༄༅།། མཛོ་མོ་མཁར་རམ་དམ་ཆོས་ཐར་བ་གླིང་གི་ལོ་རྒྱུས།

རྩོམ་སྒྲིག་པ།ཡོང་ཁུངས།དགེ་ལུགས་པའི་དྲ་བ། སྤེལ་དུས། 06-10


             མཛོ་མོ་མཁར་རམ་དམ་ཆོས་ཐར་བ་གླིང་ནི་བཀའ་མ་ལོག་དང་བར་ཐག་སྤྱི་ལེ་དོན་བཞིའི་མཚམས་སུ་ཆགས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་རིག་རྫས་སྲུང་སྐྱོབ་ཀྱི་གྲས་སུ་གཏོགས། ཏཱ་མིང་གོང་མ་ཡུང་ལོའི་སྐབས་སུ་གསེར་ཡིག་པ་བསྔགས་ནས་རྗེ་ཙོང་ཁ་བ་མཆོག་གདན་ཞུ་གནང་བ་ན། སྐུ་ཚབ་ཏུ་ཁོང་གི་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱ་ཀྱ་ཡེ་ཤེས་༼༡༣༥༥....༡༤༣༥༽མངགས། ཁོང་རྒྱ་ནག་ཏུ་ཐེངས་གཉིས་ལ་ཕེབས་ཤིང་། ཐེངས་ཕྱི་མར་གནས་འདིར་དམ་ཆོས་ཐར་བ་གླིང་ཞེས་པའི་ཆོས་སྡེ་འདི་ཕྱག་འདེབས་གནང་སྐད། ཁོང་གིས་རྒྱ་ཡུལ་དུ་ཞྭ་སེར་གྱི་བསྟན་པ་རྒྱ་ཆེར་སྤེལ་བས། ༡༤༣༤ལོར་ཏཱ་མིང་གོང་མས། འཕྲིན་ལས་མཁས་ཤིང་གསལ་བ། ཆོས་ཉིད་དམ་པ། མཆོག་ཏུ་རྒྱལ་བ། ཤེས་རབ་རྣམ་དག་སྣང་བ་ཆེན་པོ། ཀུན་ལ་ཁྱབ་ཅིང་། རྒྱལ་ཁམས་བསྐྱབ་པ། བསྟན་པ་རྒྱས་མཛད། རབ་ཏུ་དགེ་བ། བྱམས་ཆེན་ཆོས་ཀྱི་རྒྱལ་བོ། ནུབ་ཀྱི་ཕྱོགས་སུ་རིག་པ་མཆོག་གྱུར། དེ་བཞིན་གཤེགས་པ། དབང་ཕྱུག་དང་ལྡན། ཀུན་མཁྱེན་རྫོགས་པའི་སངས་རྒྱས་ཆེན་མོ་ཞེས་པའི་མཚན་དང་གོ་ས་ཕུལ། སྤྱི་ལོ་༡༤༣༥ལོར་རྒྱ་ཡུལ་ནས་དབུས་གཙང་ལ་ཡར་ཕེབས་སྐབས་མཛོ་མོ་མཁར་དུ་སྐུ་འདས། གོང་མའི་བཀའ་ལྟར་ཆོས་རྗེ་བསོད་ནམས་ཤེས་རབ་དང་། སེང་གེ་བཟང་བོ་གཉིས་ཀྱིས་ལྷ་ཁང་བཞེངས་ནས་སྐུ་གདུང་བཞུགས་སུ་གསོལ།
             དགོན་པ་འདིའི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་བདུན་ཙམ་དང་། ལྷོ་བྱང་གཉིས་ཀྱི་རིང་ཚད་ལ་རྨིད་དྲུག་ཅུ་ལྷག་དང་། ཤར་ནུབ་གཉིས་ཀྱི་རིང་ཚད་ལ་རྨིད་བརྒྱ་དང་ལྔ་བཅུ། མཁར་གྱང་གི་མཐོ་ཚད་ལ་རྨིད་བཅུ་གཉིས་དང་། གྱང་རྟིང་ལ་རྨིད་བཅུ་བཞི་དང་ཁ་ལ་རྨིད་གསུམ་མཆིས་སོ་སྐད། 
             མཁར་གྱི་ཤར་དུ་གྲྭ་ཤག་དང་། རྒྱབ་ཕྱོགས་སུ་མཛོ་མོ་མཁར་ཡོད། མཁར་གྱི་ལྷོ་ཕྱོགས་ཀྱི་ཁྲོམ་ར་རུ་ཚོང་ཁང་དང་། གཏའ་མ་ཁང་། ཆུ་འཁོར་རང་འཐག་སོགས་ཡོད་ལ། མཁར་གྱི་ནང་རོལ་ཏུ་རྡོ་རྗེ་ལྷ་ཁང་དང་། ཡུང་ལོ་རྒྱལ་བོའི་ཕོ་བྲང་། ཁྱམས་རིང་། སྐུ་གདུང་མཆོད་རྟེན། འདུ་ཁང་སྒོ་ཆེན། འཆད་ཉན་ཁང་བཅས་ཡོད་སྐད། 
             འདི་དག་བཟོ་བཀོད་རྨད་དུ་བྱུང་བ་གཟི་འོད་ལམ་ལམ་འཚེར། གོང་མའི་དགོན་པ་འདིར་འགྱོགས་བྱམས་དང་། གསེར་ཐམ། མུ་ཏིག་གི་གདུགས། དུང་གིས་བརྒྱན་པའི་གཟིམ་ཁྲི་སོགས་གནང་འདུག་སྐད། དགོན་པ་འདི་ཧ་ཅང་རྒྱས་པའི་སྐབས་སུ་གྲྭ་ཚང་བཅུ་དང་དགེ་འདུན་པ་བཞི་བརྒྱ་ལྷག་ལ་སོན་མྱོང་སྐད། 
             དགོན་པར་ཞིང་ས་སྤྱི་ཆིང་བདུན་ཅུ་ལྷག་ཡོད་ལ། ཤར་གྱི་བྱེ་མའི་ལུང་བ་ནས་ལྷོ་ཕྱོགས་ཕྱག་རྡོར་ཐང་གི་བར། ནུབ་ཀྱི་བྲག་ནག་ནས་བྱང་གི་རི་བོ་མེ་ཏི་ཚུན་ཆད། ཀྲོན་ཏའོ་ཡུལ་ཚོ་དང་། ཡུང་ཆིང་རྫོང་གི་ཁུང་ཅ་དགོན་སོགས་ལྷ་འབངས་སུ་འདུ་བར་བཤད།
             མན་ཇུ་གོང་མ་ཀུན་སྐྱོང་རྒྱལ་བོའི་སྐབས་དགོན་པ་ལ་གཏོར་བརླག་ཐེབས་ལ་རྗེས་སུ་སླར་གསོ་གནང་མོད། རིག་གསར་སྐབས་ཡང་བསྐྱར་གཏོར་བཅོམ་བྱས། བསྟན་པ་ཡང་དར་སྐབས་འདུ་ཁང་དང་ཁྱམས་རིང་། ཤར་ནུབ་གྱི་ལྷ་ཁང་། བྱང་ཆུབ་མཆོད་རྟེན་བཅས་ཉམས་གསོ་གནང་ཟེར།
              ད་ལྟ་དགོན་པར་བྱམས་ཆེན་ཆོས་རྗེའི་སྐུ་གདུང་མཆོད་རྟེན་དང་། གོང་མ་ཡུང་ལོ་དང་ལྷ་སྐྱོང་རྒྱལ་བོ་སོགས་གྱིས་གནང་བའི་གཟིམ་ཁྲི་དང་འདུ་ཁང་གི་མཚན་བྱང་། གས་ཆག་ཤོར་བའི་རྡོ་རིང་སོགས་ལས་གཞན། ད་དུང་བྱང་ཆུབ་ལྗོན་ཤིང་ཚངས་ཐིག་ལ་ལི་རྨིད་ལྔ་བཅུ་དང་མཐོ་ཚད་ལ་རྨིད་བཅུ་བཞི་ཅན་ཞིག་ཀྱང་ཡོད་དོ།།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1