༄༅།། དཔའ་ལུང་གཤོང་ཤན་རི་ཁྲོད་ཀྱི་ལོ་རྒྱུས་མདོར་བསྡུས།

སངས་རྒྱས་རྒྱ་མཚོ། རྩོམ་སྒྲིག་པ།ཡོང་ཁུངས།དགེ་ལུགས་དྲ་བ། སྤེལ་དུས། 06-12


 སངས་རྒྱས་རྒྱ་མཚོ།



             གཤོང་ཤན་རི་ཁྲོད་ནི་མཚོ་སྔོན་ཞིང་ཆེན་དཔའ་ལུང་རྫོང་གཤོང་ཤན་ཡུལ་ཚོའི་གཤོང་ཤན་སྡེ་བའི་ཉེ་འཁོར་དུ་ཡོད།
             དེ་ཡང་སྔོན་ལྷའི་བཟོ་བོ་བི་ཤྭ་ཀརྨས་སེམས་ཅན་གྱི་དོན་དུ་ཐུབ་པའི་སྐུ་བརྙན་བརྒྱ་རྩ་བརྒྱད་བཞེངས་པའི་ནང་ཚན་གཅིག རྒྱ་ནག་ཐང་ཁྲོ་རྒྱལ་བོའི་བླ་མར་བཞུགས་པའི་ཀོ་ཤྰི་བླ་མ་དཀར་པོ་ཞེས་པ་ལ། རྒྱལ་བོས་ཞབས་ཏོག་བསྒྲུབས་ཏེ་ཇོ་བོ་གནས་འདིར་གདན་དྲངས་ཤིང་གྲུབ་པའི་གནས་མཆོག་སྐྱེས་རིའི་གསེར་ཁང་གི་མདུན་ངོས་སུ་བཞུགས།   ཇོ་བོ་རིན་པོ་ཆེའི་གཡས་གཡོན་གྱི་སངས་རྒྱས་མར་མེ་མཛད་དང་།   རྗེ་བཙུན་བྱམས་པ་གཉིས་ནི།   ས་སྐྱ་པཎ་ཆེན་དང་འགྲོ་མགོན་འཕགས་པའི་དགོངས་རྫོགས་སུ་ཧོར་རྒྱལ་བོས་བཀའ་གནང་ལྟར་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་བཞེངས་ཟེར་བའི་ལོ་རྒྱུས་ཡོད།   ཕྱིས་སུ་རྐུན་པོ་སྡིག་ཅན་འགའ་ཞིག་གིས་སྐུ་རྒྱུ་གསེར་ཡིན་པར་བཟུང་སྟེ་སྐུ་ལ་སྟ་རེས་བསྣུན་མ་ཐག་དངངས་སྐྲག་བྱུང་།   འབྲོས་པར་བརྩམས་ཏེ་ཕྱིར་ལོག་པ་ན་སྒོ་ཁང་དེར་ཁྲག་སྐྱུགས་ཏེ་ཤི ཡང་སྐབས་ཤིག་མི་འགའ་ཞིག་གིས་མཐོང་སྣང་ལ་སྐུའི་འོད་ཟེར་གྱིས་གཙུག་ལག་ཁང་ཐམས་ཅད་ཁྱབ་པ་བྱུང་བས་སྐུ་བརྙན་གྱི་མཚན་ལ་ལྷ་ཆེན་དཔལ་འབར་དུ་གྲགས་པ་སོགས་ཡ་མཚན་ཞིང་རྨད་དུ་བྱུང་བའི་ལོ་རྒྱུས་མང་དུ་ལྡན་པའི་ཇོ་བོ་རིན་པོ་ཆེ་དང་།   བཀའ་འགྱུར་རིན་པོ་ཆེ་སོགས་བཞུགས་ཚུལ་རོང་བོ་མཁན་ཆེན་དགེ་འདུན་རྒྱ་མཚོའི་རྣམ་ཐར་དུ་གསུངས།   རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག་གནས་འདིར་ཕེབས་ཏེ་བསྟན་པའི་བྱ་བ་མཛད་ཚུལ་རྗེ་ཉིད་ཀྱི་རྣམ་ཐར་ལས།  སྐབས་ཤིག་གཤོང་ཤན་ཚོ་བ་ལྔ་ལ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་བསྐུར།   དབང་ཡོན་བྱུང་ཚད་མ་ཎིའི་ཐེབས་ལ་བཞག་ནས་ལོ་རེར་མ་ཎི་དུང་ཕྱུར་མང་བོ་བསྒྲུབ་རྒྱུའི་སྲོལ་བཙུགས།   ཚོ་བ་རེ་ལ་ཐུགས་རྗེ་ཆེན་པོའི་ཐང་ག་རེ་བཞེངས་ནས་བྱིན།  ཞེས་དང་།   ལོ་མཚམས་གྲོལ་ནས་གཤོང་ཤན་ལ་ཐུགས་རྗེ་ཆེན་པོའི་དབང་སྩལ།    སྐབས་ཤིག་ལྷ་ཆེན་ལ་དབུ་རྒྱན་ཕུལ།   རྗེ་གསེར་ཁང་རིན་པོ་དང་སྒོ་དམར་གྲུབ་དབང་བློ་བཟང་རྒྱ་མཚོ་བཅས་ཀྱིས་ཇོ་བོའི་མདུན་ནས་ཉིན་མང་བོའི་བར་དུ་མཆོད་འབུལ་རྒྱ་ཆེར་ཕུལ།   རྗེ་གསེར་ཁང་བ་དགུང་ལོ་རེ་གསུམ་པ་ཆུ་སྟག་སྤྱི་ལོ་༡༨༤༢ལོར་ཇོ་བོ་རིན་པོ་ཆེའི་མདུན་ནས་མར་མེ་དང་དྲི་བཟང་སོགས་མཆོད་རྫས་དུ་མ་གནང་སྟེ།   རི་ཁྲོད་པ་མང་བོ་ལ་མཆོད་པ་འབུལ་བའི་ཞལ་བཀོད་གནང་བ་ལྟར་མཆོད་པ་རྒྱ་ཆེར་ཕུལ།    ཕྱོགས་དེའི་ཡུལ་མི་མཐའ་དག་མི་ཕྱེད་དད་པའི་ས་ལ་བཀོད།  ཐར་ཤུལ་དཔོན་སློབ་དགེ་འདུན་ཆོས་སྐྱོང་རྒྱ་མཚོས་གསོལ་བ་བཏབ་པ་བཞིན་མ་ཅིག་ཁྲོས་མའི་དབང་གནང་སྟེ་ཟབ་ལམ་གཅོད་ཀྱི་གདམས་པས་མགུ་བར་མཛད།    དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་ཆོས་དར་ཚང་ལ་དྲིལ་བུ་ལུས་དཀྱིལ་གྱི་དབང་ཡོངས་སུ་རྫོགས་པ་གནང་།    རྗེ་གསེར་ཁང་བས་ཚལ་ཕུག་དང་ཚེ་རུག་གཤོང་ཤན་སོགས་སྡེ་བ་རྣམས་ལ་ལོ་རེ་བཞིན་མ་ཎི་དུང་ཕྱུར་མང་བོ་འདོན་པའི་ཞལ་བཀོད་གནང་ཞིང་།   མི་ཐམས་ཅད་ཀྱིས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཁས་བླངས་པ་ལ།   ཐེབས་ཀྱང་གནང་སྟེ་ཡུལ་མི་མཐའ་དག་མིའི་ལུས་རྟེན་ཐོབ་པ་དོན་ལྡན་དུ་མཛད།  གཤོང་ཤན་དུ་བཞུགས་སྐབས།    ཚ་གན་ནོ་མོན་ཧན་གྱི་ཡང་སྲིད་ཕེབས་ཏེ་གསོལ་བ་བཏབ་པ་བཞིན་བཀའ་ཆོས་འགའ་ཞིག་གནང་སྟེ་བཞེད་པ་བསྐངས།   རྗེ་གསེར་ཁང་བ་དགུང་ལོ་རེ་དྲུག་པ་ཤིང་སྤྲུལ་སྤྱི་ལོ་༡༨༤༥ལོར་གཤོང་ཤན་ཇོ་ཁང་དུ་ཕེབས།    མཆོད་འབུལ་རྒྱ་ཆེར་གནང་སྟེ་རྒྱལ་བ་སྲས་བཅས་མཉེས་པར་མཛད།   ལོ་འདི་ལ་གཤོང་ཤན་ཇོ་ཁང་དུ་རྗེ་གསེར་ཁང་བས་ཨ་ལག་ཤ་དྭགས་པོ་རིན་པོ་ཆེར་ཀུན་རིག་གི་དབང་དང་།   ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་སོགས་ཆོས་བཀའ་ཅི་རིགས་གནང་སྟེ་ཐུགས་ཀྱི་བུམ་བཟང་ཟབ་རྒྱས་ཆོས་ཀྱི་བདུད་རྩིས་གཏམས་པར་མཛད།    རྗེ་ཉིད་ཀྱི་ཕྱག་དྲིལ་ཞིག་དྭགས་པོ་སྤྲུལ་བའི་སྐུ་རིན་པོ་ཆེ་ལ་གནང་སྟེ་བསླབ་སྟོན་རྒྱས་པར་མཛད་དོ། །  རབ་ཚེས་ལྕགས་ཡོས་སྤྱི་ལོ་༡༨༩༡ལོའི་ཧོར་ཟླ་གཉིས་པའི་ཚེས་ལ་རྗེ་ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོ་མཆོག་གཤོང་ཤན་ཇོ་ཁང་དུ་ཕེབས།   གཉིས་པའི་ཚེས་དྲུག་ནས་ཉེར་གསུམ་བར་ཀུན་སྤངས་འདུས་པའི་ཚོགས་དང་ལྷན་དུ་མཆོད་འབུལ་རྒྱ་ཆེར་གནང་།   གཤོང་ཤན་ཚོ་བ་ལྔ་དང་།   ལ་མོ་གྲགས་རྒན་བློ་བཟང་སྙན་གྲགས་རྒྱ་མཚོ།  རྡོ་བ་སྤྲུལ་སྐུ།   རྗེ་ངག་དབང་བློ་གསལ་སོགས་སེར་སྐྱའི་ཁྲོམ་ཆེན་པོར་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་སྟ་གོན་དང་བཅས་པ་སྩལ།   ཇོ་བོའི་མདུན་ནས་ཀོའུ་བ་སྤྲུལ་སྐུ་དགེ་འདུན་བསྟན་པ་དར་རྒྱས་སོགས་བསྒྲུབ་བྱ་སུམ་ཅུ་བསྙེན་པར་རྫོགས།   རབ་ཚེས་ཤིང་རྟ་སྤྱི་ལོ་༡༨༩༤ལོར་རྗེ་ཞྭ་དམར་རིན་པོ་ཆེ་ཇོ་ཁང་དུ་ཕེབས།   ཇོ་བོ་རིན་པོ་ཆེའི་མདུན་དུ་ཡན་ལག་བདུན་པ་མཎྡལ་བཅས་མཆོད་འབུལ་མཛད་ཅིང་སེམས་བསྐྱེད་འཛིན་པ་གནང་། རབ་ཚེས་ལྕགས་བྱི་སྤྱི་ལོ་༡༩༠༠ལོར་རྗེ་ཞྭ་དམར་རིན་པོ་ཆེ་ཇོ་ཁང་དུ་ཕེབས་ཏེ་ལོག་མའི་དགེ་སློང་གི་ཤག་ཏུ་བཞུགས་སྟན་འཇགས།   གཉིས་པའི་བཅུ་གཅིག་ནས་བཟུང་ཉིན་བཅོ་ལྔའི་རིང་ཀུན་སྤངས་རི་ཁྲོད་འཛིན་པའི་བླ་གྲྭ་བརྒྱ་དང་བཞི་བཅུ་ལྷག་ལྷན་ཅིག་གདན་འཛོམ་པ་ཉིན་ཐུབ་འདུ་ཁང་དང་།   རྒྱལ་ཆེན་ཁང་གཉིས་ཀར་ཕྱོགས་གཉིས་སུ་འཚོགས་ཏེ་མཆོད་མེ་ཁྲི་ལྔ།    ཡོན་ཆབ་འབུམ་ལྔ་ལྷག་ཕུལ་ཏེ་རྒྱལ་བ་སྲས་བཅས་ཀྱི་ཐུགས་རྒྱུད་བསྐུལ་ཞིང་མཁའ་ཁྱབ་བསྟན་འགྲོ་ཡོངས་ཀྱི་ཕན་བདེའི་ཟུངས་སུ་འགྱུར་བའི་ཐུགས་སྨོན་རྒྱ་ཆེན་པོ་ཉིན་རེ་བཞིན་ཐུགས་ཉམས་སུ་བསྟར།   གོང་གི་དོན་འདི་ཚིགས་བཅད་དུ་བསྡེབས་པ་ནི།    ལྷ༵་ཡི་ལྷར་གྱུར་ཐུབ་ཆེ༵ན་སྐུའི་སྣང་བརྙན་། །    བྱིན་རླབས་དཔ༵ལ་གྱི་གཟི་འོད་འབ༵ར་པའི་དྲུང་།   ཀུན་བཟང་སྒྱུ་འཕྲུལ་དཔེར་འོས་མཆོད་སྤྲིན་བཅས།   གཅིག་ཏུ་བསྟན་འགྲོར་སྨན་པའི་སྨོན་འདུན་མཛད།   ཞེས་གསུངས་སོ།  ། ཀུན་སྤངས་འདུས་པའི་ཚོགས་ལ་སྐུ་འགྱེད་དང་བླ་མ་རྣམས་ལ་མཚལ་ཁ་རེའི་རྣམ་གཞག་ཕུལ།   སྤྲང་བོ་མང་དུ་ཚོགས་པ་རྣམས་ལ་ཟས་གོས་དོང་ཚེ་སོགས་ཀྱི་སྤྱིན་གཏོང་བྱས།   སྐུ་འབུམ་ཆ་གན་ཧོ་ཐོག་ཐུ་ངག་དབང་ལུང་རྟོགས་ཡོན་ཏན་རྒྱ་མཚོ་ཚང་དང་།    སྐུ་འབུམ་གནམ་སྔོན་སྤྲུལ་སྐུ་བློ་བཟང་མཁས་གྲུབ་རྣམ་རྒྱལ་སོགས་ལ་འོད་ཟེར་ཅན་མའི་རྗེས་གནང་སྩལ།     ལོ་འདི་ལ་རྗེ་ཞྭ་དམར་རིན་པོ་ཆེས་གཤོང་ཤན་ཇོ་བོ་ལྷ་ཁང་གི་མཐའ་སྐོར་དུ་མ་ཎི་དུང་ཕྱུར་ལོངས་ངེས་ཀྱི་མ་ཎི་འཁོར་ལོ་གྲས་མཚུངས་བདུན་ཅུ་བཞུགས་སུ་གསོལ་བའི་ཤོག་གུའི་རིན་དང་།   དཀྲི་བྱེད་ཀྱི་རས།   བཞུགས་ཁང་།   ལྷ་བཟོའི་ལག་ཡོན་བཅས་བསྡོམས་པར་སྲང་ལྔ་བརྒྱར་ཉེ་བའི་ཡོན་དངུལ་བཏང་།   ལོ་འདིའི་ཧོར་ཟླ་དགུ་བའི་ཚེས་ལ་རྗེ་ཉིད་གཤོང་ཤན་ཇོ་ཁང་དུ་ཕེབས།   ཇོ་བོའི་མདུན་དུ་མཆོད་འབུལ་དང་གསར་སྒྲུབ་མ་ཎི་འཁོར་ལོ་ལ་གཟིགས་རྟོག་མཛད།   གཤོང་ཤན་ཉིན་ཐུབ་སེར་སྐྱ་རྣམས་ཀྱིས་ཤངས་ལེན་དང་འབྲུ་བསོད་ཕུལ།   རྗེ་ཉིད་ཀྱི་ཞལ་ནས།   ངས་མ་ཎི་འཁོར་ལོ་གསར་སྒྲུབ་འདི་དག་དད་རྫས་ཆུད་མི་ཟ་བའི་ཕྱིར་དུ་རང་གཞན་ལ་ཕན་དུ་རེ་བ་མ་གཏོགས་ཁྱེད་རྣམ་པས་ཅིག་ཨེ་སྟེར་སྙམ་པའི་རེ་བ་མེད།   ད་ལེགས་པར་གྲུབ་སོང་བ་བཟང་།   ཕྱིན་ཆད་ཞིག་ཉམས་སུ་མི་འགྲོ་བ་ཁྱེད་རྣམས་ཀྱིས་ཁུར་བཞེས་གནང་དགོས་ཚུལ་སོགས་གསུངས།   རབ་ཚེས་ཤིང་འབྲུག་སྤྱི་ལོ་༡༩༠༤ལོར་རྗེ་ཉིད་ཀྱིས་ཇོ་ཁང་གི་སྒོའི་རྒྱལ་ཆེན་གྱི་ལྡེར་བཟོ་གོག་ཉམས་ཆེ་བ་གསར་གསོའི་ཐེབས་སུ་གོས་ལྭ་སོགས་གནང་སྤྱིན་བྱས་སོ། །   རྟེན་མཆོག་ཁྱད་པར་ཅན་འདིའི་སྙན་གྲགས་ཀྱིས་ཕྱོགས་ཀྱི་དམ་པ་མང་བོ་ཞིག་གནས་འདིར་ཕེབས་ཚུལ་ནི།   རབ་བྱུང་བཅུ་གཉིས་པའི་ཆུ་ལུག་སྤྱི་ལོ་༡༧༠༣ལོར་རོང་བོ་མཁན་ཆེན་དགེ་འདུན་རྒྱ་མཚོ་དང་།   རྒྱལ་མཁན་པོ་བློ་བཟང་ཉི་མ་སོགས་གཤོང་ཤན་ཇོ་བོ་རིན་པོ་ཆེར་གནས་མཇལ་དུ་ཕེབས།   རབ་བྱུང་བཅུ་བཞི་བའི་ས་སྤྲུལ་སྤྱི་ལོ་༡༨༠༩ལོའི་ཧོར་ཟླ་བརྒྱད་པར་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ་ཕེབས།   སྐུ་མདུན་མཁན་པོའམ་སྐུ་དབོན་ལྷ་རམས་པ་དཀོན་མཆོག་སེང་གེ་དང་དབལ་མང་པཎྡི་ཏ་དཀོན་མཆོག་རྒྱལ་མཚན་གཉིས་ལྷན་དུ་ཕེབས།   འགྲོ་མགོན་ཞབས་དཀར་ཚོགས་དྲུག་རང་གྲོལ་ཚང་།   ཀུན་མཁྱེན་སྐུ་ཕྲེང་གསུམ་པ་རྗེ་འཇིགས་མེད་རྒྱ་མཚོ།   ཨ་རོལ་སྤྲུལ་སྐུ་བློ་བཟང་ལུང་རིགས་རྒྱ་མཚོ།    ཀུན་མཁྱེན་སྐུ་ཕྲེང་བཞི་བ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་གཤོང་ཤན་ཇོ་ཁང་དང་ཁ་ཤ་མཐིལ་སོགས་སུ་ཕེབས།   རབ་ཡིད་ཆུ་ཕག་སྤྱི་ལོ་༡༨༦༣ལོར་སྒྲུབ་བརྒྱུད་བསྟན་པའི་མཛོད་འཛིན་རྗེ་གསེར་ཁང་བའི་ཉེ་ཚན་ཨ་རིག་དགེ་བཤེས་བྱ་བྲལ་ལྷ་རམས་པ་སྨོན་ལམ་བཟང་པོ་གཤོང་ཤན་ཇོ་ཁང་དུ་ཡུན་མི་ཐུང་ཙམ་བཞུགས།   རབ་ཚེས་ཤིང་ཕག་སྤྱི་ལོ་༡༨༧༥ལོར་སྐུ་འབུམ་ཆེ་ཤོས་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེ་ཚང་ཁ་ཤ་མཐིལ་དང་།  གཤོང་ཤན་ཇོ་ཁང་སོགས་སུ་ཕེབས་ཏེ་ཇོ་བོ་རིན་པོ་ཆེར་བརྒྱ་མཆོད་སོགས་ཕུལ།  རབ་རྒྱལ་ཤིང་ཕག་སྤྱི་ལོ་༡༩༣༥ལོའི་ཧོར་ཟླ་དྲུག་པའི་ཚེས་གཅིག་ཉིན་ཨ་ལགས་བླ་ཁོ་རིན་པོ་ཆེ་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་གཤོང་ཤན་ཇོ་ཁང་དུ་ཕེབས།    བཟང་གོས་ཡུག་གཉིས་ལས་གྲུབ་པའི་སྣམ་སྦྱར་ཁྱད་འཕགས།   དངུལ་གྱི་འཁོར་ལོ་ཕྲེང་རྒྱན་ཟར་ཚག་ཅན་དང་།   སྤོས་དམར་གྱི་མགུལ་ཕྲེང་སོགས་ཕུལ་ཏེ་བསྔོ་སྨོན་བགྱིས།   དེར་ཞག་བཞུགས་གནང་། རབ་རྒྱལ་ཤིང་སྤྲེལ་སྤྱི་ལོ་༡༩༤༤ལོའི་ཧོར་ཟླ་ལྔ་བའི་ནང་ཨ་ལགས་བླ་ཁོ་རིན་པོ་ཆེ་གཤོང་ཤན་ཇོ་ཁང་དུ་ཕེབས།   ཇོ་བོ་རིན་པོ་ཆེའི་མདུན་ནས་དཔོན་སློབ་འཁོར་བཅས་ཀྱིས་བླ་མཆོད་དང་སྨོན་ལམ་སོགས་གསུངས།   ཆིབས་སྐྱེལ་དུ་བྱོན་པའི་ལྡེ་ཚའི་དགེ་བཤེས་བགྲེས་གཞོན་རྣམས་ཀྱིས་སེམས་བསྐྱེད་ཀྱི་བགྲོ་གླེང་གནང་།   ཕེབས་ཐེངས་རྗེས་མའི་སྐབས་ཇོ་ཁང་དུ་བླ་གྲྭ་འགར་དགའ་ལྡན་ལྷ་བརྒྱ་མའི་ལུང་སྩལ་བ་སོགས་དམ་པ་མང་དུ་བྱོན་ནོ། །
             རབ་རྒྱལ་ས་ཁྱི་སྤྱི་ལོ་༡༩༥༨ལོའི་གཤོང་ཤན་ཇོ་ཁང་གི་ཆག་འཇིག་གནས་བབ་ཤེས་མཁན་དགུང་ལོ་དགུ་བཅུ་གོ་ལྔར་སོན་པའི་གཤོང་ཤན་ཨ་ཁུ་བློ་བཟང་དཔལ་ལྡན་གྱི་ངག་རྒྱུན་ལྟར་བྲི་ན།   བླ་མ་བྱང་སེམས་དཀར་པོ་ཞེས་པས་རྒྱ་ནག་ཏུ་གོང་མའི་བུ་ལ་ཆོས་བསླབ།   ཕ་ཡུལ་དུ་ཡོང་ཁར་ཇོ་བོ་རིན་པོ་ཆེ་དང་གསེར་གྱི་བཀའ་འགྱུར་སོགས་གདན་དྲངས་ཟེར།    ཇོ་ཁང་གི་ཕྱི་མཁར་ས་གྱང་འཐུག་པོ་མཐོ་ཞིང་བརྗིད་ཉམས་ལྡན་པ་ཞིག་ཡིན་ལ།   དེའི་རྭ་སྐོར་དུ་ཇོ་ཁང་གྱན་གསུམ་དང་དབུས་མར་སྐུ་རྒྱུ་རིན་པོ་ཆེ་ཛྱེེཀྴིམ་ལས་གྲུབ་པའི་ཇོ་བོ་རིན་པོ་ཆེ་དང་།   གཡས་གཡོན་དུ་སངས་རྒྱས་མར་མེ་མཛད་དང་།  རྗེ་བཙུན་བྱམས་པ་མགོན་པོ།   ཡང་རྗེ་བཙུན་འཇམ་དབྱངས་དང་གསང་བདག་གཉིས་ཀྱི་འབག་སྐུ།   རྗེ་ཙོང་ཁ་བ་ལ་ཉེ་བའི་སྲས་ཆེན་བརྒྱད་ཀྱིས་བསྐོར་བའི་སྐུ་བརྙན།   ཨ་ལགས་དགེ་བཤེས་སྐུ་རབས་སྔོན་མ་ཞིག་གི་སྐུ་གདུང་མཆོད་རྟེན་ཆེ་ལེགས། ཇོ་བོ་རིན་པོ་ཆེ་དང་རྗེ་བཙུན་བྱམས་པ་གཉིས་ཀྱི་གཟུངས་གཞུག་ཏུ་སངས་རྒྱས་འོད་སྲུང་གི་འཕེལ་གདུང་དང་། ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཕྱག་ཚ་མང་དུ་བཞུགས་པར་བཤད། སྐུའི་སྟེང་ནས་འོད་ཟེར་འཕྲོས་པས་ལྷ་ཆེན་དཔལ་འབར་དུ་མཚན་ཐོགས། ཇོ་བོ་རིན་པོ་ཆེའི་ཞབས་གཡས་པའི་སྟེང་དུ་ལྷན་པ་བརྒྱབ་ཡོད་པ་དེ་སྔོན་ཆད་ཆོམ་རྐུན་གྱིས་སྐུ་ལ་སྟ་རེ་བསྣུན་པ་དེའི་ཤུལ་ཡིན་པར་བརྗོད། ཇོ་བོའི་སྐུ་གཟུགས་དེ་སྐུ་རྒྱུ་རིམ་པ་གསུམ་གྱིས་བཟོས་ཡོད་པ་དང་། དབུ་དང་ཕྱག་ཞབས་ཀྱི་ལྷུ་ཚིགས་རྣམས་ལྷུ་ལག་བསྒྲིགས་མ་ཡིན་པར་བཤད།  དབུ་གཅིག་བུ་ལའང་རྒྱ་མ་བརྒྱ་ཡས་མས་ཡོད་པར་བཤད།  པད་འདབ་ཀྱི་སྟེང་དུ་ཐེའུ་བཏབ་ཡོད་པ་རྒྱ་ཡིག་ཡིན་ཟེར། སྐུའི་ཆེ་ཆུང་གི་ཚད་པད་འདབ་ཀྱི་སྟེང་ནས་ལག་པ་བསྲིངས་ན་དབུ་ལ་རེག་ཙམ་ཡོད་ཟེར། འདུ་ཁང་ཉིས་ཐོག་ཡིན་ཞིང་འོག་མའི་གྲལ་མགོར་རྗེ་བཙུན་བྱམས་པའི་འབག་སྐུ་དང་། སྤྱན་རས་གཟིགས་ཕྱག་བཞི་བའི་འབག་སྐུ། ཁྲོས་ནག་གི་འབག་སྐུ། སྒྲོལ་མའི་འབག་སྐུ། སངས་རྒྱས་སྟོང་སྐུའི་གྱན་ཐང་སོགས་རྟེན་གསུམ་རྙིང་བ་མང་བོ་བཞུགས་ཚུལ་ཨ་ཁུ་བློ་བཟང་དཔལ་ལྡན་གྱིས་ཡང་ཡང་གསུངས། འདུ་ཁང་སྟེང་མར་དགེ་འདུན་པའི་འདུ་ཁང་དང་། མཛོད་ཁང་བཅས་ཡོད། གཤོང་ཤན་ཚོ་བ་ལྔའི་མཛོད་ཁང་ཡང་ཐོག་སོར་ཡོད། འདུ་ཁང་འོག་མ་སྔགས་པའི་འདུ་ཁང་ཡིན་ལ་མཛོད་ཁང་ཡང་འོག་ཏུ་ཡོད། གསེར་གྱི་བཀའ་འགྱུར་རིན་པོ་ཆེའི་གླེགས་བམ་ངོས་སུ་ཐིག་ཕྲེང་གོང་མ་གསུམ་བོད་ཡིག་དང་། ཐིག་ཕྲེང་འོག་མ་གསུམ་རྒྱ་ཡིག་ཡིན་པར་བཤད། ང་བརྒྱད་ཡར་སྔོན་དུ་པད་མོ་སྟེང་ཞབས་དྲུང་། གཤོང་ཤན་ནག་ཀ་ཞབས་དྲུང་། རྡོ་འཕོང་ཞབས་དྲུང་། ཆག་ག་ཞབས་དྲུང་། ལུང་བ་ཕར་ག་ཞབས་དྲུང་། གཞི་མ་ནང་ཞབས་དྲུང་། སྨན་པ་ཞབས་དྲུང་སོགས་ཇོ་ཁང་མཁར་ནང་དུ་བཞུགས། མཁར་ཆེན་གྱི་ཕྱི་རོལ་ལྟག་རྒྱབ་ཏུ་སྐུ་འབུམ་ཨ་ལགས་ཨན་འཇའ་སུ་བློ་བཟང་དགེ་འདུན་བསྟན་པ་རིན་ཆེན་གྱི་གཟིམ་ཁང་དང་། གྲྭ་ཤག་ལྔ་ཡོད།  གྲྭ་བའི་གྲངས་ལྔ་བཅུ་ང་བཞི་ཡས་མས་ཤིག་ཡོད་ཟེར། ཇོ་ཁང་མདུན་ངོས་སུ་རྒྱལ་ཆེན་ལྷ་ཁང་དང་དེར་རྒྱལ་ཆེན་བཞིའི་འབག་སྐུ་མི་ཚད་གཉིས་ལྷག་ཙམ་བཞུགས། རབ་རྒྱལ་ས་ཁྱི་སྤྱི་ལོ་༡༩༥༨ལོར་ཇོ་ཁང་གཤོང་ཤན་སྡེ་བས་འབྲུ་མཛོད་ཁང་བྱས། ཇོ་བོ་རིན་པོ་ཆེ་གཏོར་བཅོམ་བྱས་ཏེ་གཞུང་བཞེས་བཏང་། སྐབས་དེར་ཇོ་བོའི་སྐུ་རྒྱུ་རིམ་པ་གསུམ་ཡོད་པ་དངོས་སུ་མཐོང་། གསེར་གྱི་བཀའ་འགྱུར་དྲས་དྲུབ་བྱས་ནས་ལྷམ་བཟོས་པ་དང་། གོ་རེ་སྣོད་སྤྱད་ཀྱི་སློ་མ་དང་། མཉམ་ལས་ཁང་གི་མི་རེ་ཟ་མའི་འཛིན་ཡིག་སོགས་བཟོས། ང་བརྒྱད་ལོར་ཨ་ཁུ་བློ་བཟང་དཔལ་ལྡན་ཇོ་ཁང་དཀོན་གཉེར་ཡིན་པས། ཁོང་གིས་ཇོ་བོ་རྒྱབ་ཀྱི་བྱམས་སྐུ་ཇོ་ཁང་ལྟག་རྒྱབ་ཀྱི་གད་པའི་འོག་ཏུ་སྦས་སྐོང་བྱས་པ་ཕྱིས་སུ་ལྟ་དུས་ཐོར་ཞིག་ཏུ་གྱུར་འདུག་ཟེར། དེར་མ་ཟད་ཁོང་གིས་རྗེ་གསེར་ཁང་རིན་པོ་ཆེའི་མཆོད་འབུལ་སྐབས་ཀྱི་སིལ་སྙན་དང་།བཀའ་གདམས་མཆོད་རྟེན། སིལ་སྙན། སྦུབ་ཆ། ཇོ་བོ་རིན་པོ་ཆེའི་ལྷུང་བཟེད་སོགས་སྦས་སྐོང་བྱས་ཚུལ་ཕྲན་ལ་དངོས་སུ་གསུངས།
             སྤྱི་ལོ་༡༩༦༨ལོའི་རིག་གནས་གསར་བརྗེའི་སྐབས་ཇོ་ཁང་དང་འདུ་ཁང་། རྒྱལ་ཆེན་ཁང་བཅས་རྨང་ནས་བཤིག་སྟེ་གཤོང་ཤན་ཡུལ་ཚོར་བསྣུར། བ་ཡན་རྫོང་གིས་བདག་སྐྱོང་འོག་གྲོང་སྡེ་འགའི་མཛོད་ཁང་དང་འབྲུ་ཁང་བྱས་ཟེར། དེ་དུས་ལྡེ་ཚའི་འདུ་ཁང་ཡང་བཤིག་སྟེ་གཤོང་ཤན་དུ་སློབ་གྲྭ་དང་སྨན་ཁང་སོགས་གང་འདོད་འདོད་ལྟར་བཟོ་སྐྲུན་བྱེད་བཞིན་ཡོད་ཟེར། ང་བརྒྱད་ཡར་སྔོན་དུ་གཤོང་ཤན་ཚོ་བ་ལྔའི་སྐྱེ་ཕོ་མོ་རྣམས་ཇོ་ཁང་དུ་འཛོམས་ནས་བཞི་བའི་མ་ཎི་དང་སྨྱུང་གནས་འཚོགས་པའི་སྲོལ་ཡོད་དོ། །   ཅེས་གཤོང་ཤན་རི་ཁྲོད་ཀྱི་ལོ་རྒྱུས་འདི་ནི་རབ་གནས་ས་ཁྱི་སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོའི་ཧོར་ཟླ་བཅུ་གཉིས་པའི་དམར་ཕྱོགས་དགའ་བ་གཉིས་པའི་ཉིན་སྐུ་འབུམ་རང་ཤག་ཏུ་སངས་རྒྱས་རྒྱ་མཚོས་བསྒྲིགས་པའོ། །    མཆན། སྔོན་ཆད་གཤོང་ཤན་ཚོ་བ་ལྔའི་བཅའ་ཡིག་བྱ་ཁྱུང་དགེ་བཤེས་སྤྲུལ་སྐུའི་བཀའ་ལྟར་བྲིས་ཡོད་པ་དེ། སླན་ཆད་དཔེ་རྒྱུན་དཀོན་པར་མཐོང་ནས་སྐབས་འདིར་ཆ་ཚང་བར་འགོད་ན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1