༄༅།། བཀྲ་ཤིས་ཚེ་རིང་།

དཀོན་མཆོག་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-24


དཀོན་མཆོག་རྡོ་རྗེ།

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་བཀྲ་ཤིས་ཚེ་རིང་རྣམ་གཉིས་ཀྱིས་གསུང་གླེང་གནང་བཞིན་པ།
        འབྱུང་བཞི་སྒྱུ་མའི་ཕུང་པོ་མི་མངོན་པའི་དབྱིངས་སུ་ཐིམས་ཀྱང་། གསལ་ལྷང་ལྷང་གི་མཛད་རྗེས་ཀྱི་གཟི་འོད་ཕྱི་ཕྱིར་རབ་ཏུ་མངོན་པ་ནི་སྐྱེ་བོ་དམ་པ་རྣམས་ཀྱི་རྣམ་ཐར་མཆོག་ཡིན།  ཁོང་སྐུ་གྲོངས་ནས་མི་ལོ་བཅུ་གཅིག་ཙམ་ཟིན་རུང་། འབའ་པ་བཀྲ་ཤིས་ཚེ་རིང་ཞེས་པའི་མཚན་དེ་ཐོས་དུས་དགའ་གུས་ཀྱི་སྙིམ་པ་མི་ཟུམ་མཁན་ཧ་ཅང་ཉུང་།  ལྷག་པར་དུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་སློབ་མ་རེ་རེའི་ངོས་ནས་བཤད་ན་ཁོང་ནི་དྲིན་ཆེན་ཕ་མ་ལས་ཀྱང་བཀའ་དྲིན་ཆེའོ་ཟེར་མཁན་ཤ་སྟག་གོ །
1995ལོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་བསྟན་འགྱུར་ཐོག་མར་པར་དུ་བསྐྲུན་པའི་མཛད་སྒོའི་ཐོག་གསུང་བཤད་གནང་བཞིན་པ།
        ཁོང་གིས་སྐུ་ཚེ་ཧྲིལ་པོར་རྒྱལ་ཁབ་དང་མི་དམངས་ལ་ཞབས་ཞུ་ཚད་མེད་བསྒྲུབས་ཤིང་།  ཁྱད་པར་དུ་བོད་ཀྱི་རིག་གནས་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་ལ་དུས་རབས་ཀྱི་ཉེན་ཚབས་ལས་སྐྱོབ་པའི་ལས་དོན་མང་པོ་བསྐྲུན།  བཀྲ་ཤིས་ཚེ་རིང་ལགས་ཀྱིས་གྲོས་གཞི་བཏོན་པ་ལྟར་1978ལོར་བོད་རྒྱ་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་གི་ལས་དོན་དེ་བསྐྱར་དུ་འགོ་ཚུགས་ཤིང་། ཁྲེན་ཏུའུ་རུ་རྩོམ་སྒྲིག་ལས་དོན་གྱི་ཚོགས་འདུ་འཚོགས་ཏེ་སྐབས་དེའི་སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡིན་པའི་བཀྲ་ཤིས་ཚེ་རིང་ལགས་ཀྱིས་འགོ་ཁྲིད་ཚོ་ཆུང་གི་ཚོགས་གཙོའི་འགན་བཞེས་ཏེ་རྒྱ་བོད་ཀྱི་མཁས་ཆེན་ཀྲང་དབྱི་སུང་དང་། ཀྲུའུ་ཝེ་ཧན། མཁས་དབང་ཚེ་ཏན་ཞབས་དྲུང་དང་། དམུ་དགེ་བསམ་གཏན། གཟན་དཀར་ཐུབ་བསྟན་ཉི་མ། ཉན་ཤུལ་མཁྱེན་རབ་འོད་གསལ། རྡོ་རྗེ་རྒྱལ་པོ་སོགས་སྐབས་དེའི་མཁས་པའི་དབང་པོ་རིན་བྲལ་དག་གདན་འདྲེན་ཞུས་ནས་རྩོམ་སྒྲིག་གི་ལས་དོན་ལ་འགོ་ཁྲིད་གནང་སྟེ་མཐར་སྤྱི་ལོ་1984ལོར་ཁྱོན་བསྡོམས་ཐ་སྙད་ལྔ་ཁྲི་སུམ་སྟོང་ལྷག་ཙམ་འདུས་པའི་བོད་རྒྱ་ཚིག་མཛོད་ཆེན་མོ་པོད་གསུམ་གྱི་བདག་ཉིད་ཅན་དེ་དངོས་སུ་པར་དུ་བསྐྲུན་པས་བོད་ཀྱི་ལོ་རྒྱུས་སུ་ཆེས་ཐོག་མའི་བོད་རྒྱ་ཚིག་མཛོད་ཆེན་མོར་གྱུར་ཅིང་རྒྱ་བོད་རིག་གནས་པ་རྣམས་ལ་དགའ་བ་འབུམ་གྱི་ལེགས་སྐྱེས་སུ་ཐོབ།
བཀྲ་ཤིས་ཚེ་རིང་ལགས་དང་ཐུབ་བསྟན་ཉི་མ་རྣམ་གཉིས་ཀྱིས་བོད་རྒྱ་ཡིག་མཛོད་ཆེན་མོའི་རྩོམ་སྒྲིག་སྐོར་གྲོས་བསྡུར་གནང་བཞིན་པ།
        ཁོང་གིས་སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་སྐབས་བོད་ཀྱི་རིག་གནས་ཉམས་ཤིང་རྒྱུན་ཆད་ལ་ཉེ་བའི་གནས་ཚུལ་ཚབས་ཆེན་དུ་དགོངས་ནས་རང་གི་མདུན་ལམ་གྱི་ཉེན་ཁ་ལ་ཇི་མི་སྙམ་པའི་སྙིང་སྟོབས་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་མི་ཉམས་གོང་སྤེལ་དུ་གཏོང་བའི་ཆེད་དུ་ནུས་ཤུགས་ཡོད་དགུ་རྩལ་སྤྲུགས་གནང་ནས་སྤྱི་ལོ་1981ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་འཛུགས་རྒྱུར་གོང་རིམ་ལ་ཆོག་མཆན་ཞུས་པ་དང་ཆབས་ཅིག  །ཁམས་ཕྱོགས་ཀྱི་ཞིང་འབྲོག་གི་སོ་ནམ་པ་དང་རྫི་བོའི་ཁྲོད་དུ་གནས་པའི་བོད་ཡིག་གི་རྨང་གཞི་ཅུང་བཟང་བའི་སློབ་མ་བརྒྱད་ཅུ་ལྷག་ཙམ་བསྡུས་པ་དང་། ཁོང་དང་གཟན་དཀར་ཐུབ་བསྟན་ཉི་མ་རིན་པོ་ཆེ་སོགས་ཀྱིས་འབད་བརྩོན་ཆེན་པོ་གནང་ནས་བོད་ཁུལ་དུ་མཁས་པའི་དབང་པོ་ཁག་གཅིག་ལུས་ཡོད་པ་རྣམས་དགེ་རྒན་དུ་གདན་འདྲེན་ཞུས་ཏེ་སྡེ་དགེ་རྫོགས་ཆེན་དུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དེ་ཉིད་དངོས་སུ་དབུ་ཚུགས།   ད་ལྟའི་བར་དུ་བོད་ཀྱི་རིག་གནས་རྒྱུན་འཛིན་པ་མི་སྣ་ཁྲི་ལྷག་གསོ་སྐྱོང་བྱས་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཉམས་གསོ་བྱེད་པར་ཕན་འབྲས་བླ་ན་མེད་པར་ཐོབ་ཅིང་།   བོད་ཁམས་ཡོངས་ཀྱི་ལས་རིགས་སོ་སོའི་ལས་རྐང་ཐོག་བོད་ཡིག་སློབ་གྲྭའི་སློབ་མས་མ་ཁྱབ་པ་ཧ་ལམ་མེད་པར་གྱུར།   ཁོང་ལ་རྒྱུས་མངའ་ཆེ་བའི་མི་དག་གིས་དུས་རྒྱུན་བཤད་རྒྱུར།  གལ་ཏེ་བཀྲ་ཤིས་ཚེ་རིང་ལ་རྒྱལ་ཁབ་དང་མི་རིགས་ལ་འགན་ཁུར་ཕོད་པའི་སྤོབས་སེམས་དང་ལྷག་བསམ་མེད་ན་ཞིང་ཆེན་བོད་ཡིག་སློབ་གྲྭ་ཡོད་མི་སྲིད་། ཞིང་ཆེན་བོད་ཡིག་སློབ་གྲྭ་མེད་ན་བོད་ཀྱི་རིག་གནས་ཉམས་གསོ་དང་གོང་འཕེལ་འདི་འདྲ་ག་ལ་ཐུབ་ཡོད་ཅེས་ཤོད་བཞིན་ཡོད། །
1981ལོའི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དབུ་འཛུགས་མཛད་སྒོ།
        1987ལོར་ཀྲུང་གོ་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱིས་ཁྲེན་ཏུའུ་རུ་བཀའ་བསྟན་དཔེ་སྡུར་ཅུས་བཙུགས་ཤིང་། ཁོང་གིས་ཅུས་ཀྲང་གི་འགན་བཞེས་ཏེ་བོད་ཁུལ་གྱི་མཁས་དབང་མང་དག་གདན་འདྲེན་ཞུས་ནས་ས་གནས་སོ་སོའི་ཚད་ལྡན་ཁུངས་ཐུབ་ཀྱི་བཀའ་བསྟན་པར་མ་དང་བྲིས་མ་ལྷག་ལུས་མེད་པར་འཚོལ་སྡུད་གནང་ནས་བཀའ་བསྟན་དཔེ་སྡུར་གྱི་ལས་ཀའི་འགོ་བརྩམས།  1995ལོའི་ཟླ་བ་3པའི་ཚེས་9ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྟན་འགྱུར་དཔེ་བསྡུར་མའི་ཐོག་མའི་འགྲེམ་སྤེལ་གྱི་མཛད་སྒོ་སྤེལ་ནས་དེབ་དང་པོ་དངོས་སུ་པར་སྐྲུན་བྱས་པས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པས་ཚད་མཐོན་པོའི་བསྟོད་བསྔགས་གནང་བ་དང་། ལས་དོན་དེར་ཐུགས་ཁུར་རྒྱབ་སྐྱོར་ཚད་མེད་ཐོབ།  ཁོང་འདས་རྗེས་ཀྱི་ལོ་གསུམ་གྱི་རྗེས་སུ་བཀྲ་ཤིས་ཚེ་རིང་དང་དེ་བཞིན་བོད་ཀྱི་རིག་གནས་ལ་ལྷག་བསམ་དཀར་བའི་མི་སྣ་ཁག་གཅིག་གིས་བགྲང་བྱ་25ཙམ་ལ་འབད་བརྩོན་བྱས་པའི་བཀའ་བསྟན་དཔེ་བསྡུར་དང་རྩོམ་སྒྲིག་པར་སྐྲུན་བཅས་ཀྱི་ལས་ཀ་ཡོངས་སུ་མཇུག་བསྒྲིལ་བས་ཀྲུང་ཧྭ་རིག་མཛོད་ཆེན་མོར་ནོར་བུ་འོད་འབར་ཞིག་གསར་དུ་སྣོན་ཐུབ་པ་བྱུང་ཡོད།
སི་བོད་སློབ་གྲྭ་དབུ་འཛུགས་མཛད་སྒོའི་ཐོག་བཀྲ་ཤིས་ཚེ་རིང་གིས་གསུང་བཤད་གནང་བཞིན་པ།
        བཀྲ་ཤིས་ཚེ་རིང་ལགས་ཀྱི་སྐུ་ཚེ་ཧྲིལ་པོ་ནི་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་ཁ་གཏན་ནས་བྲལ་མ་མྱོང་། དམ་པ་ཁོང་གི་སྙིང་སྟོབས་དང། རྣམ་དཔྱོད། ལྷག་བསམ། འབད་བརྩོན་བླ་མེད་ལས་བྱུང་བའི་ཀྲུང་ཧྭ་བཀའ་བསྟན་དཔེ་སྡུར་གྱི་ལས་དོན་དང་། བོད་རྒྱ་ཚིག་མཛོད་ཆེན་མོ་པོད་གསུམ་ཅན་གྱི་རྩོམ་སྒྲིག་པར་བསྐྲུན།  སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་གསར་དུ་བཙུགས་པ་སོགས་ཀྱི་མཛད་རྗེས་རླབས་པོ་ཆེ་དག་གི་གཟི་འོད་ཀྱིས་བོད་ཀྱི་རིག་གནས་ལོ་རྒྱུས་སུ་བསུབ་ཏུ་མེད་པའི་ལེའུ་གསར་པ་ཞིག་བསྐྲུན་ཡོད། ཁོང་གིས་དཀའ་འཁྲང་གི་ཁྲོད་ནས་བོད་ཀྱི་རིག་གནས་ལ་བཞག་པའི་མཛད་རྗེས་ཀྱི་བཀའ་དྲིན་དག་ནི་ཕྱི་རབས་རྣམས་ཀྱི་དྲན་པའི་ཀློང་ནས་ཡལ་དུ་མི་རུང་བ་ཞིག་གོ །

བཀྲ་ཤིས་ཚེ་རིང་ལགས་ཀྱིས་བཀའ་བསྟན་དཔེ་བསྡུར་གྱི་ལས་ཀར་འཛུབ་སྟོན་གནང་བཞིན་པ།


 བཀྲ་ཤིས་ཚེ་རིང་གི་ལོ་རྒྱུས་ཉུང་བསྡུས།

        སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་ནི་1929ལོའི་ཟླ་བ་3པའི་ནང་ཁམས་ཀྱི་འབའ་ཐང་རྫོང་མཁར་གྱི་མི་སེར་དཀྱུས་མ་ཞིག་གི་ཁྱིམ་དུ་སྐུ་འཁྲུངས།  ཁོང་ཆུང་དུས་ནས་ཕ་རྒན་ཚེ་ལས་འདས་ཤིང་།  གཙོ་བོར་སྲིང་མོ་གཉིས་ཀྱི་ངལ་ལས་ལ་བརྟེན་ནས་ཁོང་སློབ་ཆུང་ནས་དགེ་འོས་སློབ་གྲྭ་བར་གསོ་སྐྱོང་བྱས་ཤིང་།  ས་གནས་དེའི་སློབ་ཆུང་གི་དགེ་རྒན་གནང་ཞིང་1947ལོར་འབའ་ཐང་དགེ་འོས་སློབ་གྲྭའི་ཁོངས་གཏོགས་སློབ་ཆུང་གི་སློབ་གཙོ་གནང་།  1949ལོའི་ཟླ་བ་9པར་གསར་བརྗེའི་ལས་དོན་ནང་ཞུགས་པ་དང་ལོ་དེའི་ཟླ་བ་11པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།  1950ལོར་ཟླ་བ་5པ་ནས་1953ལོ་བར་དུ་དར་མདོའི་དམག་དོན་དོ་དམ་ཨུ་ཡོན་ལྷན་ཁང་དུ་དྲུང་ཡིག་དང་དཀར་མཛེས་ཁུལ་ལས་བྱེད་སློབ་གྲྭའི་སློབ་གསོ་ཁའོ་ཀྲང་གནང་། 1953ལོར་དར་མདོ་རང་སྐྱོང་ཁུལ་མི་དམངས་ཨུ་ལྷན་གྱི་གཞུང་ལས་ཁང་གི་ཀྲུའུ་རེན་དང་ཡིག་བསྒྱུར་ཁང་གི་ཀྲུའུ་རེན་གནང་། 1954ལོར་དར་མདོ་རང་སྐྱོང་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་དང་དཀར་མཛེས་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གནང་། 1958ལོར་ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།  1963ལོར་པེ་ཅིན་དུ་གདན་འདྲེན་ཞུས་པ་ལྟར་མའོ་ཙེ་ཏུང་གི་གསུང་རྩོམ་དང་པོ་ནས་བཞི་པའི་བར་བོད་ཡིག་ཏུ་བསྒྱུར་བའི་ལས་དོན་དུ་ཞུགས། 1964ལོར་ནས་1973ལོའི་བར་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་དྲིལ་བསྒྲགས་པུའུ་ཀྲང་། ལི་ཐང་རྫོང་ཨུའི་ཧྲུའུ་ཅི།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  ཁུལ་གསར་བརྗེ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་བཞེས།  1973ལོར་ཟླ་བ་12པར་སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས། 1986ལོ་ནས་1993ལོའི་ཟླ་བ་2པའི་བར་སི་ཁྲོན་ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་གཞོན་པའི་འགན་བཞེས། 1987ལོ་ནས1999ལོའི་བར་བཀའ་བསྟན་དཔེ་བསྡུར་ཅུས་ཀྱི་ཅུང་ཀྲང་གི་འགན་བཞེས།  ཐེངས་མང་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་འགན་བཞེས།  1999ལོའི་ཟླ་བ་9པར་ལས་འཁྱུར་ངལ་གསོ་གནང་།  སྤྱི་ལོ་2008ལོའི་ཟླ་བ་6པའི་ཚེས་13ཉིན་གྲོང་ཁྱེར་ཁྲེན་ཏུའུ་རུ་དགོངས་པ་རྫོགས། །
གྱ་གཉིས་འཛིན་གྲྭས་སི་བོད་སློབ་གྲྭ་རུ་དྲན་རྟེན་དུ་བཞེངས་པའི་བཀྲ་ཤིས་ཚེ་རིང་གི་འདྲ་སྐུ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1