རིག་གི་ཐུན་མིན་ཁྱད་འཕགས་མངོན་པར་གསལ་བའི་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན།  དེ་བཞིན་རྡོ་རྗེ་གསུམ་གྱི་བསྙེན་བསྒྲུབ་ཀྱི་ཆ་ལག་དབྱུག་བཅོས་སོགས་ལ་སྔ་དེང་གི་མཁས་པ་སུས་ཀྱང་འགྲན་དུ་མེད་པའི་ཕྱག་རྗེས་བཞག་གནང་ཡོད།
          དེ་བས་བརྗོད་པར་སྤོབས་པ་ནི་དངུལ་ཆུ་ཞེས་ཐོས་ན་སྐྱི་གཡའ་བ་དང་མཐོང་ན་འཇིག་ཡེར་ཞིང་།  ཁོང་དུ་སོང་ན་འཕྲལ་མར་སྲོག་འཕྲོག་པར་བྱེད་པའི་དུག་གི་རྒྱལ་པོ་དེ་ཉིད་རྒྱ་ཆེ་གཏིང་ཟབ་ཀྱི་གཞུང་ལུགས་དང་།   སྣ་མང་ཕུན་སུམ་ཚོགས་ཤིང་བརྒྱུད་རིམ་ལྡན་པའི་སྲོལ་རྒྱུན་ལག་ལེན་ཆ་ཚང་བྱས་པ་བརྒྱུད་སྨན་དུ་གཏོང་བ་ཙམ་མ་ཟད།    འགྲོ་བའི་ལུས་བརྟས་པར་བྱེད་པའི་བདུད་རྩི་བཅུད་ཀྱི་རྒྱལ་པོ་དར་ཡ་ཀན་ཞེས་ཇི་སྐད་དུ།  བདུད་རྩི་བཅུད་རྒྱལ་ཞེས་བྱ་འདི།། ནད་རྣམས་མ་ལུས་འཇོམས་པ་དང་།།   བཅུད་ཀྱིས་ལེན་གྱི་མཆོག་ཏུ་འགྱུར།།   ཞེས་གསུངས་པ་ལྟར་ཡིན་ཞིང་།  དེ་སྨན་དུ་བསྒྱུར་ཐུབ་པ་ནི་མཁས་གྲུབ་འདི་ཉིད་ཀྱི་བཀའ་དྲིན་ལས་མ་འདས་ཤིང་། དེ་བས་ན་བོད་གངས་ཅན་གྱི་གསོ་རིག་ལོ་རྒྱུས་ཐོག་ཏུའང་། གྲུབ་ཆེན་ཨུ་རྒྱན་དངུལ་ཆུའི་སྦྱོར་བ་དར། ①ཞེས་སྙན་པའི་བ་དན་སྲིད་རྩེར་གཡོ་བར་བྱེད་པས། མཁས་གྲུབ་འདི་ཉིད་ཀྱི་བཀའ་དྲིན་སཱ་ལའི་ལྗོངས་ཀུན་ནོར་བུའི་མཛོད་དུ་གཏམས་ཡང་འཇལ་བའི་མཐའ་དང་བྲལ་བ་ཞིག་ཡིན།
          དེའི་ཕྱིར་སྐབས་འདིར་རང་ཉིད་ཀྱིས་ཁོང་དང་འབྲེལ་ཡོད་ཀྱི་ཆོས་འབྱུང་དང་རྣམ་ཐར་ཁག་ལ་རྒྱབ་བཅོལ་ནས་ཁོང་གི་འཁྲུངས་ཡུལ་དངོས་ལ་རྟོག་ཞིབ་བྱས་པའི་གནས་ཚུལ་འདི་ལྟ་བུ་ཞིག་འབྲི་དགོས་ངེས་སུ་མཐོང་བས་ཅུང་ཞིག་གླེང་བར་བྱ་སྟེ། 
དང་པོ། གྲུབ་ཆེན་ཨུ་རྒྱན་པའི་འཁྲུངས་ཡུལ་གང་ཡིན་སྐོར་གྱི་བགྲོ་གླེང་།
          དེང་གི་དུས་སུ་བོད་ཀྱི་ལོ་རྒྱུས་སྨྲ་བའི་ཁྲོད་དུ་ཁོང་གི་འཁྲུངས་ཡུལ་ཐད་བཞེད་པ་མི་མཐུན་པ་ཅུང་ཟད་མཆིས་པ་སྟེ།  འགའ་ཤས་ཀྱིས་ཁོང་གི་རིགས་རྒྱུད་འབྱུང་ཁུངས་ལ་གཞིགས་ནས་མདོ་སྨད་②ཕྱོགས་སུ་སྐུ་འཁྲུངས་པར་བཞེད་པ་དང་། འགའ་ཞིག་གིས་ཡུལ་སྐྱིད་རོང་བར་སྒ་ཞེས་བྱ་བར་སྐུ་བལྟམས་③ཞེས་བཀོད་པས་བར་སྒ་ཞེས་པ་དེ་ནི་དེང་གི་དུས་སུ་ཡུལ་བྱེ་བྲག་པ་ཞིག་དེང་གི་སྐྱིད་རོང་ཁུལ་དེར་མ་མཆིས་པས་ཅུང་མི་འཚམ་པར་མཐོང་ཞིང་། བར་སྒ་ཞེས་པ་དེང་དུས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཁོངས་ཀྱི་གངས་མཚོ་གཉིས་ཀྱི་བར་དུ་ཡོད་པའི་ས་ཆ་ཞིག་མཆིས་ཤིང་གངས་རིན་པོ་ཆེ་དེའང་པུ་རངས་རྫོང་བར་སྒ་ཤང་ཁོངས་སུ་གཏོགས་པ་ཁོ་བོས་ས་ཁུལ་དངོས་ལ་གངས་མཚོའི་ལོ་རྒྱུས་ལྟར་རྟོག་ཞིབ་ལ་ཕྱིན་པ་ལས་ཤེས་རྟོགས་བྱུང་བས་གྲུབ་ཆེན་པའི་འཁྲུངས་སར་འདོད་མི་ནུས། དེ་བས་འགའ་ཞིག་གིས་ཁོང་གི་མཚན་ལ་གཞིགས་ཏེ་ཨུ་རྒྱན་རིན་པོ་ཆེ་ཞེས་པའི་སློབ་དཔོན་པད་མ་འབྱུང་གནས་ལྟར་འཁྲུངས་ཡུལ་ལ་ལྟོས་ནས་བཏགས་པ་ཞིག་ཏུ་འཁྲུལ་ཏེ།  ཨུ་རྒྱན་རྒྱལ་པོའི་ཡུལ་དུ་འཁྲུངས་པར་བྱུང་རྒྱལ་དུ་གླེང་བ་དང་།   ཐ་ན་འགའ་ཞིག་གིས་གྲུབ་ཆེན་ཞེས་པའི་ཚིག་ཟུར་ལ་ལྟོས་ནས་རྒྱ་གར་དུ་འཁྲུངས་ཤིང་བོད་འདིར་བྱོན་པའི་གྲུབ་ཐོབ་ཞིག་ཡིན་པར་གླེང་བ་སོགས་སྣ་ཚོགས་སུ་བྱེད།   ཕྱི་མ་དེ་དག་ནི་བོད་ཀྱི་ལོ་རྒྱུས་ཆོས་འབྱུང་དང་རྣམ་ཐར། དེ་བཞིན་གསོ་རིག་གི་ཁོག་འབུགས་ཁག་བཅས་ལ་ཆ་ཙམ་ཡང་རྟོག་ཞིབ་མ་བྱུང་བའི་གཏམ་དུ་མཐོང་སྟེ།  གྲུབ་ཆེན་པ་ཁོང་རང་ཉིད་ཀྱི་སློབ་མའི་ནང་ནས་ཡོང་གྲགས་ཀྱི་སྲས་བཞིའི་ཡ་གྱལ་གླང་འཁོར་བ་བསོད་ནམས་འོད་ཟེར་གྱིས་མཛད་པའི་དཔལ་ལྡན་བླ་མ་དམ་པ་གྲུབ་ཆེན་ཨུ་རྒྱན་པའི་རྣམ་པར་ཐར་པ་བྱིན་རླབས་ཀྱི་ཆུ་རྒྱུན་ཞེས་པའི་དཔེ་སྐྲུན་གསལ་བཤད་དུ།   འབྲུག་པ་བཀའ་བརྒྱུད་ཀྱི་བླ་མ་སྙན་གྲགས་ཆེ་བ་འདི་ཉིད་ཡབ་ཇོ་འཕན་དང་ཡུམ་ཕྱུག་མོ་དུག་དགེ་མའི་སྲས་སུ་རབ་བྱུང་བཞི་པའི་ལྕགས་སྟག་(སྤྱི་ལོ་1230)ལོར་ལ་སྟོད་ན་ཟླུམ་དུ་སྐུ་བལྟམས།④ཞེས་འཁོད་ཡོད་པ་དང་།  མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས།   སུམ་སྟོང་སུམ་བརྒྱ་དང་རེ་གཉིས་འདས་པའི་རེ་གསུམ་པ་ལྕགས་ཕོ་སྟག་(སྤྱི་ལོ་1230)ལ་གྲུབ་ཆེན་ཨུ་རྒྱན་རིན་ཆེན་དཔལ་བ་ལྷོ་ནས་ལྷུམས་སུ་ (ལུང་དུ་)བྱོན།⑤  ཞེས་དང་། ཡང་རྒྱལ་གྱི་ཤྲཱིའམ་རྩིབས་རིའི་གནས་བཤད་ལས།   རྗེ་རྒོད་ཚང་པའི་སློབ་མ་བརྟུལ་ཞུགས་རང་དང་མཉམ་པའི་ཨུ་རྒྱན་པ་ནི།   འཁྲུངས་ཡུལ་ནས་ཟླུམ་གདུང་རུས་ཡབ་ཇོ་ཕན་དང་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་ཕྱུག་མོ་དུག་གི་ལ་སྐུ་བལྟམས།  མཚན་སེང་གེ་དཔལ་དུ་གསོལ།⑥ཞེས་སོགས་གསུངས་ནས་འཁྲུངས་ཡུལ་ན་ཟླུམ་ཡིན་ཚུལ་གསལ་པོར་བཀོད་འདུག་པས་དེའི་སྐོར་ལ་ཞིབ་དཔྱད་ཚུལ་དུ་ཅུང་ཞིག་གླེང་བ་ལ།
          གཅིག ཁོང་གི་གདུང་རྒྱུད་ལ་གཞིགས་པའི་འཁྲུངས་ཡུལ་ངོས་འཛིན་གྱི་ནོར་འཕྲང་བསལ་བ།
          བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཁག་གི་ནང་དུ་ཁོང་གི་གདུང་རྒྱུད་མདོ་སྨད་ནས་ལ་སྟོད་ཁུལ་ལ་མཆེད་ཚུལ་བཤད་པ་ལ་གཞིགས་ནས་ཁོང་གི་འཁྲུངས་ཡུལ་མདོ་སྨད་ཡིན་ཞེས་བརྗོད་ན་མི་འགྲིག་སྟེ། ཁོང་གི་གདུང་རྒྱུད་ནི་ལོ་ངོ་ཆིག་སྟོང་སུམ་བརྒྱ་ཙམ་གྱི་གོང་ནས་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་མདོ་སྨད་དབྱར་མོ་ཐང་དུ་རུས་བྱང་ཆུབ་གཞོན་ནུ་བྱ་བ་སློབ་དཔོན་པད་མ་འབྱུང་གནས་ཀྱི་དངོས་སློབ་དང་། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་མཆོད་གནས་སུ་གྱུར་པ་ཞིག་བྱུང་ཞིང་། དེ་ལས་རིམ་པར་བྱུང་བ་ཞིག་ཡིན་པའི་སྐོར་ཁོང་རང་གི་སློབ་མ་བསོད་ནམས་འོད་ཟེར་གྱིས་མཛད་པའི་དཔལ་ལྡན་བླ་མ་དམ་པ་གྲུབ་ཆེན་ཨུ་རྒྱན་པའི་རྣམ་པར་ཐར་པ་བྱིན་རླབས་ཀྱི་ཆུ་རྒྱུན⑦ཞེས་པའི་ནང་གསུངས་འདུག   དེ་ཡང་ཁོ་བོས་སྐབས་འདིར་ཁོང་གི་གདུང་རྒྱུད་དང་དེ་དག་གི་འཁྲུངས་ཡུལ་རྣམས་ལ་ངེས་ཤེས་འདྲོང་ཕྱིར་རི་མོའི་ཚུལ་དུ་གོ་བདེར་བཀོད་ན་གཤམ་ལྟར།                                   བྱང་ཆུབ་གཞོན་ནུ།(མདོ་སྨད) 
          བྱང་ཆུབ་མཆོག (མདོ་སྨད) 
          བྱང་ཆུབ་ཡོན་ཏན།(མདོ་སྨད) 
          1 བྱང་ཆུབ་རྒྱ་མཚོ། 2 ཆོས་ཀྱི་རྒྱ་མཚོ།(འཕྲག་རྩེ) 
          1 བསོད་ནམས་གྲགས་སེ། 2 བྱང་ཆུབ་གྲགས་སེ། 3 ཡོན་ཏན་གྲགས་སེ། (འཕྲགརྩེ) 
          རྒྱུས་ནག་བདེ་གཤེགས།(ཏི་ཏུང) 
          རྒྱ་ཚ་བསོད་ནམས་འཕགས།(ན་ཟླུམ) 
          1ནམ་མཁའ་རྒྱལ་མཚན། 2དབོན་ཇོ་འཕན། (ན་ཟླུམ) 
          1མདོ་སྡེ་དཔལ། 2ནམ་མཁའ་དཔལ། 3དར་མ་དཔལ། 4སེང་གེ་དཔལ། 5དཔལ་མཛེས་རྒྱན།  6ཇོ་ལྕམ་བཟུང་མ། 7རྔོ་རྗེ་འབུམ།
          དེ་ཡང་གྲུབ་ཆེན་པའི་རྣམ་ཐར་བྱིན་རླབས་ཆར་རྒྱུན་ལྟར་ན་དེ་དག་ལས་ཁོང་གི་མེས་པོ་བྱང་ཆུབ་གཞོན་ནུ་ནས་བྱང་ཆུབ་ཡོན་ཏན་བར་མདོ་སྨད་ཕྱོགས་སུ་བྱོན་ཞིང་།   གཞན་མེས་པོ་བྱང་ཆུབ་རྒྱ་མཚོ་དང་ཆོས་ཀྱི་རྒྱ་མཚོ་སྐུ་མཆེད་རྣམ་གཉིས་ནས་སྐབས་དེ་དུས་གཙང་ལ་སྟོད་ངོས་སུ་སྔགས་གསར་ཪྙིང་གི་ཆོས་ལ་མཁས་པའི་དགེ་བའི་བཤེས་གཉེན་ཇི་འདྲ་བཞུགས་མིན་གཟིགས་སུ་བྱོན་པས་བྱང་ཆུབ་རྒྱ་མཚོ་ཉིད་ལ་སྟོད་དིང་རིའི་འཕྲག་རྩེར་གཞིས་ཆགས་པ་སྟེ། དེང་གི་དིང་རི་རྫོང་སྒང་དཀར་གྲོང་བརྡལ་འཕྲག་རྩེ་གྲོང་ཚོ་ཡིན་ཞིང་དེའི་སྲས་བསོད་ནམས་གྲགས་སེ་ཡང་ཡུལ་དེ་རང་དུ་ཆགས་པར་མངོན་ཞིང་། དེའི་སྲས་རྒྱུས་ནག་བདེ་གཤེགས་ནི་ལ་སྟོད་དིང་རིའི་ཏི་ཏུང་དུ་གཞིས་ཆགས་པ་སྟེ།   དེང་གི་དིང་རི་རྫོང་སྒང་དཀར་གྲོང་བརྡལ་ཏི་ཏུང་གྲོང་ཚོ་ཡིན།  དེའི་སྲས་བསོད་ནམས་འཕགས་ནི་ན་ཟླུམ་གནས་ཆུང་དུ་བླ་མཆོད་དུ་བཏེགས་ཤིང་དིང་རི་ཁར་སྒང་གི་ལྕམ་མོ་ཞིག་བཙུན་མོར་བཞེས་ནས་སྲས་བཞི་བྱུང་བ་ལས་གཉིས་སྐུ་ཚེ་ཐུང་བ་དང་གཅིག་ནི་གོང་ལུང་པ་ནམ་མཁའ་རྒྱལ་མཚན་ཡིན་ཞིང་།   གཅིག་ཤོས་གྲུབ་ཆེན་པའི་ཡབ་དབོན་ཇོ་འཕན་ཡིན།    ཁོང་གི་ཡབ་དབོན་ཇོ་འཕན་ལ་བཙུན་མོ་སྨན་འགབ་ངུ་རིངས་ཀྱི་མེན་མོ་ཕྱུག་མོ་དུག་དགེ་ཞེས་བྱ་བ་བླངས་ནས་སྲས་བཞི་དང་ལྕམ་གསུམ་བྱུང་བའི་གྲུབ་ཆེན་པ་ནི་ཆུང་ཤོས་དེ་ཡིན།   ཁོང་གི་ཤ་རུས་གཅིག་པའི་སྐུ་མཆེད་དེ་དག་ཀུན་ན་ཟླུམ་དུ་བྱུང་བར་མངོན། དེའི་ཕྱིར་ཁོང་གི་འཁྲུངས་ས་ནི་གོང་དུ་བསྟན་རྩིས་གསལ་བའི་ཉིན་བྱེད་དང་རྣམ་ཐར་བྱིན་རླབས་ཆར་རྒྱུན་གྱི་ལུང་འདྲེན་བྱས་པ་ལྟར་ལ་སྟོད་ལྷོ་ན་ཟླུམ་ཡིན་པ་གསལ་པོར་རྟོགས་སོ།།
          གཉིས། ཁོང་གི་མཚན་ལ་གཞིགས་པའི་འཁྲུངས་ཡུལ་ངོས་འཛིན་གྱི་ནོར་འཕྲང་བསལ་བ།
          དེ་ཡང་ཁོང་གི་ཆུང་དུས་ཀྱི་མཚན་ལ་གོང་དུ་རྣམ་ཐར་བྱིན་རླབས་ཆར་རྒྱུན་ནས་ལུང་འདྲེན་བྱས་པ་ལྟར་སེང་གེ་དཔལ་ཞེས་ཟེར་ཞིང་།   དགུང་ལོ་ཉི་ཤུ་པ་ལ་བོ་དོང་ཆོས་རྗེ་རིན་ཆེན་རྩེ་མོས་མཁན་པོ་དང་། ཞང་བསམ་གླིང་པས་སློབ་དཔོན། སློབ་དཔོན་བསོད་ནམས་འོད་ཟེར་གྱིས་གསང་སྟོན་མཛད་ནས་རབ་བྱུང་བསྙེན་རྫོགས་ཅིག་ཅར་དུ་བསྒྲུབས། མཚན་རིན་ཆེན་དཔལ་དུ་གསོལ། ཕྱིས་སུ་ཨུ་རྒྱན་པ་དང་། གྲུབ་ཆེན་ཨུ་རྒྱན་པ་སོགས་ཟེར་ཞིང་། ཡོངས་གྲགས་སུ་གྲུབ་ཆེན་ཨུ་རྒྱན་པ་རིན་ཆེན་དཔལ་ཞེས་ཟེར།   དེའི་ཕྱིར་འགའ་ཞིག་ལྟར་བྱུང་རྒྱལ་དུ་ཁོང་གི་མཚན་ཟུར་ཨུ་རྒྱན་ཞེས་པར་གཞིགས་ནས་ཁོང་ཨུ་རྒྱན་རྒྱལ་པོའི་ཡུལ་དུ་འཁྲུངས་པར་བཞག་ན་རྩ་བ་ནས་འདོད་མི་ནུས་ཏེ། དེ་ལྟར་འདོད་ན་བོད་འདིར་ཨུ་རྒྱན་དུ་ཐོགས་པའི་མཁས་པ་ནི་མང་དུ་བྱོན་པར་མཐོང་སྟེ།   ཨུ་རྒྱན་གཏེར་བདག་གླིང་པ་དང་།  ཨུ་རྒྱན་མདོ་སྔགས་གླིང་པ། ཨུ་རྒྱན་པད་མ་གླིང་པ་སོགས་ཀྱང་ཨུ་རྒྱན་རྒྱལ་པོའི་ཡུལ་དུ་འཁྲུངས་པར་འདོད་དགོས་སོ།   །དེ་བཞིན་གྲུབ་ཆེན་ཞེས་པར་གཞིགས་ནས་རྒྱ་གར་གྱི་གྲུབ་ཐོབ་ཞིག་ཏུ་ངོས་འཛིན་བྱས་ན་ཡང་རྩ་བ་ནས་མི་འགྲིག་པ་གོང་གི་གདུང་རྒྱུད་བྱུང་ཚུལ་ལས་ཀྱང་རྟོགས་ནུས་པས་འདིར་མང་དུ་མི་སྤྲོའོ།  །དེ་ལྟར་འོལ་ཚོད་ཀྱིས་གླེང་ན་གཅིག་ནས་ལོ་རྒྱུས་ལ་འཁྱོག་བཤད་བྱས་པ་ཙམ་མ་ཟད་ལོ་རྒྱུས་དངོས་དོན་མཚོན་རྒྱུར་དགེ་མཚན་ཏིལ་འབྲུ་ཙམ་མེད་པ་དང་། གཉིས་ནས་བོད་གངས་ཅན་པའི་རིག་པ་སྨྲ་བ་རྣམས་ཀྱིས་རང་གི་མེས་པོའི་གནས་ཚུལ་མི་ཤེས་པའི་ངོ་གནོང་དགོས་པའི་དོན་དུ་འགྲོ་བ་ཡིན།
          དེའི་ཕྱིར་སྐབས་འདིར་གང་གླེང་བར་འདོད་པ་ནི།  རྟ་ཚག་ཚེ་དབང་རྒྱལ་མཆོག་ནས་སྤྱི་ལོ1446ལོར་མཛད་པའི་《ལྷོ་རོང་ཆོས་འབྱུང་》ལས།   གནས་ཆེན་བགྲོད་པས་དེ་མཚན་དུ་སོང་བའི་ཨུ་རྒྱན་པ།⑧ ཞེས་གསལ་བར་གསུངས་པ་བཞིན་ཁོང་གིས་མང་ཡུལ་སྐྱིད་གྲོང་ལ་ལམ་བྱས་ནས་ཁ་ཆེའི་ཡུལ་དུ་བྱོན་ཞིང་།  ཡུལ་ཉི་ཤུ་རྩ་བཞིའི་ཨུ་རྒྱན་སོགས་དགུ་རུ་བྱོན་ཏེ། གསང་སྔགས་ཀྱི་ཆོས་མང་པོ་གསན་ནས་བོད་དུ་ཕེབས་ཏེ་སྒྲུབ་བརྒྱུད་ཀྱི་བསྟན་པ་སྤེལ་བར་མཛད་པས་མཚན་ལ་ཡང་དེ་ལྟར་ཐོགས་པ་ཡིན།  དེའི་ཕྱིར་ཨུ་རྒྱན་ཞེས་པ་ཨུ་རྒྱན་རིན་པོ་ཆེ་ཞེས་སློབ་དཔོན་པད་མ་འབྱུང་གནས་ལྟར་འཁྲུངས་ཡུལ་ལ་ལྟོས་ནས་བཏགས་པ་ཞིག་ཏུ་འཁྲུལ་ན་ཤིན་ཏུ་མི་འོས་པ་གསལ་པོར་རྟོགས་ནུས་སོ།།
གཉིས་པ། འཁྲུངས་ཡུལ་དངོས་རྣམ་ཐར་བཞིན་འཚོལ་ཞིབ་བྱས་པའི་གནས་ཚུལ་ངོ་སྤྲོད།
          སྤྱི་ལོ་2008ལོའི་ཟླ་བ་2པའི་ཚེས་10ཉིན་རང་ཉིད་ཀྱིས་ལ་སྟོད་དིང་རིའི་ཁུལ་དུ་གྲུབ་ཆེན་ཨུ་རྒྱན་པ་ཉིད་ཀྱི་འཁྲུངས་ཡུལ་རྟོག་ཞིབ་བྱེད་པར་ཕྱིན་པ་ཡིན།   ཁོ་བོས་གྲུབ་ཆེན་པ་ཉིད་ཀྱི་རྣམ་ཐར་ལྟར་ཁོང་གི་ཡང་མེས་བྱང་ཆུབ་རྒྱ་མཚོ་ལ་སྟོད་ལྷོའི་ཕྱོགས་སུ་བྱོན་ནས་འཕྲག་རྩེ་ཏི་ཏུང་⑨དུ་གདན་ཕབ་ཅིང་།  དེའི་གདུང་རྒྱུད་ལས་སྲས་བསོད་ནམས་གྲགས་སེ་བར་ཡུལ་དེར་གཞིས་ཆགས་ཚུལ་བཀོད་པ་ལྟར་བརྟག་པས།  འཕྲག་རྩེ⑩ཞེས་པ་ནི་དེང་སྐབས་ཁ་རྒྱུན་དུའང་འཕྲག་རྩེ་ཞེས་ཟེར་ཀྱང་། གྲོང་ཚོའི་རྒན་གྲས་ཚོའི་ངག་རྒྱུན་དུ། འཕྲག་རྩེ་མ་ཡིན་བྲག་རྩེ་ཡིན། ཞེས་ཡུལ་གྲོང་དེ་ཐོག་མར་ཆགས་སྐབས་ད་ལྟའི་གྲོང་ཚོའི་ཤར་ངོས་སྤང་ཁར་ཡོད་པའི་བྲག་རི་ཆུང་ཆུང་ཞིག་གི་རྩེ་མོར་ཆགས་པའི་དོན་དུ་རྗེས་གྲུབ་ཀྱི་མིང་ཞིག་ཡིན་པའི་ངོས་འཛིན་བྱེད།  དེ་ཡང་ཡུལ་གྲུ་དེ་སྔར་ལ་སྟོད་ལྷོ་པའི་ཁོངས་སུ་གཏོགས་པ་དང་།  དེང་དུས་དིང་རི་རྫོང་སྒང་དཀར་གྲོང་བརྡལ་ཁོངས་ཀྱི་སྲིད་འཛིན་གྲོང་ཚོ་ཆེ་གྲས་ཤིག་ཡིན་ཞིང་། དེ་ནི་རྒྱལ་ལམ་318དིང་རི་དུམ་བུའི་སྒང་དཀར་གྲོང་བརྡལ་ནས་བྱང་ངོས་སུ་སྤྱི་ལེ་1ཙམ་གྱི་སར་གནས་ཡོད།
            ཡང་ཁོང་གི་རྣམ་ཐར་དུ། བསོད་ནམས་གྲགས་སེའི་སྲས་རྒྱུས་ནག་བདེ་གཤེགས་ཀྱིས་ཟངས་དཀར་ལོ་ཙཱ་བ་དང་།  བ་རི་ལོ་ཙཱ་བ་དང་།  ཆག་ལོ་ཙཱ་བ་ལ་མཚན་ཉིད་དང་སྔགས་ཀྱིས་ཆོས་མང་དུ་བསླབས་ཏེ་ཏི་ཏུང་དུ་སྒྲུབ་པ་མཛད་ཅིང་།  ཕྱིས་སུ་ཡོན་བདག་མོན་བློས་གོ་ལུང་དུ་གདན་དྲངས་ནས་ས་ཆ་ཕུལ⑾ཞེས་གསུངས་པའི་ཏི་ཏུང་ཞེས་པ་ནི། སྔར་ལ་སྟོད་ལྷོ་པའི་ཁོངས་སུ་གཏོགས་པ་དང་།  དེང་དུས་དིང་རི་རྫོང་སྒང་དཀར་གྲོང་བརྡལ་གྱི་སྲིད་འཛིན་གྲོང་ཚོ་ཞིག་ཡིན་ཞིང་། དེ་ཡང་རྒྱལ་ལམ་318དིང་རི་དུམ་བུའི་སྒང་དཀར་ནས་བྱང་ངོས་སུ་སྤྱི་ལེ་1ཙམ་དུ་གོང་གི་འཕྲག་རྩེའི་ནུབ་ངོས་སྤྱི་ལེ་0.3ཙམ་དུ་གནས་ཡོད། གོ་ལུང་ནམ་མཁའ་རྒྱལ་མཚན་གྱི་གདན་ས་གོ་ལུང་ཞེས་པ་ནི་དེང་དུས་གཉའ་ལམ་རྫོང་ན་ཟླུམ་ཤང་ནུབ་བྱང་ངོས་སུ་ཡོད་པའི་ས་ཆ་ཞིག་ཡིན། འོན་ཀྱང་དེང་སང་དེར་ཡུལ་གྲོང་ཆགས་ཤུལ་གྱི་གྱང་རོ་ཙམ་ལས་གྲོང་ཚོ་དང་སྒྲུབ་སྡེ་སོགས་གང་ཡང་མ་མཆིས།
          དེ་བཞིན་ཁོང་གི་རྣམ་ཐར་བྱིན་རླབས་ཆར་རྒྱུན་དུ་ཁོང་གི་མེས་པོ་རྒྱུས་ནག་བདེ་གཤེགས་ལ་སྲས་རྒྱ་ཚ་མཆེད་བཞི་འཁྲུངས་པའི་རྒྱ་ཚ་བསོད་ནམས་འཕགས་ནི་ན་ཟླུམ་གནས་ཆུང་དུ་ལྡོ་ཚད་དང་སྟག་ལོ། རོ་ཟམ་གསུམ་གྱིས་བླ་མཆོད་དུ་བཏེགས་ཤིང་དིང་རི་ཁར་སྒང་གི་ལྕམ་མོ་ཞིག་བཙུན་མོར་བཞེས་ནས་སྲས་བཞི་བྱུང་བ་ལས་གཉིས་སྐུ་ཚེ་ཐུང་བ་དང་གཅིག་ནི་གོ་ལུང་པ་ནམ་མཁའ་རྒྱལ་མཚན་ཡིན་ཞིང་། གཅིག་ཤོས་ནི་གྲུབ་ཆེན་པའི་ཡབ་དབོན་ཇོ་འཕན་ཡིན།   དེར་གཞིགས་ནས་གྲུབ་ཆེན་པ་ཡང་ཡུལ་དེ་རང་དུ་འཁྲུངས་ཚུལ་གོང་སྨོས་ལྟར་ལས། ན་ཟླུམ་ཞེས་པ་ནི། སྔར་ལ་སྟོད་ལྷོའི་ཁོངས་སུ་གཏོགས་ཀྱང་།  དེང་སྐབས་སྲིད་འཛིན་ཁྱབ་ཁོངས་ལྟར་ན་གཉའ་ནང་རྫོང་ན་ཟླུམ་ཤང་ཁོངས་ན་ཟླུམ་གྲོང་ཚོ་ཡིན།  དེ་ནི་དིང་རི་སྒང་དཀར་གྱི་ཇོ་མོ་གླང་མའི་རྒྱང་ལྟའི་ས་ཚུགས་ནས་རྒྱལ་ལམ318དིང་རི་དུམ་བུ་བརྒྱུད་སྤྱི་ལེ་3ལྷག་ཙམ་ཕྱིན་རྗེས་གཞུང་ལམ་གྱི་གཡོན་ངོས་སུ་ན་གཤོང་ཤིན་ཏུ་སྐྱིད་པོ་ཞིག་གི་མཐར་ཆགས་པའི་གྲོང་ཚོ་ཞིག་མཇལ་ཐུབ་པ་དེ་ཡིན་ཞིང་།   གྲོང་ཚོ་དེའི་གོང་དུ་རྒྱ་གར་གྱི་གྲུབ་ཆེན་བིརྺ་བའི་ཕྱག་མཛུབ་ཉི་མ་འཛིན་ནས་གྲུབ་རྟགས་བསྟན་པའི་ལྡེབས་རིས་རྟེན་གཙོར་བྱས་པའི་ན་ཟླུམ་དགོན་པ་མཇལ་རྒྱུ་ཡོད། གྲོང་ཚོ་དེ་ནི་སྐབས་འདིར་གང་གླེང་བར་བྱ་བའི་གྲུབ་ཆེན་ཨུ་རྒྱན་པའི་འཁྲུངས་ཡུལ་དངོས་གང་དེ་ཡིན་པས།  ཡུལ་དེར་ད་ཞུགས་ཀྱི་རྒན་རྒོན་ཚང་མར་ན་ཟླུམ་དགོན་པའི་སྐོར་གནས་ཚུལ་ལོ་རྒྱུས་རྒྱུས་ལོན་དང་ཁུལ་དེར་མཁས་པ་གང་ཞིག་བྱོན་མྱོང་ཚུལ་རྣམས་བཀའ་འདྲི་ཞུ་སྐབས་ཤེས་རྟོགས་བྱུང་བར།   ན་ཟླུམ་དགོན་པ་དེར་སྔར་གྱི་དུས་སུ་རྒྱ་གར་གྱི་གྲུབ་ཆེན་བིརྺ་བ་ཉིད་ཕྱག་ཕེབས་པ་དང་།  ཁོང་གི་རྒྱུན་དུ་ཁྲིད་འགྲོ་བའི་རྣ་བ་ཞིག་ཡོད་པ་དེ་བཏགས་སའི་རྡོའི་ཨ་ཤིང་གཅིག་“རིག་གསར་ལས་འགུལ་”སྔོན་དུ་མཇལ་རྒྱུ་ཡོད་པར་གྲགས། དེ་བཞིན་ཁོང་གིས་ཕྱག་མཛུབ་ཉི་མ་འཛིན་ནས་གྲུབ་རྟགས་བསྟན་པའི་སྐོར་རྣམས་རྒན་རྒོན་མང་ཆེ་བའི་ངག་སྒྲོས་སུ་གནའ་སྒྲུང་ལྟར་དུ་བརྗོད་བཞིན་མཆིས་ལ་“རིག་གསར་ལས་འགུལ་”སྔོན་གྱི་ཕྱག་མཛུབ་ཉི་མ་འཛིན་པའི་ལྡེབས་རིས་དེའི་པར་རིས་ཞིག་ཀྱང་ཁོ་བོར་ལག་སོན་བྱུང་། དེའི་སྐོར་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུའི་《རྣམ་ཐར་དད་པའི་རོལ་མཚོ་》ལས།   འགྲོ་མགོན་ཆོས་རྒྱལ་འཕགས་པའི་གཙུག་ལག་དགེ་སྟིང་བཞིའི་ཡ་གྱལ་ན་ཟླུམ་དགེ་སྟིང་དུ་སྔོན་བོ་དོང་འཇིགས་བྲལ་ལ་བིར་ཝ་པས་ལམ་འབྲས་མངོན་སུམ་དུ་གསུང་ནས་ཐིམ་པར་གྲགས་པ་བིར་ཝ་པའི་ལོགས་རིས་བྱིན་རླབས་ཤིན་ཏུ་ཆེ་བ་དེ་ལ་ཡང་མཆོད་པའི་བྱེ་བྲག་ཅི་འབྱོར་བ་ཕུལ།⑿ཞེས་གསུངས་འདུག་པར་གཞིགས་ན་ན་ཟླུམ་དགོན་པ་དེ་ནི་ས་སྐྱའི་དུས་སྐབས་སུ་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཕྱག་བཏབ་པའི་དགོན་པ་ཪྙིང་གྲས་ཤིག་མིན་ནམ་སྙམ་པ་ལས་གཞན་ཆོས་འབྱུང་ལོ་རྒྱུས་ཀྱི་དེབ་ཐེར་ཁག་ཏུ་བཀོད་པ་ད་བར་ཁོ་བོར་ལག་སོན་མ་བྱུང་བས་སླད་མུ་མཐུད་ཞིབ་འཇུག་དང་དཔྱད་པ་བྱ་དགོས་པར་སྙམ།
གསུམ་པ། གྲུབ་ཆེན་པའི་འཁྲུངས་ཡུལ་ན་ཟླུམ་དུ་ངེས་ཚུལ།
          དེ་ལྟར་གོང་གསལ་ཁོང་གི་མེས་པོ་གོང་མ་རྣམས་དང་འབྲེལ་བའི་ལོ་རྒྱུས་ས་ཡུལ་ཁག་ནས་འཁྲུངས་ཡུལ་ན་ཟླུམ་ཡིན་པ་ཤེས་རྟོགས་ཐུབ་པ་ཙམ་མ་ཟད།  དེ་བས་དོ་ཁུར་བྱེད་དགོས་པ་ཞིག་ནི།  ན་ཟླུམ་དགོན་པའི་གཞོགས་ལྷོ་ངོས་སུ་ཡོད་པའི་རི་དེའུ་དེ་ལ་ན་ཟླུམ་རི་སྐྱ་དཀར་མོ་ཟེར་ཞིང་དེ་ནི་ནས་ཕུང་སྤུངས་པ་དང་འདྲ་བར་བརྗོད། དེའི་ལྷོ་ངོས་ཀྱི་ཕུ་ཆུ་རྒྱུགས་པའི་ཤུལ་གྲོག་ཤུར་ཡོལ་མཚམས་སུ་རྡོ་བཤགས་མང་དུ་ཡོད་པའི་ས་སྒང་དེར་བཤགས་རིང་ཟེར་ཞིང་།  དེ་ནི་གྲུབ་ཆེན་པའི་རྣམ་ཐར་དུའང་། བྱིས་པའི་དུས་ན། ན་ཟླུམ་བཤགས་རིངས་ཞེས་བྱ་བ་ས་སྒང་ཞིག་ན།   གཅིག་པུར་གཟིམ་བཞུགས་པའི་དུས་ན། ཐུགས་ཀྱི་འཆར་སྒོ་ལ། འཁོར་བ་འདི་ལ་སྙིང་པོ་མི་འདུག་པས་འཆི་ཆོས་ཤིག་བྱ།  དེའི་དུས་སུ་ཐོས་པ་བྱ་དེ་སྒོམ།   སྒོམ་པའི་ཚེ་ད་ལྟ་ཡི་རིག་པ་འདི་ལས་གཞན་པའི་བསྒོམ་ཞིག་ཡོང་ངམ་མི་འོང་ངམ།  ཡོང་ནི་མི་ཐང་པར་འདུག   དེ་ཙ་ན་ད་ལྟའི་སེམས་དང་ཁྱད་ཅི་འདུག་བལྟ་དགོས་སྙམ་པ་བྱུང་།⒀ཞེས་གསལ་པོར་བསྟན་པ་ཇི་བཞིན་དེང་སྐབས་ཀྱང་ན་ཟླུམ་བཤགས་རིང་ཞེས་པའི་གྲོག་ཤུར་དེ་དངོས་སུ་མཇལ་དུ་མཆིས། དེའི་ཕྱིར་ཁོང་གི་འཁྲུངས་ཡུལ་ནི་ལ་སྟོད་ལྷོ་ན་ཟླུམ་ཡིན་པ་ལུང་རིགས་གང་ཐད་ནས་སྒྲུབ་ནུས་པར་འདོད་དོ།  །དེ་ལྟར་ལགས་ཀྱང་ཡིད་ཟབ་དགོས་པ་ཞིག་ནི་ལ་སྟོད་དིང་རི་ཁུལ་དེར་ཡོངས་གྲགས་སུ་ཤར་རྒྱུད་ནས་ལུང་དང་གདགས་གཅོད་ནས་ལུང་ཞེས་མིང་གཅིག་པའི་ལུང་ཚན་གཉིས་ཡོད་པ་ལས་སྐབས་འདིར་གང་གླེང་བ་ནི་གདགས་གཅོད་ནས་ལུང་ངམ་ན་ཟླུམ་ཡིན་དགོས་སོ།།
བཞི་པ། འཁྲུངས་ཡུལ་ན་ཟླུམ་ཞེས་པའི་ཡི་གེ་འགོད་སྟངས་ཐད་ཀྱི་དཔྱད་གླེང་ཐོར་བུ།
          གྲུབ་ཆེན་པ་ཉིད་ཀྱི་འཁྲུངས་ཡུལ་ན་ཟླུམ་ཞེས་པའི་ཡི་གེ་འབྲི་སྲོལ་ཐད་ཁག་གསུམ་ཙམ་མཆིས་ཏེ། དང་པོ་ནི། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་དུ།  ནས་ལྷུམས་སུ་(ལུང་དུ་)བྱོན།  ཞེས་དང་། གཉིས་པ་ནི། ལ་སྟོད་ལྷོ་ཕ་དྲུག་ན་རྫིང་དགེ་མིང་ཐུབ་བསྟན་ཤེས་རབ་ཀྱིས་མཛད་པའི་རྒྱལ་གྱི་ཤྲཱིའམ་རྩིབས་རིའི་གནས་བཤད་དད་གསུམ་འདྲེན་པའི་ཞིང་སའི་ནང་དུ། ནས་ཟླུམ་ཞེས་བཀོད་འདུག  གསུམ་པ་ནི། ཁོང་རང་གི་སློབ་མ་བསོད་ནམས་འོད་ཟེར་གྱིས་མཛད་པའི་དཔལ་ལྡན་བླ་མ་དམ་པ་གྲུབ་ཆེན་ཨུ་རྒྱན་པའི་རྣམ་པར་ཐར་པ་བྱིན་རླབས་ཀྱི་ཆུ་རྒྱུན་གྱི་ནང་དུ།  ནས་ཟླུམ་གནས་ཆུང་དུ་གདན་དྲངས།  གཞིས་ཕུལ་ནས་བླ་མཆོད་དུ་བཏེག་གོ   །ཞེས་ཡུལ་མིང་དུ་ནས་ཟླུམ་ཞེས་གསུངས་འདུག་ཀྱང་།  རྣམ་ཐར་འདི་ཉིད་ཀྱི་དཔེ་སྒྲིག་པས་དཔེ་སྐྲུན་གསལ་བཤད་ནང་དུ།  ནས་ཟླུམ་ཞེས་པ་ན་ཟླུམ་དུ་བཟོ་བཅོས་གནང་འདུག་པར་རྒྱུ་མཚན་གང་ཡིན་ཆ་མི་འཚལ།   འོན་ཀྱང་ཁོ་བོས་བསམས་ན་དེ་དག་ལས་དང་པོའི་ནས་ལྷུམས་ཞེས་པ་དང་སྒྲིག་པ་པོས་གུག་རྟགས་ནང་དུ་བཟོ་བཅོས་གནང་བའི་ནས་ལུང་ཞེས་པ་ནི་དེང་སྐབས་ཁུལ་དེའི་མང་ཚོགས་ཀྱི་ཁྲོད་དུ་ཚང་མས་འབོད་པའི་བརྡ་ཞིག་ཏུ་གོ་བས་མ་འགྲིག་པའི་རྒྱུ་མཚན་འཚོལ་དཀའ་བར་མཐོང་སྟེ།  རྗེས་གྲུབ་ཀྱི་མིང་ཞིག་ཡིན་པར་གཞིགས་ནས་འགྲེལ་ན།  ནས་ཀྱིས་ལྷུམས་(ལྷུམས་ཞེས་ཁུལ་དེའི་ཡུལ་སྐད་ལྟར་ན་བྱུར་བུར་ཁེངས་པའི་དོན)པའམ་ནས་ཀྱི་ལུང་པ་ཞེས་འགྲེལ་རུང་བས།    ཁུལ་དེའི་ཤོ་བཤད་དུ། ཤར་སྟོར་སྟོད་དང་གདགས་གཅོད་སྨད།། ཏི་ཏུང་ནས་ཀྱི་བང་མཛོད་ཡིན།། ཞེས་བརྗོད་སྲོལ་མཆིས་པས་ཁུལ་དེ་ནི་གདགས་གཅོད་ཀྱི་ཁོངས་སུ་གཏོགས་པས་ནས་ཀྱིས་ལྷུམས་པའམ་ནས་ཀྱི་ལུང་པར་འབོད་པ་ཡིན་ཟེར་ན་ཆོག་པར་སྙམ།   གཉིས་པ་དང་གསུམ་པའི་ནང་གི་ནས་ཟླུམ་ཞེས་པར་རྗེས་གྲུབ་བཏགས་མིང་ཡིན་པའི་གོ་རྒྱུ་གང་ཡང་མ་མཆིས་པས་ཅུང་ཟད་མི་འཚམ་པར་མཐོང་།          ཡང་ཁོང་གི་རྣམ་ཐར་སྒྲིག་པ་པོས་བཅོས་གནང་མཛད་པའི་ན་ཟླུམ་ཞེས་པ་ཅུང་ཟད་དོན་དངོས་དང་འཚམ་པར་མངོན་ཏེ། རང་ཉིད་ཀྱིས་ཁུལ་དེར2009ལོའི་ཟླ་བ་གཉིས་པའི་ནང་སླར་ཡང་རྟོག་ཞིབ་ལ་འགྲོ་སྐབས་རྒན་པོ་ཞིག་གི་ངག་ལས། ཡུལ་འདིར་ཁ་སྐད་དུ་ནས་ལུང་ཞེས་གྲགས་ཀྱང་། ནས་ལུང་མ་ཟེར་ན་ཟླུམ་ཟེར།། ཞེས་པའི་བཤད་སྲོལ་ཡོད་ཚུལ་གསུངས་བྱུང་།  དེར་གཞིགས་ན་ན་ཟླུམ་ཞེས་གྲོང་ཚོ་དེ་ན་མ་ཟླུམ་པོའི་དབུས་སུ་ཆུ་མིག་རྡོལ་ཞིང་དེའི་མཐར་ཆགས་པ་ལ་བལྟོས་ནས་ན་ཟླུམ་ཞེས་རྗེས་གྲུབ་བཏགས་མིང་ཞིག་ཡིན་པར་བརྗོད་ན་དོན་དངོས་དང་མཚུངས་ཆེ་བར་སེམས་ཏེ།  གང་ལགས་ཤེ་ན། ཁོ་བོས་ཁུལ་དེར་དངོས་སུ་རྟོག་ཞིབ་ལ་འགྲོ་སྐབས། ཡུལ་དེའི་ཁོ་ར་འཁོར་ཡུག་ཀུན་ཏུ་རྩ་འཇག་མ་དང་ཡོ་འབོག་ཐར་ཐོར་ཙམ་ལས།  ཤིང་རིགས་དང་ནེའུ་གསིང་སོགས་གང་ཡང་མེད་པའི་ས་ཆ་སྐྱ་ཐེར་ཡིན་པ་ལ་ན་ཟླུམ་གྲོང་ཚོ་དང་ན་ཟླུམ་དགོན་པའི་བར་དུ་ན་གཤོང་ཟླུམ་པོ་རྒྱ་ཆེ་ཙམ་ཞིག་ཡོད་པ་མ་ཟད།  དེའི་དབུས་ནས་ལུ་མ་ཆུ་མགོ་བཅུ་གྲངས་ཤིག་ཐོན་བཞིན་མཆིས།  ཤོད་རྒྱུན་ལ་ན་ཟླུམ་ལུང་པ་དེར་ཕ་དམ་པ་སངས་རྒྱས་སོགས་མཁས་ཤིང་གྲུབ་པ་ཐོབ་པའི་སྐྱེ་བོ་མང་དུ་བྱོན་པ་ལས་གནས་དེ་ཁྱད་དུ་འཕགས་པ་ཞིག་ཏུ་ངོས་འཛིན་བྱེད་པ་དང་།  དེར་ཡོད་པའི་ལུ་མ་དེ་དག་དབྱར་དགུན་སྟོན་དཔྱིད་ཀུན་ལ་འགྱུར་བ་མེད་པར་ཐོན་ཚད་དེ་རང་དུ་རང་འཇགས་སྡོད་ཀྱི་ཡོད་པའི་ངོས་འཛིན་བྱེད་ལ།  ན་གཤོང་དེར་དགུན་དུས་ཟླ་བ་གསུམ་རིང་ཟླ་བ་རེར་མེ་ཏོག་སྣ་ཁ་མི་འདྲ་བ་རེ་རེ་བཞད་བཞིན་ཡོད་པ་དང་།  མེ་ཏོག་དེ་དག་ནི་དགུན་ཁ་དགུ་འགྲིམས་པའི་དུས་སུའང་མི་སྐམ་པར་གནས་ཐུབ་པ་ཡིན་ཟེར་བ་ཙམ་མ་ཟད།   དེང་གི་ཆར་ཡང་དངོས་སུ་འཇལ་རྒྱུ་ཡོད་པར་བརྗོད་ཅིང་། དིང་རི་དང་ཟུར་ཚོ་ཁུལ་དེར་གྲགས་ཆེ་བའི་ན་ཟླུམ་གཞས་ཆེན་གྱི་གཞས་ཚིག་ཏུའང་། དབྱར་ཁ་མེ་ཏོག་སྐྱེ་ས།། མི་ཅི་ཀུན་གྱི་ལུང་པ།། དགུན་ཁ་མེ་ཏོག་འཁྲུངས་ས།  །དགའ་བའི་བཀྲ་ཤིས་ན་ཟླུམ།། ཞེས་གཏོང་སྲོལ་འདུག དེ་བས་བོད་འདིར་ཆོལ་ཁ་གསུམ་གྱི་ཡུལ་གྲུ་ཀུན་ཏུ་ཡུལ་ལུང་སོ་སོ་དང་རི་ཆུ་ཀུན་ལ་མིང་མི་འདྲ་བ་རེ་ཡོད་པ་དང་། མིང་དེ་དག་མང་ཆེ་བ་གཏམ་རྒྱུད་དང་མི་སྣ།   ཡུལ་ལྷ་སོགས་ལ་གཞིགས་ནས་བཏགས་པའི་རྗེས་གྲུབ་བཏགས་མིང་ཤས་ཆེ་བས་ཁོང་གི་འཁྲུངས་ཡུལ་ན་ཟླུམ་དེའང་རྗེས་གྲུབ་ཀྱི་མིང་ཡིན་པའི་དབང་གིས་དེ་ལྟར་འབྲི་བར་འདོད་དོ།།
ལྔ་པ། ཁོང་གི་གདན་ས་གཙོ་བོ་གནས་ཆེན་སྦུ་ཏྲའི་གནས་ཡུལ་ངོས་འཛིན་དང་ཡི་གེ་འགོད་ཐབས་སྐོར་ལ་དཔྱད་པ།
          དེ་ཡང་སྐབས་འདིར་ཁོང་གི་འཁྲུངས་ཡུལ་ལ་བརྗོད་པའི་ཞར་དུ་ཁོང་གི་གདན་ས་གཙོ་བོ་གནས་ཆེན་སྦུ་ཏྲའི་གནས་ཡུལ་ངོས་འཛིན་དང་མིང་གི་བརྡ་ཆད་སྐོར་འབྲི་ལུགས་མང་དུ་མཆིས་པ་སོགས་ཅུང་ཟད་བགྲོ་གླེང་བྱ་རྒྱུ་ཤིན་ཏུ་གལ་ཆེ་བར་སྙམ་སྟེ།
          གཅིག གདན་ས་སྦུ་ཏྲའི་གནས་ཡུལ་ངོས་འཛིན།
          གདན་ས་སྦུ་ཏྲ་ནི་དེང་སྐབས་ཀྱི་གཉའ་ནང་རྫོང་ན་ཟླུམ་ཤང་ཁོངས་གཏོགས་ཀྱི་འདྲེ་ལྷས་གྲོང་ཚོའི་གཞོགས་བྱང་ཤར་ངོས་ཀྱི་སྦུ་ཏྲའི་རི་སྡེབས་སུ་གངས་ཏི་སིའི་རི་རྒྱུད་རི་བོ་ཇོ་མོ་གླང་མ་དང་ལ་ཕྱི་གངས་ར་སོགས་ལ་ཞལ་ཕྱོགས་ནས་ཆགས་ཡོད།    དེ་ཡང་ལ་སྟོད་རྩིབས་རིའི་ཕྱོགས་ནུབ་ཏུ་དབང་གི་གླིང་གསུམ་ཡོད་པར་གྲགས་པ་ལས། ཕྱོགས་ནུབ་ཏུ་དབང་གི་གླིང་གསུམ་སྟེ།། གནས་ལ་ཕྱི་ཆུ་དབར་གྲུབ་པའི་གནས།།  གནས་དཔལ་མོ་ཆོས་སྟིངས་མཁས་པའི་གནས།།  གནས་སྦུ་ཏྲ་མཁས་གྲུབ་འདུ་བའི་གནས་སོ།། ཞེས་ཟེར་བ་སྟེ། སྤྱི་ལོའི་དུས་རབས་བཅུ་གསུམ་པའི་གཡས་གཡོན་དུ་གནས་སྦུ་ཏྲ་དེ་མཁས་གྲུབ་མང་དུ་བསྡུ་བའི་གནས་ཁྱད་པར་ཅན་ཞིག་ཡིན་པར་གླེང་།   དེའི་ཕྱིར་རང་ཉིད་ཀྱིས་སྤྱི་ལོ2009ལོའི་ཟླ་བ་2པར་མ་སྐུལ་དང་བླང་གི་སྒོ་ནས་གྲུབ་ཆེན་ཨུ་རྒྱན་པ་ཉིད་ཀྱི་སྒྲུབ་གནས་གཙོ་བོ་གནས་ཆེན་སྦུ་ཏྲར་རྟོག་ཞིབ་ལ་ཕྱིན་པའི་གནས་ཚུལ་ཅུང་ཟད་ཞུ་བར་སྤྲོ་སྟེ། དེ་ཡང་ཁུལ་དེར་ཡོངས་གྲགས་སུ་སྟོད་ཀྱི་སྦུ་ཏྲ་སྤུན་བདུན་དང་སྨད་ཀྱི་འབྲས་ལྗོངས⒁སྤུན་བདུན་(དེང་ས་སྐྱ་རྫོང་གི་ས་ཁོངས་སུ་མཆིས་སྐད།  དེ་ཡང་འབྲས་ལྗོངས་སྤུན་བདུན་ཞེས་པར་ཁ་སྐད་དུ་འབྲས་ལྗང་ཞེས་ཟེར་ཀྱང་འབྲི་སྲོལ་འདི་ནི།  སི་ཏུ་ཆོས་ཀྱི་རྒྱ་མཚོས་བརྩམས་པའི་ཀཿཐོག་སི་ཏུའི་དབུས་གཙང་གནས་ཡིག་ཏུ་འབྲས་ལྗོངས་ཞེས་བཀོད་འདུག)ཞེས་གནས་རི་རྩ་ཆེན་ཞིག་ཏུ་བརྩི་སྲོལ་གྱིས་ཁུལ་དེའི་དད་ལྡན་མང་ཚོགས་རྣམས་ལོ་ལྟར་དགུན་དུས་སོས་དལ་གྱི་སྐབས་སུ་གནས་རི་དེར་རི་སྐོར་དུ་འགྲོ་བའི་སྲོལ་ཡང་འདུག སྦུ་ཏྲ་སྤུན་བདུན་ཟེར་བ་ནི། ཡབ་བྱེ་རི་དཀར་པོ་ཞེས་བྱེ་མའི་རི་དཀར་པོ་ཞིག་དང་།  ཡུམ་ཁྱུང་སྔོན་སྨུག་པོ་ཞེས་རྫ་རི་སྨུག་པོ་ཞིག་ཡོད་ཅིང་།  དེ་གཉིས་ཀྱི་གཤམ་དུ་སྲས་སྦུ་ཏྲ་སྤུན་བདུན་ཞེས་གནས་རི་བདུན་མཆིས་སོ།།   དེ་ཡང་སྦུ་ཏྲ་སྤུན་བདུན་ནི་བུ་ཡིན་ཞིང་འབྲས་ལྗོངས་སྤུན་བདུན་ནི་བུ་མོ་ཡིན་པར་བརྗོད་ཅིང་།  ངག་རྒྱུན་དུ་སྔར་གྱི་དུས་སུ་སྲས་སྦུ་ཏྲ་སྤུན་བདུན་ལ་ཡུལ་སྨད་ནས་བག་མ་འབྲས་ལྗོངས་སྤུན་བདུན་ལེན་པར་བརྩམ་སྐབས་སྲས་བདུན་དེ་བག་མ་ཇི་འདྲ་ཡོད་མེད་གཟིགས་པའི་ཚུལ་གྱིས་བཞུགས་པ་དང་།  སྲས་མོ་བདུན་དེ་དག་ངོ་ཚ་བའི་ཚུལ་གྱིས་གནས་པ་ཡིན་ཏེ།  དེང་སྦུ་ཏྲ་སྤུན་བདུན་གྱི་རི་དེ་དག་ཞལ་ཤར་ལ་སྐེ་བསྙངས་ཏེ་སྨད་ཀྱིས་འབྲས་ལྗོངས་སྤུན་བདུན་ལ་གཟིགས་པའི་ཚུལ་དུ་ཡོད་པ་དང་འབྲས་ལྗོངས་སྤུན་བདུན་དེ་ཡང་སྤུ་ཏྲ་སྤུན་བདུན་ལ་ཞལ་སྐྱེངས་པའི་ཚུལ་གྱིས་ཞལ་ཤར་དུ་ཕྱོགས་ཏེ་གནས་པར་བཤད།  སྦུ་ཏྲའི་རི་སྤུན་བདུན་དེའི་དབུས་སུ་མཚོ་གཉིས་ཡོད་པ་ལ་མཚོ་དཀར་དང་མཚོ་ནག་ཟེར་བ་སྟེ། དམངས་ཁྲོད་གཞས་ཚིག་ཏུ། གནས་ཆེན་སྦུ་ཏྲའི་རི་ལ། །ནོར་བུ་མི་འདུག་མ་གསུངས།། སྦུ་ཏྲའི་མཚོ་དཀར་མཚོ་ནག །ནོར་བུ་མིན་ན་གང་ཡིན། །ཞེས་པའི་ཤོད་སྲོལ་ཡང་འདུག་ལ་ཟུར་མཚོ་ཁུལ་གྱི་མི་དམངས་རྣམས་སྒྲུབ་གནས་དེར་རི་སྐོར་དང་མཚོ་སྐོར་དུ་འགྲོ་བའི་སྲོལ་དེང་གི་དུས་སུ་ཡང་མཆིས།
          གཉིས། སྦུ་ཏྲ་ཞེས་པའི་ཡི་གེ་འགོད་ལུགས་སྐོར།
          ད་བར་ཁོ་བོས་མཇལ་བའི་བོད་ཀྱི་ལོ་རྒྱུས་ཆོས་འབྱུང་དང་རྣམ་ཐར་ཁོག་དབུབས་ཁག་ཏུ་རྗེ་གྲུབ་ཆེན་པ་ཉིད་ཀྱི་གདན་ས་གཙོ་བོ་སྦུ་ཏྲ་དཔལ་གྱི་བདེ་ཆེན་གླིང་གི་སྦུ་ཏྲ་ཞེས་པའི་ཡི་གེ་དེར་འབྲི་སྲོལ་མི་འདྲ་བ་ཁག་དགུ་ཙམ་སྣང་སྟེ།  གྲུབ་ཆེན་པ་ཉིད་ཀྱི་སློབ་མ་བསོད་ནམས་འོད་ཟེར་གྱིས་མཛད་པའི་《དཔལ་ལྡན་བླ་མ་དམ་པ་གྲུབ་ཆེན་ཨུ་རྒྱན་པའི་རྣམ་པར་ཐར་པ་བྱིན་རླབས་ཀྱི་ཆུ་རྒྱུན་》⒂ཞེས་པའི་ནང་། དཔལ་ལྡན་སྦུད་སྐྲ་ཞེས་དང་། ཚལ་པ་ཀུན་དགའ་རྡོ་རྗེས་མཛད་པའི་《དེབ་ཐེར་དམར་པོ་》16དང་།  དཀོན་མཆོག་རིན་ཆེན་གྱིས་བརྩམས་པའི་《བོད་ཀྱི་གསོ་རིག་ཆོས་འབྱུང་བེེཌཱུརྱའི་འཕྲེང་བ་》17ཞེས་པའི་ནང་སྦུད་ཀྲ་ཞེས་གསུངས།    ཡང་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་《བསྟན་རྩིས་གསལ་བའི་ཉིན་བྱེད་》ཀྱི་ནང་དུ་ཆོས་རྗེ་རྒོད་ཚང་པའི་རང་དང་མཉམ་པའི་ཉེ་བའི་སྲས་ཆེན་བརྒྱད་བརྗོད་སྐབས། སྒྲུབ་ཚུགས་རང་དང་མཉམ་པ་པུ་ཏྲི་རི་ཁྲོད་གླིང་པ།18ཞེས་འཁོད་པ།  དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ།19 སྦུ་བཀྲ་ཞེས་བྲིས་འདུག འགོས་ལོ་གཞོན་ནུ་དཔལ་གྱི་《དེབ་ཐེར་སྔོན་པོ་》20དང་། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་《གསོ་བ་རིག་པའི་ཆོས་འབྱུང་རྣམ་ཐར་རྒྱ་མཚོའི་རྦ་རླབས་དྲང་སྲོང་དགྱེས་པའི་འཛུམ་ཕྲེང་།》《སྡེ་སྲིད་རིན་པོ་ཆེའི་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན།》22དེ་བཞིན་ཀརྨ་ངེས་ལེགས་བསྟན་འཛིན་གྱིས་མཛད་པའི་《ཕན་བདེ་ནོར་བུའི་བང་མཛོད་》23བཅས་ཀྱི་ནང་དུ་སྦུད་ཏྲ་ཞེས་འཁོད་འདུག   རྟ་ཚག་ཚེ་དབང་རྒྱལ་གྱིས་མཛད་པའི་《ལྷོ་རོང་ཆོས་འབྱུང་》24དུ་སྦུ་ཏྲ་ཞེས་བྲིས། དཔལ་རིག་འཛིན་ཆེན་པོ་རྡོ་རྗེ་ཚེ་དབང་ནོར་བུའི་ཞབས་ཀྱི་《རྣམ་པར་ཐར་པའི་ཆ་ཤས་བརྗོད་པ་ངོ་མཚར་དད་པའི་རོལ་མཚོ་》25ཞེས་པའི་ནང་།    བྷུ་ཊ་ཞེས་དང་། ཐུབ་བསྟན་ཤེས་རབ་ཀྱིས་མཛད་པའི་《རྒྱལ་གྱི་ཤྲཱིའམ་རྩིབས་རིའི་གནས་བཤད་》26ཞེས་པའི་ནང་།  བྷུཏ་ཏྲ་ཞེས་བྲིས་གནང་འདུག ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པད་མ་རྣམ་རྒྱལ་མཆོག་གི་མཛད་པའི་《ཞེ་ཆེན་རྒྱལ་ཚབ་ཆོས་འབྱུང་》27ནང་སྦུ་དྲ་ཞེས་བཀོད་འདུག
          དེ་ལྟར་ཁོང་གི་སྒྲུབ་སྡེ་དེའི་མིང་ལ་སྦུད་སྐྲ་དང་།  སྦུད་ཀྲ། པུ་ཏྲི། སྦུ་བཀྲ། སྦུད་ཏྲ། སྦུ་ཏྲ། བྷུ་ཊ། བྷུཏ་ཏྲ།  སྦུ་དྲ་བཅས་ད་བར་ཁོ་བོས་མཐོང་བ་ལྟར་ན་འབྲི་སྲོལ་ཁག་དགུ་ཙམ་མཆིས།  འདི་ལྟ་བུའི་ཡི་གེ་བཀོད་སྲོལ་མི་འདྲ་བ་འཁོད་པའི་གཞུང་འདི་དག་ནི་བོད་འདིར་ད་ཡོད་གྲགས་ཆེ་བའི་ལོ་རྒྱུས་ཆོས་འབྱུང་དང་།  གསོ་རིག་ཁོག་འབུགས་ཚད་ལྡན་འབའ་ཞིག་ཡིན་ཞིང་།   ལྷག་པར་དུ་གནད་དོན་འདིའི་ཐད་ཞིབ་འཇུག་དང་ཤེས་རྟོགས་བྱེད་པའི་ཚད་ལྡན་ཡིག་ཆ་ཤ་ཅིག་ཏུ་འཁུམས་སོ། །དེར་བརྟེན་དེ་དག་ལས་ཡང་སྙིང་གང་ཞིག་ཡང་དག་པ་ཡིན་མིན་ཤེས་རྨོངས་ཁོ་བོ་ལྟ་བུར་ལུང་རིགས་ཚད་མ་གསུམ་གང་ཐད་ནས་ཀྱང་འགག་བཞག་བྱས་ཏེ་ཁ་ཚོན་གཅོད་པའི་རྩལ་དང་མི་ལྡན་པས་མཁྱེན་ལྡན་རྣམས་ཀྱིས་ཞིབ་མོའི་བློས་དཔྱོད་དགོས་པར་མཐོང་།  འོན་ཀྱང་རང་ཉིད་ཀྱིས་ཁུལ་དེའི་ཡུལ་མིའི་ཁ་སྐད་དུ་དུས་དེང་སང་གི་ཡི་གེའི་སྒྲ་འདོན་ཚུལ་ལ་ཅུང་ཙམ་གཞིགས་ན།  སྦུ་ཏྲ་ཞེས་སྦུ་མིང་གཞི་བ་ཡིན་པ་གང་ཞིག་རྗེས་འཇུག་དའི་སྒྲ་མི་ཐོན་པ་དང་། ཏྲ་ཞེས་པར་དབྱངས་ཨིའི་སྒྲ་མི་ཐོན་པས། སྦུ་ཞེས་རྗེས་འཇུག་སོགས་གང་ཡང་མེད་པའི་སྦུའམ་བྷུ་དང་། ཏྲ་ལ་སྐྲ་དང་ཀྲ།   བཀྲ།   ཊ་བཅས་ཀྱི་སྒྲ་ཤས་ཆེར་ཐོན་པས་《ལྷོ་རོང་ཆོས་འབྱུང་》ལྟར་སྦུ་ཏྲ་ཞེས་སམ་རིག་འཛིན་ཚེ་དབང་ནོར་བུའི་《རྣམ་ཐར་ངོ་མཚར་དད་པའི་རོལ་མཚོ་》ཞེས་པ་ལྟར་བྷུ་ཊ་ཞེས་བྲིས་ན་ཅུང་ཟད་དག་པར་སེམས་སོ།།
          གཞན་ཡང་ཁྱེད་ཀྱིས་ཐུགས་དགོངས་ལ་འདི་ལྟར་ས་མིང་འབྲི་སྲོལ་གྱི་དག་ཆར་དཔྱད་པ་དགོས་མེད་དང་དུས་ཚོད་གྲོན་རོགས་དུ་མཐོང་ཡང་སྲིད་པས་འདི་ནི་ཁོ་བོས་བསམ་པར་ས་མིང་དང་མི་མིང་སོགས་ཀྱི་དག་ཆར་དཔྱད་པ་བྱེད་རྒྱུ་དེ་ནི་བོད་ཀྱི་ལོ་རྒྱུས་དང་རིག་དངོས་ལ་ཞིབ་འཇུག་བྱེད་པའི་ཆེས་རྨང་གཞིར་གྱུར་པའི་གནད་དོན་ཞིག་རེད་ལ་ལོ་རྒྱུས་དངོས་དོན་ཡང་དག་པ་དཔྱད་གླེང་བྱེད་པར་དགོས་པ་ངེས་ཅན་ཞིག་ལྡན་པར་སྙམ།   ལྷག་པར་དུ་གྲུབ་ཆེན་པ་ཉིད་ཀྱི་གདན་ས་སྦུ་ཏྲ་སོགས་ས་ཡུལ་དེ་དག་ལ་ང་ཚོས་ལོ་རྒྱུས་ཀྱི་ཆོས་འབྱུང་ཁག་དང་གུང་འགྲིག་པའི་སྒོ་ནས་རྟོག་ཞིབ་བྱེད་སྐབས་ངེས་པར་དུ་སེམས་ལ་གཅགས་དགོས་པ་ཞིག་ནི།      《དགའ་ལྡན་ཆོས་འབྱུང་བེེཌཱུརྱ་སེར་པོའི་》ནང་28དུ་འཁོད་པའི་འཇམ་དབྱངས་ལེགས་པ་དོན་གྲུབ་ཀྱིས་ཕྱག་བཏབ་གནང་བའི་དགེ་ལུགས་པའི་སྒྲུབ་སྡེ་སྤུ་བྲག་ཞེས་པ་དེ་དང་མི་ནོར་བ་བྱེད་དགོས་པ་སྟེ།  དེ་ནི་དེང་སྐབས་གཞིས་རྩེ་ས་ཁུལ་ས་སྒ་རྫོང་གི་ནུབ་བྱང་ངོས་སུ་གནས་པའི་གཞུང་རུ་ཤང་གི་ཁོངས་སུ་ཡོད་པ་དང་།  ཆོས་ཆོག་དགེ་ལུགས་ཤས་ཆེར་བྱེད་པའི་དགོན་པ་ཞིག་ཡིན། དགོན་པ་དེ་བོད་ཀྱི་ལོ་རྒྱུས་ཆོས་འབྱུང་ཁག་གི་ས་ཆ་ངོས་འཛིན་ལྟར་བྱས་ན་སྔ་དུས་བོད་ཀྱི་སྟོད་མངའ་རིས་སྐོར་གསུམ་གྱི་ནང་གསེས་མང་ཡུལ་གྱི་ཁོངས་སུ་གཏོགས་ཤས་ཆེ་བར་མངོན་པས་གྲུབ་ཆེན་པའི་སྒྲུབ་སྡེ་སྦུ་ཏྲ་འདིའང་ལོ་རྒྱུས་ཆོས་འབྱུང་འགའ་ཞིག་ཏུ་མང་ཡུལ་གྱི་ཁོངས་སུ་བཞག་འདུག  དེའི་ཕྱིར་ས་ཡུལ་དེ་གཉིས་དབར་མིང་འདྲ་བའི་ཐོག་ནས་ནོར་ཉེན་ཡོད་པར་དོགས་པས་མཁྱེན་ལྡན་རྣམས་པས་ཐུགས་ལ་གཅགས་དགོས་པར་སྣང་ངོ་།།
དྲུག་པ། མཇུག་བསྡུ་བ།
          དེང་འདིར་རང་རྒྱལ་དུ་མི་རིགས་ཀྱི་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བའི་ཚ་རླབས་ཕྱུར་དང་འཕྱུར་མུས་ཡིན།   སྐབས་འདིར་བོད་ལུགས་གསོ་བ་རིག་པ་འདིའི་རྨང་གཞིའི་རིག་གཞུང་དང་།  ནད་ཐོག་ལག་ལེན།   སྨན་རྫས་སྦྱོར་བཟོ་སོགས་ཕྱོགས་གང་ཅིའི་ཐད་ནས་རྒྱུད་འཛིན་དང་མྱུར་སྐྱོབ།   འཕེལ་རྒྱས།   ཞིབ་འཇུག་བཅས་ལྷུག་མེད་གནང་བཞིན་ཡོད།  རང་ཅག་བོད་ལུགས་གསོ་རིག་འཛིན་པ་རྣམས་ཀྱིས་རང་ལུགས་ཀྱི་ཐུན་མིན་ཁྱད་ཆོས་མངའ་བའི་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་རྩ་ཆེའི་ལག་ལེན་འདི་ཉིད་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་འགོ་ཙམ་ནས་ད་བར་མི་ལོ་བརྒྱད་བརྒྱ་ལ་ཉེ་བའི་བར་རྒྱུད་འཛིན་དང་ལག་ལེན་བྱེད་ཐུབ་པ་ནི་ཤིན་ཏུ་གཟི་བརྗིད་ཆེ་བའི་ལས་ཀ་ཞིག་ལོས་ཡིན་དགོས།   ལྷག་པར་དུ་ང་ཚོས་རང་ལུགས་ཁྱད་ཆོས་འབུར་དུ་མངོན་པའི་རྡོ་རྗེ་བསྙེན་སྒྲུབ་ཀྱི་ཆ་ལག་དབྱུག་བཅོས་ཀྱི་གཞུང་ལུགས་དང་ལག་ལེན་ལ་ཐོས་བསམ་དང་ཞིབ་འཇུག   བསྔོག་སྤེལ་བཅས་བྱ་བའི་ལས་ཀ་ཅི་ཞིག་བརྩམས་ཀྱང་ལག་ལེན་དེ་དག་ལ་མཛད་རྗེས་ཤིན་ཏུ་ཆེ་བའི་གྲུབ་ཆེན་ཨོ་རྒྱན་པ་མཆོག་གི་བཀའ་དྲིན་ནི་དུས་ཇི་སྲིད་བར་དུ་བརྗེད་ཐབས་བྲལ་བ་ཞིག་ཡིན་ལ། ཐ་ན་རིན་ཆེན་རིལ་ནག་ཆེན་མོ་ལ་སོགས་པ་རིན་ཆེན་རིལ་བུའི་རིགས་ཀྱི་སྨན་སྣ་གཅིག་སྦྱོར་བཟོ་དང་ཞིབ་འཇུག   དེ་བཞིན་ལག་ཏུ་བླངས་ཤིང་ཞལ་ལ་མཆོད་ཀྱང་ཁོང་གི་བཀའ་དྲིན་ཐུགས་ལ་དྲན་དགོས་པར་སེམས།   དེ་བས་དེང་དུས་གོ་ལ་ཧྲིལ་པོ་འདིར་ཚེ་སྲོག་ཚན་རིག་གི་ཚན་རྩལ་ཞིབ་འཇུག་དང་སྨན་བཅོས་ལག་རྩལ་ཐད་སྐྱེ་བོ་ཀུན་གྱི་བློ་ཡུལ་ལས་འདས་པའི་འཕེལ་རྒྱས་བྱུང་ཡོད་ཀྱང་དྲན་དབང་ཁོང་གིས་བཞག་པའི་དོན་དམ་དེ་ཁས་མ་ལེན་རང་ལེན་དུ་གྱུར་པར་འདོད།
          དེ་ཡང་བོད་ཀྱི་ལོ་རྒྱུས་མི་སྣ་དང་ས་ཡུལ་ཁག་གི་ལོ་རྒྱུས་དངོས་དོན་ལ་བརྟེན་ནས་དྲང་བདེན་གླེང་བརྗོད་དང་རྟོག་ཞིབ་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེ་བར་མཐོང་ཞིང་།  དེ་ནི་གངས་ཅན་བོད་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་དང་དོ་ཁུར།   ཞིབ་འཇུག་བཅས་གནང་མཁན་རྣམས་ཀྱིས་གཡོལ་དུ་མེད་པའི་གནད་དོན་ཞིག་ཡིན་ལ་དེའི་ཐད་བསམ་གཞིགས་ནན་ཏན་བྱས་ན་གྲུབ་འབྲས་བཟང་པོ་སྨིན་ཐུབ་ངེས་སུ་སྙམ།  དེར་བརྟེན་སྐབས་འདིར་ཁོ་བོས་གྲུབ་ཆེན་ཁོང་གི་འཁྲུངས་ཡུལ་ན་ཟླུམ་དང་གདན་ས་གཙོ་བོ་སྦུ་ཏྲ། དེ་བཞིན་ཁོང་དང་འབྲེལ་ཡོད་ཀྱི་ས་ཡུལ་འགའ་ཞིག་ལ་རྟོག་ཞིབ་དང་དག་ཐེར་བྱ་བའི་རིན་ཐང་ཆེན་པོ་ཡོད་པར་བསམས་ནས་ས་ཆ་དེ་དག་ལ་ལན་མང་དངོས་བསྐྱོད་ཀྱིས་བརྟག་དཔྱད་བྱས་ཏེ་དཔྱད་ཁུལ་ལགས་ཀྱང་སྐྱོན་གྱིས་སྦགས་ཕྱིན་འགྱོད་བཤགས་དང་ཕྱིས་འབྱུང་མཛུབ་སྟོན་གྱི་རེ་བ་ཞུ་རྒྱུ་དང་།   དེ་ཙམ་ཞིག་གིས་ཀྱང་གངས་ཅན་བོད་ཀྱི་གསོ་རིག་བསྟན་པ་ཉིན་མོ་ལྟར་རྒྱས་པའི་རྒྱུར་བསྔོའོ།།
          མཆན་འགྲེལ།
21. 《གསོ་རིག་གཅེས་བཏུས་རིན་ཆེན་ཕྲེང་བ།》དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས།    མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།   1995ལོའི་ཟླ་བ་5པར་པར་ཐེངས་དང་པོ།p720     p721
          ②《གསོ་རིག་ལོ་རྒྱུས།》  གཙོ་སྒྲིག་པ། བྱམས་པ་འཕྲིན་ལས། མི་རིགས་དཔེ་སྐྲུན་ཁང་། 2004ལོའི་ཟླ7པར་པར་ཐེངས་དང་པོ།  p79
          ③《དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན།》གཙོ་སྒྲིག་པ།  ཉི་མ་ཚེ་རིང་།  བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་སྨན་རིག་དངོས་གཞིའི་ཆེད་ལས་ཀྱི་ཚོད་ལྟའི་སློབ་དེབ།  p3
          ④⑦⑨⑩⑾⑿⒂《གྲུབ་ཆེན་ཨུ་རྒྱན་པའི་རྣམ་ཐར།》བསོད་ནམས་འོད་ཟེར་གྱིས་བརྩམས།  བོད་ལྗོངས་བོད་ཡིག་དཔེ་ཪྙིང་དཔེ་སྐྲུན་ཁང་།   1997ལོའི་ཟླ་5པར་པར་ཐེངས་དང་པོ།  p4 p5 p8 p8 p9     p13  p 170
          ⑤18. 《བསྟན་རྩིས་གསལ་བའི་ཉིན་བྱེད།》མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988ལོའི་ཟླ་2པར་པར་ཐེངས་དང་པོ།  p163 p153
          ⑥26. 《རྒྱལ་གྱི་ཤྲཱིའམ་རྩིབས་རིའི་གནས་བཤད།》ཐུབ་བསྟན་ཤེས་རབ་ཀྱིས་བརྩམས། བྲིས་མ།  p254   p32
          ⑧24.《ལྷོ་རོང་ཆོས་འབྱུང་།》 རྟ་ཚག་ཚེ་དབང་རྒྱལ་མཆོག་གྱིས་མཛད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1994ལོའི་ཟླ་9པར་པར་ཐེངས་དང་པོ།  p715 p7181225 《ཀཿཐོག་རིག་འཛིན་ཚེ་དབང་ནོར་བུའི་བཀའ་འབུམ།》(སྟོད་ཆ)རིག་འཛིན་ཚེ་དབང་ནོར་བུས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།    2006ལོའི་ཟླ་12པར་པར་ཐེངས་དང་པོ།  p109  p65
          ⒁《ཀཿཐོག་སི་ཏུའི་དབུས་གཙང་གནས་ཡིག》སི་ཏུ་ཆོས་ཀྱི་རྒྱ་མཚོས་བརྩམས།  བོད་ལྗོངས་བོད་ཡིག་དཔེ་ཪྙིང་དཔེ་སྐྲུན་ཁང་། 1999ལོའི་ཟླ་9པར་པར་ཐེངས་དང་པོ།     p315
          16.《དེབ་ཐེར་དམར་པོ།》ཚལ་པ་ཀུན་དགའ་རྡོ་རྗེས་བརྩམས།  མི་རིགས་དཔེ་སྐྲུན་ཁང་། 1981ལོའི་ཟླ་10པར་པར་ཐེངས་དང་པོ།  p96
          17.《བོད་ཀྱི་གསོ་རིག་ཆོས་འབྱུང་བེེཌཱུརྱའི་འཕྲེང་བ།》དཀོན་མཆོག་རིན་ཆེན་གྱིས་བརྩམས།   ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1994ལོའི་ཟླ་1པོའི་པར་ཐེངས་གཉིས་པ།  p54
          19.《ཆོས་འབྱུང་མཁས་པའི་དགའ་སྟོན།》དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང་། 2006ལོའི་ཟླ་1པོར་པར་གཞི་དང་པོ།  p466
          20.《དེབ་ཐེར་སྔོན་པོ།》འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1986ལོའི་ཟླ་11པར་པར་ཐེངས་གཉིས་པ།  p817
          22.《གསོ་རིག་སྨན་གྱི་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན།》  སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།     1982ལོའི་ཟླ་11པར་པར་ཐེངས་དང་པོ།  p304
          23.《ཕན་བདེ་ནོར་བུའི་བང་མཛོད།》ཀརྨ་ངེས་ལེགས་བསྟན་འཛིན་གྱིས་མཛད། མི་རིགས་དཔེ་སྐྲུན་ཁང་། 2004ལོའི་ཟླ་7པར་པར་ཐེངས་དང་པོ།  p704
          27.《ཞེ་ཆེན་རྒྱལ་ཚབ་ཆོས་འབྱུང་།》ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པད་མ་རྣམ་རྒྱལ་གྱིས་མཛད།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1994ལོའི་ཟླ་9པར་པར་ཐེངས་དང་པོ།  p359
          28.《དགའ་ལྡན་ཆོས་འབྱུང་བེེཌཱུརྱ་སེར་པོ།》སྡེ་སྲིད་སངས་རྒྱས་རྒྱ་མཚོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1998ལོའི་ཟླ་7པར་པར་ཐེངས་གསུམ་པ།  p283 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1