༄༅།། བོད་བཙན་པོས་མགར་ཚང་ལ་བཀྱོན་ཇི་ལྟར་ཕབ་པའི་རྒྱུ་རྐྱེན་ལ་དཔྱད་པ།

ཁྱུང་པོ་བསོད་ནམས་སྟོབས་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 07-05


 ཁྱུང་པོ་བསོད་ནམས་སྟོབས་རྒྱལ།
[ནང་དོན་གནད་བསྡུས།] བོད་ཀྱི་ལོ་རྒྱུས་ཐོག་ཏུ་གྲགས་པའི་མགར་ཚང་ལ་བཀྱོན་ཕབ་པའི་ཐད་ལ་མཁས་པ་སོ་སོའི་བཞེད་ཚུལ་མི་མཐུན་ཕྱིར། མཐའ་གཅིག་ཏུ་འདིའོ་ཞེས་བརྗོད་པ་དཀའ་ཡང་། ཁོ་བོས་ཏུན་ཧོང་ནས་ཐོན་པའི་བཙན་པོའི་ལོ་རྒྱུས་དང་དོན་ཆེན་གནད་བསྡུས། རྒྱའི་ཡིག་ཚང་ཐང་ཡིག་གསར་རྙིང་སོགས་ཡིག་ཚང་དག་གཤིབ་བསྡུར་གྱིས་དཔྱད་དེ་ལོ་རྒྱུས་ཀྱི་བརྒྱུད་རིམ་ཆེན་མོ་གསུམ་གྱི་ཐོག་ནས་མགར་ཚང་ལ་བཀྱོན་ཇི་ལྟར་ཕབ་ཚུལ་དེ་ཕྱོགས་བསྡུས་བྱས་ཡོད།
[བརྡ་ཆད་གཙོ་བོ།] བཙན་པོ། མགར་ཚང་། བཀྱོན་ཕབ་པ། རྒྱུ་རྐྱེན།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2015-02-0064-13
དང་པོ། བོད་ཀྱི་ལོ་རྒྱུས་ཁྲོད་བཙན་པོ་གནམ་རི་སྲོང་བཙན་ཡར་སྔོན་གྱི་མགར་ཚང་གི་གནས་བབ་རགས་བཤད།
            དེ་ཡང་ཏུན་ཧོང་གཏེར་ཡིག་ཨང་རྟགས་P.T.1286ལས་རྒྱལ་ཕྲན་རྣམས་དང་དེ་དག་གི་རྗེ་བློན་རྣམས་ཀྱི་མིང་བརྗོད་སྐབས། “ཡུལ་ངས་པོའི་ཁྲ་སུམ་ན། རྗེ་དགུ་གྲིའི་ཟིང་པོ་རྗེ། བློན་པོ་མགར་དང་མཉན་གཉིས།”① ཞེས་རྒྱལ་ཕྲན་སིལ་མ་བཅུ་གཉིས་སྐབས་སུ་ཟིང་པོ་རྗེའི་བློན་གྱི་འགན་དེ་རུས་མགར་ཅན་གྱི་མི་བུ་ཞིག་གིས་བཟུང་སྟེ་ཆབ་སྲིད་ཀྱི་ཁ་ལོ་བསྒྱུར་བ་གསལ་བོ་ཤེས་ཐུབ་པར་མ་ཟད། མགར་ཚང་ནི་མ་མཐའ་རུ་རྒྱལ་ཕྲན་སིལ་མ་བཅུ་གཉིས་སྐབས་ནས་བཟུང་ཡར་ལུང་གཙང་པོའི་ཉེ་བའི་ཡུལ་གྱི་ཆ་རུ་འཚོ་བཞེས་བྱས་པར་མཚོན། རྒྱལ་ཕྲན་སིལ་མ་བཅུ་གཉིས་སྐབས་སུ་བྱུང་བར་གྲགས་པའི་ཟིང་པོ་རྗེའི་མཛད་འཕྲིན་དང་། དེའི་བློན་པོ་མགར་མིང་ཅན་གྱི་བྱུང་རབས་སོགས་ཉེ་བར་ལག་ཏུ་ཟིན་པའི་ཡིག་ཚང་གཞན་པར་མཇལ་བའི་སྐལ་བ་ཕྲ་ཕྱིར་ཀློག་པོ་པོར་ལོ་རྒྱུས་དངོས་བྱུང་གི་སྐད་ཆ་ཞིག་བརྗོད་མི་ནུས། ང་ཚོས་ཏུན་ཧོང་གཏེར་ཡིག་ཨང་རྟགས་P.T.1287ལས་བོད་ཀྱི་རྒྱལ་རབས་སོ་གཅིག་པ་ཡབ་སྟག་རི་གཉན་གཟིགས་ཀྱི་སྲས་གནམ་རི་སྲོང་བཙན་གྱི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པའི་སྐབས་སུ། ཡུལ་ངས་པོ་དང་ཟིང་རྗེ་སོགས་ཀྱི་མིང་བྱུང་བ་མ་ཟད། ཡུལ་ངས་པོ་ཞེས་པ་ས་ཆའི་གནས་བབ་དང་བསྟུན་ཟིང་པོ་རྗེ་དང་འབྲེལ་བའི་ལོ་རྒྱུས་མི་ཉུང་བ་ཞིག་འཁོད་པར་གོང་དང་འབྲེལ་བའི་ལོ་རྒྱུས་ཀྱི་ཁུངས་སྣེ་ཞིག་བཙལ་ཐུབ།
            ཏུན་ཧོང་གཏེར་ཡིག་ཨང་རྟགས་P.T.1287དུ། “མཁར་པྱྀང་བ་སྟག་རྩེ་ན་ནྀ་རྒྱལ་སྟག་བུ་སྙ་གཟྀགས་བཞུགས།། ཉེན་ཀར་རྙིང་པ་ནྀ་ཟིང་པོ་རྗེ་སྟག་སྐྱ་པོ་མཆིས།། སྔུར་བའྀ་ཡུལ་སྣ་ན་ནྀ།། ཟྀང་པོ་རྗེ་ཁྲི་པངས་སུམ་མཆིས།།”②ཞེས་པ་ལྟར་བཙན་པོ་སྟག་བུ་སྙ་གཟིགས་ཀྱི་སྐུ་རིང་དུ། ཟིང་པོ་རྗེ་སྟག་སྐྱ་བོ་དང་ཟིང་པོ་རྗེ་ཁྲི་པངས་སུམ་ཞེས་ཡུལ་མི་འདྲ་བ་གཉིས་ལ་བོད་གཉེན་ཚན་གྱི་རྒྱལ་ཕྲན་གཉིས་བྱུང་ཞིང་། དེ་ནི་ཡར་ལུང་བཙན་པོའི་རྒྱལ་རབས་ཀྱི་ཆབ་སྲིད་ལ་ཁ་གཏད་དུ་ལངས་པའི་རྒྱལ་ཕྲན་སྟོབས་ཆེན་གཉིས་ཡིན་ལ། དུས་སྐབས་དེར་ཡུལ་ཡར་ལུང་དུ་དབང་ཤེད་དང་ཁ་སྟབས་སྤུ་རྒྱལ་བོད་དང་མཉམ་པར་སྣང་། རྒྱལ་ཕྲན་སིལ་མའི་སྐབས་ཀྱི་ཟིང་པོ་རྗེ་དེ་ལོ་རྒྱུས་ཀྱི་འཕེལ་རིམ་ཆེན་མོའི་ཁྲོད་དུ།རྒྱལ་ཕྲན་ནང་ཁུལ་དུ་མ་མཐུན་པར་འགལ་བ་ཆེར་སོང་བ་དང་ཆབས་ཅིག རྒྱལ་ཕྲན་གཉིས་སུ་གྱེས་ཏེ་གཅིག་གིས་ལྷ་སའི་སྐྱིད་ཤོད་ས་ཁུལ་བདག་ཏུ་བཟུང་བ་དང་། གཅིག་ཤོས་ཀྱིས་མལ་གྲོ་གུང་དཀར་ས་ཁུལ་བདག་ཏུ་བཟུང་། ཏག་ཏག་སྟག་བུ་སྙ་གཟིགས་སྐབས་སུ་རྒྱལ་ཕྲན་གཉིས་པོ་ཕན་ཚུན་བར་དུ་སླར་ཡང་འགལ་བ་ཇེ་ཆེར་སོང་མཐར། ནག་པོ་འཁུས་ནས་སྐྱ་བོ་བསད་དེ། སྟག་སྐྱ་བོའི་ཡུལ་ཡེལ་རབ་སྡེ་བཞི་དང་ཀླུམ་ཡ་གསུམ་དང་བཅས་པ་ཁྲི་པངས་སུམ་གྱི་མངའ་འོག་ཏུ་བསྡུས། གནམ་རི་སྲོང་བཙན་གྱི་སྐུ་རིང་ལ་ཟིང་པོ་རྗེ་ཁྲི་པངས་སུམ་གྱི་བཀའ་ལ་གཏོགས་པའི་བློན་མྱང་དབའ་མནོན་དང་ཚེས་པོང་། གཞན་ཁྱུང་པོ་སོགས་ཀྱི་དཔུང་རོགས་ལ་བརྟེན་ནས། ཟིང་པོ་རྗེ་བརླགས་ཏེ། ཕག་གི་ཡུང་བ་སྣ་མན་ཆད། ཀོང་བྲེ་སྣ་ཡན་ཆད་བཙན་པོ་གནམ་རི་སྲོང་བཙན་གྱིས་ཕྱག་གིས་བཞེས། ཡུལ་ངས་པོ་ཞེས་པ་དེ་འཕན་ཡུལ་དུ་མིང་བརྗེས།
            དེས་ན་རྒྱལ་ཕྲན་སིལ་མ་བཅུ་གཉིས་སྐབས་ཀྱི་ཡུལ་ངས་པོ་ཁྲ་གསུམ་དང་གནམ་རི་སྲོང་བཙན་གྱི་སྐུ་རིང་དུ་ཡུལ་ངས་པོ་ལས་འཕན་ཡུལ་དུ་མིང་སྤོས་ཞེས་པའི་ངས་པོ་གཉིས་འབྲེལ་བ་ཆེན་པོ་ཡོད་པར་སྣང་སྟེ། ལོ་རྒྱུས་ཀྱི་འཕེལ་རིམ་ཆེན་མོའི་ཁྲོད་དུ་རྒྱ་ཁྱོན་ཆེ་ཞིང་ཕ་མཐའ་བྲལ་བའི་ཕ་གཞིས་དག་གཞན་ལག་ཏུ་ཤོར་ནས་ཡུལ་ཉི་ཚེ་བ་གྱུར་བའི་རྣམ་པ་ཡོད་ལ། ས་གཞི་ཆུང་ཆུང་དག་དྲག་པོ་དམག་གི་དཔུང་རོགས་ལ་བརྟེན་ནས་གཞན་ཡུལ་ཆེན་པོ་བདག་དབང་དུ་བཟུང་བ་སོགས་ནི་འཇིག་རྟེན་ཆོས་ཉིད་ལགས་པས་ཡུལ་ངས་པོ་ཞེས་པ་དེའང་སྐབས་རེར་མལ་གྲོ་གུང་དཀར་ས་ཁུལ་དང་ལན་རེར་ལྷ་སའི་ཡུལ་དབུས་དང་འབྲེལ་བའི་ཀོང་པོ་དང་བཅས་པའི་མུ་མཐའ་བྲལ་བའི་སའི་ཁྱོན་དང་། མཚམས་རེར་ལྷ་སའི་ནུབ་བྱང་གི་སྟོད་ལུང་མཚུར་ཕུ་དང་། ལྷོའི་རྐོང་པོ། ཡར་ལུང་གཙང་པོའི་རབ་ངོགས་དང་བཅས་པའི་ཡུལ་གྱི་ཁྱོན་ཆེན་མོ་ཞིག་ལ་ངོས་འཛིན་དགོས།དེ་བཞིན་རྒྱལ་ཕྲན་སིལ་མ་བཅུ་གཉིས་སྐབས་ཀྱི་ཡུལ་ངས་པོ་ཁྲ་གསུམ་ཞེས་པ་ནི་རུས་མགར་ཅན་གྱིས་བློན་གྱི་འགན་བཞེས་མྱོང་ཞིང་། ཡུལ་ངས་པོ་ཁྲ་གསུམ་དེ་ཡུལ་འདིའོ་ཞེས་ཁྲིག་ཁྲིག་ཅིག་ཁ་ཚོན་བཅད་པའི་ཞིབ་འཇུག་གི་དཔྱད་འབྲས་མ་མཐོང་ཡང་། ཧྥ་རན་སིའི་བོད་རིག་པའི་མཁས་པ་པཱ་ཁི་ལགས་ཀྱིས་ཡར་ལུང་གཙང་པོའི་བྱང་ཕྱོགས་ཏེ། ཡུལ་དབུས་ལྷ་ས་དང་ཀོང་པོའི་བར་གྱི་སའི་ཁྱོན་ལ་ངོས་འཛིན་འདུག ཧྥ་རན་སིའི་བོད་རིག་པའི་མཁས་པ་པཱ་ཁིས་ལྟར་ན།རྒྱལ་ཕྲན་སིལ་མ་བཅུ་གཉིས་སྐབས་མགར་བློན་དང་འབྲེལ་བའི་མགར་ཚང་དག་ས་ཆ་དེར་གཞིས་སྡོད་བྱས་པར་འདོད།འོན་ཀྱང་། དེ་ནས་མར་རྩིས་པའི་བོད་རྒྱལ་སོ་གཉིས་པ་གནམ་རི་སྲོང་བཙན་གྱི་སྐུ་རིང་དུ་ཆབ་སྲིད་ཀྱི་བཀའ་ལ་གཏོགས་པའི་བློན་མགར་ཞང་སུམ་སྣང་གི་བར་དུ་བོད་བཙན་པོའི་རྒྱལ་རབས་སོ་གཅིག་རིང་རུས་མགར་དང་འབྲེལ་བའི་ལོ་རྒྱུས་འཁོད་པ་མ་མཐོང་ཕྱིར། མགར་རིགས་རྒྱུད་ཀྱི་འཕེལ་རིམ་གྱི་ཁ་ཕྱོགས་དང་ཡུལ་ཕྱོགས་གང་དང་གང་དག་འཚོ་སྡོད་བྱས་པ་གསལ་བོ་ཞིག་མི་མངོན། དེང་སང་མཁས་པ་མང་པོས་མགར་རིགས་ཀྱི་ལོ་རྒྱུས་དེ་སྙིང་སྟོབས་དང་བློ་གྲོས་ཀྱི་དཔལ་གྱིས་ཕྱུག་པའི་མགར་སྟོང་བཙན་ཡུལ་བཟུང་ནས་འགོ་བརྩམས་ཏེ། སྤོབས་པ་དང་ལ་རྒྱ་ཡི་གཟི་བརྗིད་མཐོ་བའི་མགར་བུ་ཁྲི་འབྲིང་གི་བར་ཏེ།མགར་ཡབ་སྲས་གསུམ་གྱི་སྐུ་རིང་གི་མཛད་འཕྲིན་དག་གནད་དུ་བཟུང་ནས་བརྗོད་ཀྱིན་འདུག་སྟེ། ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་འདུས་སྲོང་མང་བཙན་གྱི་བར་བགྲང་བྱ་ལྔ་བཅུ་ལྷག་ཙམ་དུ་བོད་བཙན་པོའི་རྒྱལ་རབས་བྱུང་བའི་ལོ་རྒྱུས་ཁྲོད་མགར་ཚང་གི་ལོ་རྒྱུས་ནི་གཟི་འོད་རབ་ཏུ་མཆེད་པའི་རིན་པོ་ཆེ་ཞིག་འདྲ་ལ། དུས་སྐབས་དེའི་བཙན་པོའི་རྒྱལ་རབས་ལ་མཚོན་ན་མགར་ཚང་ནི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་། ལྷག་པར་དུ་ཆབ་སྲིད་ཀྱི་ལས་གཞི་ཆེན་པོའི་ཁྲོད་བཀའ་དྲིན་བླ་ལྷག་ཆེ་བ་ནི་ལོ་རྒྱུས་ཀྱི་མེ་ལོང་ངོས་སུ་ལྷམ་མེར་གསལ།
གཉིས་པ། བཙན་པོ་འདུས་སྲོང་མང་པོ་རྗེ་དང་མགར་ཚང་བར་དུ་བྱུང་བའི་འགལ་བའི་བརྒྱུད་རིམ་བཤད་པ།
            བཙན་པོ་འདུས་སྲོང་མང་པོ་རྗེ་དང་མགར་ཚང་བར་དུ་བྱུང་བའི་འགལ་བ་དེ་དུས་ནམ་ཞིག་ལ་མགར་བློན་སུའི་སྐུ་རིང་དུ་ཚུལ་ཇི་ལྟར་བྱུང་ཚུལ་ཤེས་པར་བྱ་རྒྱུ་ནི་དཔྱད་རྩོམ་འདི་འབྲི་བའི་རྩ་བའི་དམིགས་ཡུལ་ཡིན། བོད་བཙན་པོའི་རྒྱལ་རབས་རིམ་བྱུང་ལས་མགར་བུ་མི་སྣ་བཞིས་བཙན་པོའི་བཀའ་ལ་གཏོགས་པའི་བློན་ཆེན་པོའི་འགན་བཞེས་མྱོང་ཞིང་། བློན་ཆེན་བཞི་བོའི་མཛད་རིམ་དག་ཞིབ་ཀྱི་གཞིགས་ཚེ་ད་གཟོད་བཙན་པོར་གློ་ལོག་པའི་འགལ་བའི་དོན་རྐྱེན་དེ་ཇི་ལྟར་སྒོས་བྱུང་ཚུལ་རྟོགས་ཐུབ། བློན་ཆེན་པོ་བཞི་ལས་མགར་ཞང་སུམ་སྣང་དང་འབྲེལ་བའི་ལོ་རྒྱུས་ད་ཡོད་ཀྱི་ཡིག་ཚང་ཁག་ཏུ་རགས་རམ་ཙམ་མ་གཏོགས་མེད་ཕྱིར་ཉེས་བསྟོད་ཀྱི་ཆ་བརྗོད་མི་ནུས། ཏུན་ཧོང་ནས་ཐོན་པའི་ལོ་རྒྱུས་ཡིག་ཆ་དང་བོད་སིལ་བུའི་གཞུག་ཏུ་བརྩམས་པའི་ལོ་རྒྱུས་དེབ་ཐེར་ཁག་གཤིབ་བསྡུར་སྒོས་དཔྱད་པར་བྱེད་ཚེ། མགར་སྟོང་བཙན་ཡུལ་བཟུང་གི་སྐུ་རིང་དུ་བཙན་པོ་དང་གློ་ལོག་པའི་དོན་རྐྱེན་བྱུང་མྱོང་མེད་དེ། ཞང་ཞུང་འབངས་རྣལ་མ་རུ་བཀུག་པའི་གཞུག་ཅིག་ལ་བཙན་པོ་རྗེ་འབངས་དགྱེས་སྐྱེམས་སྟོན་མོའི་ཚོགས་ཐོག་ཏུ་སྲོང་བཙན་སྒམ་པོ་དང་མགར་སྟོང་བཙན་གཉིས་ཕན་ཚུན་དུ་བླངས་པའི་མགུར་ལས་ཀྱང་གསལ་བོར་རྟོགས་ཐུབ། སྲོང་བཙན་སྒམ་པོས་བཞེངས་པའི་མགུར་གྱི་གླེང་སློང་སྐབས། “ཀྱེ་རྗེ་འི་ནི་མཚན་བ་འདི།། ཁྲྀ་འི་ནྀ་སྲོང་བརྩན་ཞིག། བློན་གྱྀ་ནི་མྱིང་བ་འདྀ།།སྟོང་རྩན་ནི་ཡུལ་བཟུང་ཞྀག”③ཅེས་རྒྱལ་བློན་གཉིས་ཀྱི་ཕྲིན་ལས་གཟི་བརྗིད་དེ་བློན་འབངས་གསར་རྙིང་ཡོངས་ལ་ངོ་སྤྲོད་མཛད་པ་འདིས་ཀྱང་བློན་ཆེན་མགར་སྟོང་བཙན་ནི་རྒྱལ་པོའི་ཐུགས་བརྩེ་བླ་ལྷག་ཆེ་བའི་བློན་པོ་ཞིག་ཡིན་པར་ཤེས་ཐུབ། སྲོང་བཙན་སྐུ་གྲོངས་རྗེས། བཙན་པོ་མང་སྲོང་མང་བཙན་ན་མ་སོན་པའི་དུས་ཡུན་རིང་པོའི་ནང་དུ། མགར་སྟོང་བཙན་ཡུལ་བཟུང་གིས་རྒྱལ་བློན་ཅི་ལྕོགས་ཀྱི་འགན་བཞེས་ཏེ་བོད་བཙན་པོའི་ཆབ་སྲིད་ཀྱི་ལས་གཞི་ཆེན་མོ་ཕྲག་ཏུ་འཁུར་ཏེ་རྒོད་གཡུང་གི་དབྱེ་བ་ཕྱེས་པ་དང་། ཁོད་ཤམ་ཆེན་མོ་སོགས་བཀའ་ཁྲིམས་ཀྱི་ཡི་གེ་གཏན་ལ་ཕབ། ལྷག་པར་སྐུ་ན་བགྲེས་ཀྱང་དྲག་པོ་དམག་གི་ཆིབས་ཁ་དེ་འ་ཞ་རུ་བསྟུན་མར་བགྲང་བྱ་བརྒྱད་ཀྱི་རིང་དུ་དྲངས་ཏེ།ཡུལ་མདོ་སྨད་མངའ་དབང་བསྒྱུར་ཞིང་། འ་ཞ་ཡོངས་རྫོགས་འབངས་རྣལ་མ་རུ་བཀུག 《བློན་ཆེན་པོ་རྩལ་ཅན་རིམ་བྱུང་》དུ་“དེ་འི་འོག་ཏུ་མགར་སྟོང་རྩན་ཡུལ་ཟུང་གྀས་བྱས་སོ། ཡུལ་ཟུང་རྒས་ནས། འོ་མ་ལྡེ་ལོད་བཙན་བཅུག་གོའ།། རྀང་བོ་མ་རག་པར་གློ་བ་རིངས་ནས་བཀུཾ་མོ། འུང་ནས་བློན་སྟོང་རྩན་སླར་བཅུག་སྟེ། ལོ་དྲུག་བགྱིས། ནས།། རྒས་ཏེ་གུཾ་མོ།”④ཞེས་སྤྱི་ལོ་660ལོར། ཡུལ་བཟུང་རྒས་ནས་བློན་ཆེན་པོ་བྱ་བ་ལས་ཁྱུར་ངལ་གསོ་བྱས་ཏེ། ཡུལ་བཟུང་གི་དོད་དུ་འོ་མ་ལྡེ་འོད་བཙན་ཞེས་བྱ་བས་བློན་ཆེན་མོའི་འགན་བཞེས་ཀྱང་། ཡུན་རིང་མ་འགོར་བ་བཙན་པོར་གློ་རིངས་ནས་བཀུམ་བས། བློན་ཆེན་མགར་སྟོང་བཙན་ཡུལ་བཟུང་སྐུ་ལུས་ཇི་ལྟར་བགྲེས་ཀྱང་སླར་བཙན་པོའི་ཆབ་སྲིད་ཀྱི་བཀའ་ལ་གཏོགས་པའི་བློན་ཆེན་གྱི་འགན་མི་བཞེས་ཐུ་མེད་དུ་གྱུར་ནས། སྐུ་ཚེགས་ལ་མ་འཛེམ་པར་མུ་མཐུད་འ་ཞ་སོགས་མཐའ་མཚམས་རྒྱལ་ཕྲན་དག་དབང་དུ་བསྡུ་བའི་ལས་ལ་ཞུགས། གནས་ཚུལ་དེས་དུས་སྐབས་དེར་བཙན་པོར་ལྷག་བསམ་བློ་དཀར་ཅན་གྱི་བློན་པོ་དཀོན་པ་དང་། འོ་མ་ལྡེ་ལོད་བཙན་ལྟ་བུ་ནང་རུལ་ཅན་གྱི་བློན་པོས་བཙན་པོའི་རྒྱལ་སྲིད་ལ་གོད་ཆག་དང་བར་ཆད་རབ་དང་རིམ་པ་བགྱིས་པས། གསེར་ས་འོག་ཏུ་ཡོད་ཀྱང་འོད་ནམ་མཁའ་ཞེས་པ་ལྟར། མགར་སྟོང་བཙན་ལྟ་བུ་བློན་ཆེན་ནི་བཙན་པོ་སྲོང་བཙན་མ་ཟད་མང་སྲོང་མང་བཙན་གྱི་རྒྱལ་སྲིད་ལ་ལྷག་ཏུ་མཁོ་གལ་ཆེ་ཕྱིར། དགུང་གྲངས་ཇི་ལྟར་མཐོ་བ་དང་སྐུ་ལུས་ཀྱི་འབྱུང་གཞི་ཇི་འདྲ་མི་བདེ་ནའང་། འཛམ་གླིང་སྔོན་ཐོན་དཔལ་ཡོན་མིའི་རིགས་ཀྱི་རྐང་རྗེས་འཐུ་བཞིན་པའི་མི་རིགས་ཤིག་གི་བདེ་སྡུག་ཕྲག་ཏུ་འཁུར་ནས། རྟ་མཆོག་གི་སྒ་གཞོང་དུ་བློན་པོ་ཁོང་གི་ཡངས་པའི་རྣམ་དཔྱོད་དང་ཟླ་མེད་ཀྱི་སྙིང་སྟོབས། ལྷག་བསམ་གྱི་འོད་དཀར་དེ་བཙན་པོའི་རྒྱལ་རབས་ཀྱི་སྐྱིད་སྡུག་ལོ་ཟླའི་ཁྲོད་དུ་ལྷང་ངེར་གསལ་ལོ།།
            མགར་སྟོང་བཙན་ཡུལ་བཟུང་སྐུ་གྲོངས་རྗེས། མགར་སྲས་བཙན་སྙ་ལྡོམ་བུ་དང་ཁྲི་འབྲིང་བཙན་བྲོད་གཉིས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་ཆེ་ཆུང་རབ་དང་རིམ་པ་འཁུར་ནས།བཙན་པོའི་རྒྱལ་རབས་ལ་ཞབས་ཞུ་སྲིད་ན་བརྗིད་པ་ཕུལ་མྱངས། ཏུན་ཧོང་གཏེར་ཡིག་ལས་ཐོན་པའི་དོན་ཆེན་གནད་བསྡུས་སུ་འཁོད་པ་ལྟར་ན། “བྱའི་ལོ་སྟེ་སྤྱི་ལོ་673ལོར།མགར་བཙན་སྙས་འདུན་མ་འདོང་ཀའི་ནེ་ཙོ་ལུང་དུ་བསྡུས་ཏེ་འབྲོག་མཁོས་ཆེན་པོ་བགྱིས་པ་ནས་བཟུང་།”⑤ཞེས་བྱའི་ལོ་སྟེ་སྤྱི་ལོ་685ལོ་སྐུ་གྲོངས་པའི་བར་གྱི་བགྲང་བྱ་བཅུ་གཉིས་ཀྱི་རིང་དུ། ཞིམས་ཀྱི་གུ་རན་དུ་ཞང་ཞུང་གི་བཀའ་ཁྲིམས་བཟོས། གྲུ་གུ་ཡུལ་དུ་དམག་དྲངས་པ། མཚོ་སྔོན་པོའི་ཉེ་བར་དྲག་པོ་དམག་གི་བཀོད་བདམས་ས་ཁུལ་བཙུགས་པ།སྤྲགས་ཀྱི་མུར་གས་དང་ཟྲིད་མདབ། སྒྱོག་རམ། དབུ་རུ་ཤོད་ཀྱི་རེ་སྐམ་སོགས་སུ་ལོ་ལྟར་འདུན་མ་བསྡུས་བ་སོགས་ཡབ་མགར་སྟོང་བཙན་གྱི་མཛད་པ་ལྷག་མ་དག་སྤྱི་བོར་བཀུར་ཏེ་བསམ་སྤྱོད་ཀྱི་ཆ་གང་ན་གཞིགས་ཀྱང་བཙན་པོར་བློ་དཀར་བ་དང་འབངས་ལ་ཐུགས་བརྩེ་བའི་དོན་ཁོ་ནར་གཉེར་བས། བློན་ཆེན་བཙན་སྙ་ལྡོམ་བུའི་སྐུ་རིང་ལ་བཙན་པོ་དང་མགར་ཚང་བར་དུ་ཐད་ཀར་འགལ་བ་ཆེར་མ་བྱུང་བ་འདྲ། འོ་ན་མགར་ཚང་ལ་ཕབ་པའི་བཀྱོན་དེ་ཇི་ལྟར་བྱུང་བ་ཡིན་ཞེ་ན། དེ་ནི་མགར་ཕ་བུས་བཙན་པོ་རབས་ཀྱི་བློན་གྱི་འགན་བཞེས་པའི་དུས་ཡུན་རིང་ཞིང་། བློན་གྱི་འགན་བཞེས་ཡུན་དུ་ཆབ་སྲིད་ཀྱི་གོ་གནས་གལ་ཆེན་བཟུང་པས།ཕྱི་ནང་ཆབ་སྲིད་ཀྱི་དོན་དུ་མི་བུ་མང་པོ་ཞིག་གི་ངོ་གདོང་དམར་རྗེན་བཤུས་པ་དང་། ཆབ་སྲིད་ཀྱི་དོན་དུ་ཕྱི་ནང་གི་འགལ་བའི་རྒྱུ་རྐྱེན་དུ་མ་རིམ་གྱིས་ཚོགས་ཏེ། དུས་ཚོད་ཀྱི་རྒྱུད་རིམ་རིང་པོའི་ཁྲོད་ཕན་ཚུན་བར་གྱི་འགལ་བ་དེ་རྡུལ་ནས་རྡེའུ་དང་རིམ་བཞིན་འཕེལ་ཏེ། མཐར་བོད་ཀྱི་ལོ་རྒྱུས་ཐོག་ཏུ་ལྟ་མཁན་ཚོ་མིག་ཞར་བ་དང་མཉན་མཁན་ཚོ་རྣ་བ་གཙེས་པའི་འགལ་བ་ཛ་དྲག་ཅན་དུ་གྱུར་བ་མ་གཏོགས། སྐད་ཅིག་མའི་རྒྱུ་རྐྱེན་ལས་བྱུང་བ་ཞིག་མིན་པར་མགར་བུ་དག་གི་ལོ་རྒྱུས་སུ་གསལ་བོར་རྟོགས་ནུས། དེའི་ཕྱིར་འགལ་བ་དེ་འགལ་བ་སྣ་གཅིག་ཙམ་མ་ཡིན་ཏེ། ཕྱི་ནང་རྒྱུ་རྐྱེན་སྣ་ཚོགས་འཕྲད་དེ་ད་གཟོད་མེ་ལྕེ་བཞིན་དུ་དགུང་དུ་མཆེད་པ་འདོད་དེ་ཅུང་ཞིབ་ཀྱིས་འཆད་ན།
གཅིག མགར་བཙན་སྙ་ལྡོམ་བུ་དང་དབའས་སུམ་སྣང་བར་དུ་བྱུང་བའི་འགལ་རྐྱེན་བཤད་པ།
            ཏུན་ཧོང་གཏེར་ཡིག་ཨང་རྟགས་P.T.1287དུ། “འུང་ནས་བློན་སྟོང་རྩན་སླར་བཅུག་སྟེ། ལོ་དྲུག་བགྱིས། ནས།། རྒས་ཏེ་གུཾ་མོ།། སྐྱིན་བར་ཞང་ལོན་པྲ་མོ་དང་འབངས་ཀྱིས་དཔྱའད་པ་ནྀ།། དབའས་སུམ་སྣང་། བཅུག་ཀྲང་ཞེས་དཔྱད་དོ།། རྗེ་བློན་གསངས་སྟེ་བཀའ་བཏགས་པ་ནྀ།། མགར་བཙན་སྙ་ལྡོམ་བུ་རྟ་དྡ། མཚུངས་རྀགས་ཀྱིས་བློན་ཆེར་བཅུག་གོ།།བློན་ཆེ་འྀ་ལུགས་སློབ་པ་འི་འོག་པོན། དབའས་སུམ་སྣང་གྀས་བྱས་ཏེ། སུམ་སྣང་གུམ་ནས།། བློན་བཙན་སྙ་ལྡོམ་བུས་བྱས་སཱོ།།”⑥ཞེས་བཙན་སྙ་ལྡོམ་བུ་དུས་ནམ་ཙམ་བློན་ཆེན་གྱི་འགན་བཞེས་པ་དང་། ཚུལ་ཇི་ལྟར་སྒོས་བློན་གྱི་སྟེགས་བུར་འཛེགས་པའི་བརྒྱུད་རིམ་གསལ་བོར་འཁོད་ཡོད།བརྒྱུད་རིམ་དེའི་ཁྲོད་དུ་དབའས་སུམ་སྣང་གིས་བློན་ཆེན་པོའི་གོ་གནས་དེ་རྩོད་ལེན་བྱས་ཀྱང་། ཡབ་མགར་སྟོང་བཙན་ཡུལ་བཟུང་གི་རྒྱལ་བློན་སོ་སོའི་ཞལ་ངོར་བཞག་པའི་བག་ཆགས་དང་མེ་རི་བཞིན་མཆེད་པའི་མགར་ཚང་གི་སྟོབས་ཤུགས་སོགས་ཟིལ་གྱིས་གནོན་མ་ཐུབ་པར་བཙན་སྙ་ལྡོམ་བུ་རྒྱལ་བློན་དག་གིས་གསང་བའི་སྒོ་ནས་བློན་ཆེན་པོར་བཅུག་པ་དང་། ཞང་ལོན་པྲ་མོ་དང་འབངས་ཀྱིས་བློན་ཆེན་པོའི་གོ་གནས་ལ་རེ་བས་བཏེགས་པའི་དབའས་སུམ་སྣང་བློན་ཆེན་པོའི་ལུགས་སློབ་པའི་འོག་དཔོན་བསྐོས་འདྲ། འོན་ཀྱང་། དོན་ཆེན་གནད་བསྡུས་སུ་གསལ་བར་ལྟར་ན། སྤྱི་ལོ་667ལོར་བློན་ཆེན་པོ་མགར་སྟོང་བཙན་ཡུལ་བཟུང་སྐུ་གྲོངས་པ་ནས་སྤྱི་ལོ་672བར་གྱི་ལོ་ལྔའི་རིང་དུ་ལོ་རེའི་བཙན་པོའི་རྒྱལ་རབས་གཞུང་གི་དོན་ཆེན་བརྗོད་སྐབས།བཙན་པོ་ཡུལ་གང་དུ་བཞུགས་པ་དང་ལོ་རེར་བྱུང་བའི་གནས་ཚུལ་གལ་ཆེན་དག་བསྡུས་ནས་བརྗོད་པ་མ་གཏོགས། བློན་ཆེན་སུས་འདུན་མ་ཇི་ལྟར་བསྡུས་ཚུལ་སོགས་མིང་ཙམ་མེད་པར་བལྟས་ན། ལོ་ངོ་དེ་དག་གི་རིང་ལ་དབའས་དང་མགར་གྱི་བར་དུ་བློན་ཆེན་པོའི་གོ་ས་རྩད་མ་ཆོད་པར་ལུས་ཏེ་ཕན་ཚུན་བར་དུ་སྡང་སེམས་དང་འགྲན་རྩོད་སོགས་ཀྱི་འགལ་བ་ཇེ་ཆེར་སོང་བའི་ལོ་ལྔ་ཡིན་པར་སྣང་། ཡང་དོན་ཆེན་གནད་བསྡུས་སུ་སྤྱི་ལོ་673ནས་སྤྱི་ལོ་679བར་གྱི་ལོ་དྲུག་གི་རིང་བློན་བཙན་སྙ་ལྡོམ་བུའི་མིང་གསུམ་བྱུང་ཞིང་། མིང་གསུམ་པོ་ལས་གཅིག་མིང་རྐྱང་ཙམ་མ་གཏོགས་མིང་གི་སྔོན་དུ་ཆོ་ལོ་དང་རུས་གང་ཡང་མེད་པ་དང་། གཉིས་ཀྱི་མགོར་བློན་ཞེས་པའི་ཆོ་ལོ་ཙམ་སྦྱར་བར་དཔག་ན། མགར་བཙན་སྙ་ལྡོམ་བུ་ད་དུང་བློན་ཆེན་པོའི་གོ་གནས་ཐོབ་མེད་པ་ཤེས་ཐུབ་སྟེ། གོང་དུ་སྨོས་པའི་རྒྱལ་བློན་དག་གིས་གསང་བའི་སྒོ་ནས་བློན་ཆེན་པོར་བཅུག་ཅེས་པས་རྒྱལ་བློན་འགའ་ཤས་ཀྱིས་ནང་ཁུལ་དུ་བློན་ཆེན་གྱི་གོ་ས་སྤྲད་པ་མ་གཏོགས། བོད་བྱིངས་ཀྱིས་ཁས་ལེན་པའི་ཡོངས་གྲགས་ཀྱི་བློན་ཆེན་པོ་ཞིག་མིན་པ་རིགས་པས་དེད་ན་ཤེས་སླ། བཙན་པོ་མང་སྲོང་མང་བཙན་འདད་བཏང་བའི་ཕྱི་ལོ་སྟེ་སྤྱི་ལོ་680ལོ་ནས་བཟུང་། བཙན་སྙ་ད་གཟོད་དངོས་སུ་བློན་ཆེན་པོའི་ཁྲིར་འཛེགས་པ་ཡིན། ངོ་མ་བཤད་ན་ལོ་དེ་ནི་མགར་བཙན་སྙ་ལྡོམ་བུའི་བློན་ཆེན་པོའི་འགན་བཞེས་པར་ལོ་དུ་མར་བགེགས་དང་བར་ཆད་བསླངས་མཁན་དབའས་སུམ་སྣང་གྲོངས་པའི་ལོ་ཡིན་པ་འདྲ་སྟེ། གོང་དུ་“སུམ་སྣང་གུམ་ནས། བློན་བཙན་སྙ་ལྡོམ་བུས་བྱས་སོ།།”⑦ཞེས་སུམ་སྣང་གྲོངས་རྗེས་ད་གཟོད་བཙན་སྙ་ལྡོམ་བུ་མིང་དོན་མཚུངས་པའི་བློན་ཆེན་གྱི་གོ་གནས་འཐོབ་པ་དང་། དབའས་སུམ་སྣང་སྐུ་ཡི་མཐའ་མ་རྫོགས་ཀྱི་བར་དུ་བཙན་སྙས་མིང་དོན་མཚུངས་པའི་བློན་ཆེན་གྱི་གོ་གནས་ཤིག་མ་རག་པར་འདྲ་སྟེ། སྤྱིར་བཏང་ཡབ་མགར་རྒན་སྐུ་གྲོངས་གཞུག་ལ་རྒྱལ་བློན་འགའ་ཡིས་གསང་བའི་སྒོ་ནས་བཙན་སྙ་ལྡོམ་བུ་བློན་ཆེན་དུ་བཅུག་ཅིང་། ཁོས་ཀྱང་དེ་ནས་བཟུང་བཙན་པོའི་ཆབ་སྲིད་ཀྱི་ལས་ཀ་འགན་བཞེས་ཅི་ཐུབ་བྱས་པས། ཕར་བལྟས་ཚོད་བློན་ཆེན་ཞིག་གི་ཆོ་ལོ་འཛིན་པ་ལྟ་བུར་སྣང་ཡང་། དོན་དམ་པར་དེ་ལྟར་མིན་ཏེ། སྤྱིར་བཏང་མིན་པའི་འཁོན་འཛིང་གི་འགལ་བ་ཛ་དྲག་ཆེན་མོའི་ཁྲོད་དུ། བཙན་སྙ་བློན་ཆེན་པོར་བསྐོས་བཞག་གི་བྱ་ཐབས་གཅིག་པུ་ནི་བཙན་པོའི་རྒྱལ་རབས་གཞུང་གིས་“གསང་བ་ལྐོག་འགྱུར་”གྱིས་དོན་རྐྱེན་དེ་མི་སྤེལ་ཐུ་མེད་དུ་གྱུར་ཞིང་། “ལྐོག་འགྱུར་” དེའི་རྒྱབ་ལོགས་སུ་དབའས་ཚང་གི་སྟོབས་ཤུགས་ཤིག་ལྷག་ཏུ་མངོན་པར་འཕགས། ངོ་མ་བཤད་ན་“ལྐོག་འགྱུར་” དེ་ནི་མི་བུ་བར་ངོ་གདོང་སྤྲད་མ་ཕོད་པར། འུ་ཐུག་ཐབས་ཟད་པའི་སྒོ་ནས་བསླངས་བའི་བྱ་ཐབས་ཤིག་ཡིན་ཏེ། ཞང་ལོན་པྲ་མོ་དང་འབངས་ཡོངས་ཀྱིས་དབའས་སུམ་སྣང་བློན་ཆེན་པོའི་གོ་གནས་འཛིན་པར་ནུས་ཤུགས་གཅིག་ཏུ་སྒྲིལ་བ་དང་། ཁྱད་པར་དབའས་ཚང་ནི་མེས་སྟག་རི་གཉན་གཟིགས་ཀྱི་སྐུ་རིང་ནས་བློན་གྱི་འགན་བཞེས་པ་དང་། མེས་གནམ་རི་སྲོང་བཙན་གྱི་སྐུ་རིང་དུ་ཟིང་པོ་རྗེ་བརླགས་པའི་བྱ་དགར་ཟ་གད་གཤེན་གྱི་ཡུལ་ས་དང་། མལ་ཏྲོ་ཕྱོགས་ཀྱི་བྲན་ཁྱིམ་སྟོང་དང་ལྔ་བརྒྱ་ཐོབ་པ་ནས་བཟུང་། དབའས་ཚང་ནི་ཡུལ་བྲན་གཉིས་ཀྱི་བདག་པོར་གྱུར་ནས་ཁྱིམ་ཚང་མི་རྒྱུད་སྟོབས་ཤུགས་ཆེ་རུ་ཕྱིན་པས། བླ་ཡི་བཙན་པོ་དང་འོག་གི་འབངས་འཁོར་དང་བཅས་པས་བརྩི་མཐོང་ཆེ་བས། བློན་ཆེན་མོའི་འགན་དེ་མགར་ཚང་གི་འདོད་མོས་ལྟར་དོན་ལ་དབབ་རྒྱུ་ནི་ལས་སླ་མོ་ཞིག་གཏན་ནས་མིན་ཕྱིར། བློན་ཆེན་པོའི་གོ་གནས་དེ་ད་གཟོད་རྒྱལ་བློན་གྱི་ཞལ་ངོ་ཆེན་པོ་དེ་གཡར་ཏེ་གསང་བ་ལྐོག་འགྱུར་གྱི་ཐབས་ཇུས་ལ་བརྟེན་ནས་སྤེལ་བ་ཞིག་ཡིན།
            དོན་ཆེན་གནད་བསྡུས་སུ་འཁོད་པའི་རྒྱལ་བློན་རྣམ་པའི་ལོ་རེའི་མཛད་འཕྲིན་དག་ལ་རིག་པ་ཞིབ་མོས་འཇུག་ཚེ།ཐ་སྙད་རེའི་འགྱུར་ཚུལ་གྱི་སྟེང་ན་ལོ་རྒྱུས་ཀྱི་བྱུང་བ་མི་འདྲ་བ་རེ་མངོན་ཞིང་། མགར་བཙན་སྙ་ལྡོམ་བུར་མཚོན་ན།ཡབ་མགར་རྒན་སྐུ་གྲོངས་རྗེས་ཡབ་ཀྱི་དོད་དུ་བློན་ཆེན་གྱི་འགན་བཞེས་པར་བསྙོན་དུ་མེད་པ་འདྲ་ཡང་། བློན་ཆེན་པོའི་གནས་བབས་ནི་རྒྱལ་པོའི་ཆབ་སྲིད་ཀྱི་བཀའ་ལ་གཏོགས་པའི་བློན་པོའི་གྲས་ལས་ཐོབ་དང་གོ་ས་ཆེས་མཐོ་ཤོས་ཡིན་ཕྱིར། བློན་འོག་མ་དག་ཀྱང་བློན་ཆེན་གྱི་གོ་ས་དེ་སུ་ལའང་འཐོབ་འདོད་ཀྱི་རྔམ་སེམས་དྲག་ཏུ་འཕྱོ། དེ་དག་ལས་དབའས་སུམ་སྣང་བློ་དང་རིག་པ་རྒོད་པ། མཐུ་དང་དཔུང་ཤུགས་ཆེ་བ། རུས་དང་ཚོགས་ཁག་བཙན་པའི་བློན་པོ་ཞིག་ཡིན་པ་དང་། འབངས་མི་སེར་དག་གིས་བློ་ཁ་གྲོས་ཁ་མཐུན་པས། གོ་མེད་ཚོར་མེད་སྒོས་བློན་ཆེན་གྱི་གོ་ས་དེ་མགར་བུའི་ལག་ཏུ་ཤོར་ན་གཏམ་མི་ཁས་མི་གསོད་ཅེས་པ་ལྟར། སྤྱིར་དབའས་སུམ་སྣང་དང་སྒོས་དབའས་ཀྱི་ཁྱིམ་རྒྱུད་ཆེན་མོའི་མགོ་རུས་པ་ཐང་ལ་རྡིབ་པས། བློན་ཆེན་གྱི་གོ་གནས་དེ་འགྲན་རྩོད་ཀྱི་མེ་འོབས་ཁྲོད་བློན་པོ་གཉིས་ཀྱི་བར་དང་། རུས་རྒྱུད་ཆེན་མོ་གཉིས་ཀྱི་བར། རིམ་པ་གོང་འོག་གི་བར་བཅས་ལ་བགྲང་བྱ་བཅུ་གཉིས་རིང་⑧རེ་ཁེ་རེ་ཕམ་གྱི་འཐབ་རྩོད་ཁྲོད་རྩོད་ལེན་བྱས་མཐར། མགར་བཙན་སྙ་ལྡོམ་བུ་བཙན་པོ་མང་སྲོང་དང་བློན་པོ་འགའི་དཔུང་པའི་སྟོབས་ཤུགས་ལ་བརྟེན་ཏེ་བློན་ཆེན་པོའི་མངའ་ཁྲིར་འཛེགས་པ་དང་། དབའས་སུམ་སྣང་གུམ་པར་རྐྱེན་ངན་གྲོགས་འཕྲད་དམ་དབའས་སུམ་སྣང་གུམ་པའི་གོ་སྐབས་ལ་བརྟེན་ཏེ་ད་གཟོད་བློ་བདེ་བག་ཕེབས་ཀྱིས་ཁོ་བོར་བགྲང་བྱ་བཅུ་གཉིས་རིང་དུ་དཀའ་ལས་དང་རྔུལ་ཁྲག་གིས་བསྐྲུན་པའི་རྒྱལ་ཁ་དེ་བླངས་པ་ཡིན།
            དབའས་སུམ་སྣང་དོན་རྐྱེན་གང་ཞིག་འཕྲད་དེ་གྲོངས་ཚུལ་ལོ་རྒྱུས་ཀྱི་ཡིག་ཚང་དུ་མི་གསལ་ཡང་། མགར་བཙན་སྙ་དང་དབའས་སུམ་སྣང་གཉིས་ཀྱི་བར་དུ་བྱུང་བའི་འགལ་ཟླའི་ཐོག་མཐའ་བར་གསུམ་ལ་བློ་ཞིབ་མོས་དཔྱད་ཚེ། སུམ་སྣང་གྲོངས་རྐྱེན་གཅིག་ནི་འབྱུང་བཞི་འཁྲུག་སྟེ་ལུས་ཁམས་མ་བདེ་བར། བློན་ཆེན་གྱི་གོ་གནས་འཐོབ་འདོད་ཀྱི་རྔམ་སེམས་དང་ཕྲག་དོག འགྲན་སེམས། ཞེ་སྡང་གི་ཀློང་དུ་ཚེ་སྲོག་གི་རྒྱུན་ཐག་ལ་རང་བྱུང་གི་བར་ཆད་བྱུང་བ་ཨེ་ཡིན་སྙམ་པ་དང་། བློ་དོགས་དེ་ལ་དེ་འདྲའི་ཡིད་ཆེས་མེད་ཀྱང་མཐའ་གཅིག་ཏུ་མི་སྲིད་པའི་དགག་བཞག་ཀྱང་མི་ནུས།གཞན་ཞིག་ནི་“སུམ་སྣང་གུམ་ནས། བློན་བཙན་སྙ་ལྡོམ་བུས་བྱས་སཱོ།།”⑨ ཞེས་པའི་ཚིག་དུམ་བུ་ལས་སྣེ་དྲངས་ཏེ། དབའས་སུམ་སྣང་མགར་ཚང་གི་བློ་ཡི་ཐབས་ཇུས་དང་སྡང་སེམས་ཀྱི་མདའ་མོས་བཀྲོངས་པར་བློ་དོགས་མི་སྐྱེས་བྱ་ཐབས་བྲལ་ཞིང་། མ་གཞིར་བོད་དང་མི་རིགས་གང་ཞིག་ཡིན་ཡང་། ཆབ་སྲིད་ཀྱི་གར་སྟེགས་སྟེང་དུ་གོ་སའི་རྩོད་ལེན་གྱི་མེ་འོབས་རྟག་ཏུ་འཕྱོ་ཞིང་། མི་ཆེན་མང་པོ་ཞིག་གི་རིན་བྲལ་གྱི་ཚེ་སྲོག་དེ་འགལ་ཟླའི་མེ་འོབས་ཀྱི་ཀློང་དུ་ཤོར་བར་ལོ་རྒྱུས་པའི་པིར་རྩེ་ལས་གང་སར་འཐོར། སུམ་སྣང་གུམ་པས་བཙན་སྙ་བློན་ཆེན་པོར་བྱས་པ་དེས། བཙན་སྙའི་བློན་ཆེན་པོའི་གོ་གནས་དེ་སུམ་སྣང་གི་ཚེ་སྲོག་འཕྲོག་པའི་རྨང་གཞིའི་ཐོག་སྐྲུན་པར་བསྙོན་མེད་ཅིང་། བཙན་སྙ་རེ་ཞིག་བློན་གྱི་གོ་སར་འཛེགས་ཀྱང་། རིགས་རུས་མཐོ་ཞིང་སྟོབས་ཤུགས་ལྡན་པའི་དབའས་ཚང་གིས་རང་གི་ནང་མི་སུམ་སྣང་བསད་པའི་ར་མདའམ་དགྲ་ཤའི་ཨ་ལན་ཞིག་ནམ་ཡང་མགར་ཚང་གི་བུ་ཚ་དག་ལ་གཏད་ཡོད་དེ། བློན་གྱི་བསྐོ་བཞག་གི་གོ་རིམ་ལས། བཙན་སྙའི་འོག་ཏུ་དབའས་ཁྲི་གཟིགས་ཞང་ཉེན་གྱིས་བློན་ཆེན་པོའི་འགན་བཞེས་པ་དང་།དེའི་འོག་ཏུ་མགར་ཁྲི་འབྲིང་བཙན་བྲོད་ཀྱིས་བྱས་པ་དང་།དེའི་འོག་ཏུ་དབའས་ཁྲི་སུམ་རྗེ་རྩང་བཞེར་གྱིས་བྱས་པར་བརྟག་ན།⑩ མགར་ཚང་དང་དབའས་ཚང་བར་གྱི་བློན་ཆེན་པོའི་གོ་གནས་རྩོད་ལེན་གྱི་འཐབ་རྩོད་དེ་དུས་ཡུན་རིང་པོའི་ཁྲོད་རེ་ཁེ་རེ་ཕམ་སྒོས་ཕན་ཚུན་རྒོལ་བ་ནན་གྱིས་སྤྲད་རྗེས། འདུས་སྲོང་མང་པོ་རྗེས་མགར་ཚང་ལ་བཀྱོན་མ་ཕབ་བར་དུ་མགར་དབའས་བར་གྱི་འགལ་བ་དེ་མེ་རི་ལྟར་རིམ་བཞིན་གྱེན་དུ་མཆེད་དེ་གཏན་ནས་འཇགས་མ་མྱོང་།
གཉིས། མགར་ཚང་ནང་དམེའི་འགལ་རྐྱེན་བཤད་པ། 
            བློན་ཆེན་བཙན་སྙ་ལྡོམ་བུས་བགྲང་བྱ་བཅུ་གཉིས་ཀྱི་རིང་རྩོད་ལེན་བྱས་མཐར་ཐོབ་པའི་བློན་ཆེན་པོའི་གོ་ས་བཞེས་ནས་བགྲང་བྱ་ལྔའི་རིང་དུ་ལོ་ལྟར་འདུན་མ་བསྡུས་པ་དང་ཆབ་སྲིད་ཀྱི་སྒྲིག་གཞི་སྔར་ལས་ཕུན་སུམ་ཇེ་ཚོགས་དང་སྲ་བརྟན་དུ་བཏང་། དེ་དང་བསྟུན་ཏེ་མགར་སྤུན་མཆེད་དག་གིས་དཔུང་པ་མཉམ་དུ་གཤིབ་ནས། ཁྲི་འབྲིང་སོགས་ཀྱིས་ཆབ་སྲིད་ཀྱི་ལས་ཀ་ཅི་ལྕོགས་བསྒྲུབས་ཏེ་ཕུ་བོ་བཙན་སྙའི་བློན་ཆེན་གྱི་བྱ་བར་རམ་འདེགས་གང་ནུས་སྤེལ་བས། མགར་ཚང་གི་སྟོབས་ཤུགས་ཆེར་འཕེལ་ཏེ་ཁ་སྟོབས་དང་རྒྱུ་སྟོབས་གཞན་དྲིང་མི་འཇོག་པར་གྱུར་བ་མ་ཟད། མང་པོ་ཞིག་ལ་རྣས་མི་ཉན་པ་དང་ཆེན་པོ་དག་གི་ཞལ་ངོ་མི་སྲུང་བའི་ཚད་དུ་གྱུར། དེ་ལྟར་བློན་རིམ་པ་དང་འབངས་རིམ་པ། ཐ་ན་མགར་ཚང་ནང་མི་འགས་ཀྱང་མགར་གོང་རིམ་གྱི་བྱ་སྤྱོད་དག་ལ་མིག་ཏུ་མི་འགྲོ་བར་མངོན་ལྐོག་གང་རུང་གི་ཆ་ལ་ཁ་ལན་ཚིག་ལན་བྱུང་ཞིང་།དེ་ལྟར་འགལ་བ་ཆེ་ཆུང་མང་པོ་ཞིག་མགར་བུ་དག་གི་གདོང་དུ་ལངས་མཐར། བཙན་སྙ་ལྡོམ་བུ་བློན་ཆེན་པོའི་བྱ་བ་གཉེར་ནས་བགྲང་བྱ་དྲུག་པའི་ཐོག་མགར་མང་ཉེན་སྟག་ཙབ་དང་ནང་དམེ་བྱས་ནས་བཀྲོངས་ལ། བློན་ཆེན་བཙན་སྙ་བཀྲོངས་པའི་ས་ཆ་དང་ལོ་ཚིགས་སོགས་ཏུན་ཧོང་གཏེར་ཡིག་ཏུ་གསལ་བོར་འཁོད་འདུག མགར་མང་ཉེན་སྟག་ཙབ་ཀྱི་སྐོར་ལོ་རྒྱུས་སུ་བྲིས་པ་ཉུང་ཡང་། ཏུན་ཧོང་ནས་ཐོན་པའི་དོན་ཆེན་གནད་བསྡུས་སུ་མང་ཉེན་སྟག་ཙབ་ཅེས་པའི་མིང་འདི་བྱུང་ཞིང་། གནུབས་མང་ཉེན་བཞི་བརྩན་དང་ལྷན་དུ། རྒྱས་ཀྱི་ལུང་རིང་དང་རྟེའུ་མཁར་ལ་འདུན་མ་བསྡུས་ཚུལ་ལ་བརྟག་ན། མི་བུ་འདི་བློན་ཆེན་པོའི་འོག་ཏུ་བཙན་པོའི་ཆབ་སྲིད་ཀྱི་བཀའ་ལ་གཏོགས་པའི་བློན་པོ་ཞིག་ཡིན་པ་མ་ཟད། འདུན་མ་སོགས་བསྡུས་ཏེ་བཙན་པོའི་ཆབ་སྲིད་སྲ་བརྟན་ཡོང་བར་བྱ་བ་རབ་དང་རིམ་པ་སྤེལ་བ་མངོན། “བྱ་གགྀ་ལོ་ལ་བབ་སྟེ།(སྤྱི་ལོ་685) བཙན་པོ་ཉེན་ཀར་ན་བཞུགས་ཤྀང་། བློན་ཆེན་པོ་བཙན་སྙ་དང་མང་ཉེན་སྟག་ཙབ་གཉིས་དམེའ་བྱུང་། ཤངས་གྱྀ་སུམ་ཆུ་བོར། བློན་ཆེན་ཕོ་བཙན་སྙ་གུམ་”⑾ཞེས་སྤྱི་ལོ་685ལོར། མགར་ཚང་སྤུན་མཆེད་བར་དུ་ནང་དམེ་བྱུང་ནས་བློན་མང་ཉེན་སྟག་ཙབ་ཀྱིས་བློན་ཆེན་པོ་བཙན་སྙ་ལྡོམ་བུ་བཀྲོངས། མགར་ཚང་བར་དུ་མི་མཐུན་པའི་འགལ་བ་དེ་ཇི་ལྟར་བྱུང་བ་དང་།མང་ཉེན་སྟག་ཙབ་ཀྱིས་བཙན་སྙ་བཀྲོངས་རྐྱེན་སོགས་ཡིག་ཚང་དུ་མི་མངོན་ཕྱིར། བདག་གིས་ཇི་བཞིན་སྨྲ་བའི་སྤོབས་པ་མེད་ཀྱང་། ཡ་མཚན་པ་ཞིག་ནི་བྱ་ལོར་མགར་ཚང་ནང་དམེའི་དོན་རྐྱེན་བྱུང་རྗེས། སྔོན་དུ་མང་ཉེན་སྟག་ཙབ་དང་ལྷན་དུ་འདུན་མ་བསྡུ་རོགས་གནུབས་མང་ཉེན་བཞི་བརྩན་གྱིས་ཕག་གི་ལོ་(སྤྱི་ལོ་687)དང་། རྟའི་ལོ།(སྤྱི་ལོ་694) སྤྲེའུ་ལོ་(སྤྱི་ལོ་696)བཅས་ལ་མུ་མཐུད་བཟང་སུམ་ཚལ་དང་ཟུ་སྤུག་ཞོན་བ། འོ་བར་ཚལ་སོགས་ལ་འདུན་མ་བསྡུས་ཀྱང་།བློན་མགར་ཉེན་སྟག་ཙབ་ཀྱི་མིང་ཙམ་ཡིག་ཚང་དུ་མཐོང་རྒྱུ་མེད་པ་མ་ཟད། མགར་མང་ཉེན་སྟག་ཙབ་ཀྱི་དོད་དུ་མགར་སྟ་གུ་རི་ཟུང་གིས་འདུན་མ་བསྡུས་པར་གཞིགས་ན།མང་ཉེན་སྟག་ཙབ་ཀྱིས་བློན་ཆེན་པོ་བཀྲོངས་པའི་མཐར། བློན་ཁྲི་འབྲིང་སོགས་ཀྱིས་རྒོལ་བ་ཆེན་མོས་ཁོའི་ཚེ་སྲོག་འཕྲོག་པ་དང་། དེ་ནས་བཟུང་མང་ཉེན་སྟག་ཙབ་ཀྱི་མིང་དེ་ལོ་རྒྱུས་ཡིག་ཚང་ཁག་ལས་རྨང་ནས་བོར། མགར་ཚང་གི་ལོ་རྒྱུས་ཞིབ་འཇུག་པ་མཐའ་བ་བཀྲ་ཤིས་དོན་འགྲུབ་ལགས་ཀྱིས། “མགར་ཚང་ལ་ངོ་རྒོལ་གྱི་དོན་རྐྱེན་དེ་ལས་མགར་བུ་བཙན་སྙ་ལྡོམ་བུ་བརླགས་པ་ཙམ་ལས་མགར་ཚང་གི་ཆབ་སྲིད་དབང་ཐང་སྤྱི་ལ་གནོད་པ་མེད་པར་མུ་མཐུད་དུ་བློན་ཆེན་པོའི་ཐོབ་དབང་བཟུང་བས་མཚོན་པ་ཡིན།”⑿ ཞེས་མགར་མང་ཉེན་སྟག་ཙབ་ཀྱིས་བཙན་སྙ་བཀྲོངས་པ་དེས་བཙན་སྙའི་ཚེ་སྲོག་འཕྲོག་པ་ཙམ་མ་གཏོགས་མགར་ཚང་སྤྱིའི་ཆབ་སྲིད་དང་ལས་དབང་ལ་གནོད་པ་གང་ཡང་བྱུང་མེད་པའི་འདོད་ཚུལ་དེ། ཁོ་བོར་བསམ་བློ་གཞན་ཞིག་གློ་བུར་དུ་བྱུང་སྟེ། ཕར་བལྟས་ཚོད་ལ་མགར་བུ་བཙན་སྙའི་སྐུ་འཕྲོག་ཤོར་ཡང་། དེའི་དོད་དུ་མགར་བུ་ཁྲི་འབྲིང་བཙན་བྲོད་ཀྱིས་བློན་ཆེན་པོའི་ལས་ཐོབ་བཟུང་ནས། བཙན་པོའི་ཆབ་སྲིད་ལ་སྲི་ཞུ་དང་མགར་ཚང་གི་སྐྱིད་སྡུག་གི་ལས་དབང་ཕྲག་ཏུ་འཁུར་ནས་གྲུབ་འབྲས་གཡུར་དུ་བྱ་བ་འཐོབ་པ་སོགས་ཀྱི་ཐོག་ནས་ཞིབ་འཇུག་པས་གོང་གི་སྡོམ་ཚིག་དེ་ཐོན་པར་སྣང་། འོན་ཀྱང་། ཕྲན་གྱིས་བསམས་ན་མང་ཉེན་སྟག་ཙབ་ཀྱིས་མགར་བཙན་སྙ་བཀྲོངས་པའི་དམིགས་ཡུལ་ནི་བཙན་སྙ་ལྡོམ་བུ་རང་ཐོག་གི་འགལ་བ་ཙམ་མ་ཡིན་པར། བོད་བཙན་པོའི་རྒྱལ་རབས་སུ་བློན་ཆེན་བར་གྱི་གོ་ས་རྩོད་ལེན་བྱེད་པའི་འཐབ་འཁྲུག་ཆེན་མོ་ཞིག་གི་ཟུར་ངོགས་མངོན་ལ། འགལ་བ་ཛ་དྲག་ཅན་དེས་མགར་ཚང་གི་ཆབ་སྲིད་དབང་ཐང་སྤྱི་ལ་གནོད་བགེགས་བྱུང་བ་མ་ཟད།མགར་ཚང་འཐོར་ཞིག་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་དུ་གྱུར།
            གསུམ། མགར་ཁྲི་འབྲིང་དང་འབྲོ་བཟའ་ཁྲི་མ་ལོད་བར་བྱུང་བའི་འགལ་རྐྱེན་བཤད་པ། འདིར་བརྗོད་པར་བྱ་བའི་ཁྲི་མ་ལོད་ཅེས་པའི་མཛངས་མ་དེ་ནི་བོད་རྒྱལ་སོ་བཞི་པ་མང་སྲོང་མང་བཙན་གྱི་བཙུན་མོ་དང་།སོ་ལྔ་པ་འདུས་སྲོང་མང་པོ་རྗེའི་ཡུམ། སོ་དྲུག་པ་མྱེས་ཨག་ཚོམ་གྱི་ཕྱི་མོ་བཅས་ཡིན་ཞིང་། བོད་བཙན་པོའི་རྒྱལ་རབས་ཀྱི་ཆབ་སྲིད་སྟེགས་བུའི་ཐོག་ཏུ་མིང་དུ་གྲགས་པའི་བུད་མེད་ཆབ་སྲིད་པ་ཞིག་ཡིན་པ་དང་། སྲས་འདུས་སྲོང་གི་སྐུ་ཚེ་སྨད་དང་ཁྱད་པར་དབོན་མྱེས་ཨག་ཚོམ་གྱི་སྐུ་ཚེའི་སྟོད་ཀྱི་ཆར། ཕྱི་ནང་ཆབ་སྲིད་ཀྱི་འགན་ཅི་ལྕོགས་བཞེས་ཏེ་བཙན་པོའི་མཛད་འཕྲིན་ལ་རམ་འདེགས་ཆེན་པོ་བྱས་ཡོད། ཁོ་བོས་འདིར་བཤད་པ་བྱ་བ་ནི་ཁྲི་མ་ལོད་ཀྱི་ཆབ་སྲིད་ཀྱི་གྲུབ་འབྲས་མ་ཡིན་པར་ཆབ་སྲིད་ཀྱི་གར་སྟེགས་ཐོག་ཏུ་མགར་ཚང་དང་བར་དུ་འགལ་བ་དེ་ཇི་ལྟར་བྱུང་ཚུལ་སྐོར་ཡིན། ཚང་མས་དགོངས་བཞེད་ལྟར་ཁྲི་མ་ལོད་ནི་བཙན་པོ་རབས་གསུམ་གྱི་སྐུ་རིང་དུ་འཚོ་བཞེས་བྱས་ཤིང་། བཙན་པོ་དེ་དག་གི་ཆབ་སྲིད་དང་འབྲེལ་བའི་བོད་སྤྱིའི་དབང་ཐང་དར་རྒུད་ལ་རྒྱུས་ལོན་ཆེ་བའི་བུད་མེད་ཅིག་ཡིན་པ་མ་ཟད། ཆབ་སྲིད་ལ་མོས་པའི་ཁོ་ལག་རྒྱས་ཤིང་། བོད་རྒྱལ་བཙུན་མོའི་ནང་ནས་དབང་ཐང་སྙན་གྲགས་དང་ཆབ་སྲིད་མཁྱེན་རྒྱ་ཆེ་ཤོས་ཤིག་བྱུང་བ་དང་། བོད་ཀྱི་ལོ་རྒྱུས་ཐོག་ཏུ་ཆབ་སྲིད་ཀྱི་དར་ཆ་བསྒྲེངས་ནས་བོད་བཙན་པོའི་རྒྱལ་རབས་ཀྱི་བདེ་སྡུག་ཕྲག་ཏུ་འཁུར་མཁན་གྱི་མཛངས་མ་དང་པོ་རུ་རྩིས་ཆོག(འདིར་གཙོ་བོར་ཆབ་སྲིད་སྤྱིའི་འགན་དབང་འཁུར་བའི་ཆ་ནས་ཟེར་བ་ཡིན་མ་གཏོགས། ལོ་རྒྱུས་ཐོག་ཆབ་སྲིད་ཀྱི་ལས་ལ་ཞུགས་མཁན་དང་པོ་ཡིན་ཟེར་བ་མིན།) མ་ཚད་མང་སྲོང་ནས་མྱེས་ཨག་ཚོམ་གྱི་བར་དུ་བཙན་པོ་ནང་ཁུལ་གྱི་ཆབ་སྲིད་ལ་རྒྱུས་ལོན་མངའ་བ་དང་བཙན་པོར་ཆེས་བློ་སེམས་དཀར་བ་ཞིག་ཡིན་ཕྱིར། བཙན་པོ་དག་གི་ངོ་གདོང་དང་འབྲེལ་བའི་ཆབ་སྲིད་ལ་ཐེ་གཏོགས་དང་གློ་བ་རིངས་མཁན་མཐོ་དམན་སུ་དང་གང་ཞིག་ལ་འཕྲད་ཀྱང་། ཁྲི་མ་ལོད་ཀྱིས་ཡངས་པའི་རྣམ་དཔྱོད་ཀྱིས་མངོན་ལྐོག་གང་རུང་གིས་རྒོལ་བ་སྤྲད་པ་དང་། ཆབ་སྲིད་ལ་མིག་རྒྱང་རིང་ཞིང་ཐབས་མཁས་ཅན་གྱི་མཛངས་མ་སྟོབས་ལྡན་ཞིག་ཡིན།
            ཁྲི་མ་ལོད་ཀྱི་རང་ཐོག་ནས་གླེང་ན། བཙན་པོའི་ཆབ་སྲིད་ཀྱི་བྱ་ལས་དག་ལ་བཀའ་དྲིན་རི་བོའི་གཏོས་བཞིན་སྐྱོང་མཁན་ནི་མགར་ཕ་བུ་དག་ཡིན་ལ། ཆབ་སྲིད་ཀྱི་ལམ་ཕྲན་རེ་རེ་བརྒྱུད་སྐབས་བློ་དོགས་དང་སེམས་ཁྲལ་ཆེ་ཤོས་ཀྱང་མགར་ཚང་ཡིན། མགར་ཕ་བུ་དག་གིས་ཁྲི་མ་ལོད་དང་ཁྱད་པར་བཙན་པོའི་རབས་ཀྱི་ཆབ་སྲིད་ལ་མཆོད་པའི་བཀའ་དྲིན་ནི་གོང་དུ་དུམ་བུ་ཞིག་བརྗོད་པ་དེས་ཀྱང་མཚོན་ནུས། མགར་སྟོང་བཙན་ཡུལ་བཟུང་ཁོ་ནའི་མཛད་པ་འཕྲིན་ལས་དེས་ཀྱང་རི་བོ་བཞིན་དཔང་མཐོ་ཞིང་རྒྱ་མཚོ་ལྟར་གཏིང་ཟབ་པ་ཞིག་ཡིན་པ་ལོ་རྒྱུས་ཡིག་ཚང་ཁག་ཏུ་མངོན། ད་དུང་མགར་བུ་བཙན་སྙ་དང་ཁྲི་འབྲིང་སོགས་ཀྱིས་དྲག་པོ་དམག་གི་དཔུང་སྣེ་དྲངས་ཏེ་མཐའ་མཚམས་ཀྱི་རྒྱལ་ཕྲན་བཏུལ་ཞིང་བདེར་སྙོམས་པ་དང་། ནང་གི་ཁབ་སོ་བདེ་ལ་བཀོད་པ་སོགས་རྒྱལ་པོའི་ཆབ་སྲིད་ཀྱི་མངའ་ཐང་དང་། བོད་ཀྱི་སྤྱི་ཚོགས་ཡར་རྒྱས་སོགས་གང་སར་བཀའ་དྲིན་གཞལ་མེད་ཀྱི་མཛད་འཕྲིན་འཕགས། ལྡོག་ཕྱོགས་ན་མགར་གྱི་ཕྲིན་ལས་ཇི་ལྟར་དར་བ་དང་མགར་ཚང་གི་སྟོབས་ཤུགས་ཇི་ལྟར་རྒྱས་ན་དེ་ལྟར་བཙན་པོ་དང་ཁྲི་མ་ལོད་ལ་ཐེ་གཏོགས་ཆེ་ཞིང་། མགར་ཚང་གིས་བཙན་པོའི་སྲིད་དབང་འཕྲོག་དོགས་ཀྱི་སེམས་ཁྲལ་ཞིག་རྒྱུན་པར་བྲང་ཁོག་ཏུ་སྐྱེས་པ་དང་། སེམས་ཁྲལ་དེའི་རྒྱུད་ལས་སྐྱེས་པའི་འགྲན་སེམས་དང་ཆགས་སྡང་གི་བསམ་པའི་མེ་སོན་ཞིག་ཕོ་བྲང་ཕྱི་ནང་དུ་མཆེད་འགོ་བརྩམས་པ་དང་། མགར་ཚང་གིས་ཀྱང་རང་གིས་དབང་ཐང་ཡར་དར་གྱི་ལས་དབང་དེ་སྐྱུར་དུ་མ་ནུས་པར་མཐར་བཙན་པོ་དང་འབྲོ་བཟའ་ཁྲི་མ་ལོད་ལ་ཁ་གཏད་དུ་ལངས་ནས་བཙན་པོའི་རྒྱལ་རབས་ལས་ཀྱང་མགར་ཚང་གཙོ་བོར་ཆགས་པ་དང་། བཙན་པོའི་ཆབ་སྲིད་ཀྱི་ལས་དབང་ལས་མགར་ཚང་གི་ཆབ་སྲིད་ལས་དབང་གལ་འགངས་ཆེ་བའི་འདུ་ཤེས་ཤིག་བཟུང་སྟེ། ཡོད་ཚད་མགར་ཚང་གི་དོན་དུ་འཛིན་པས་ཡབ་མགར་རྒན་གྱི་སྐུ་རིང་དུ་བཅངས་པའི་“མི་ཚེ་ཧྲིལ་བོར་བཙན་པོའི་ཆབ་སྲིད་ཀྱི་བྱ་བ་ལ་བློ་སེམས་དཀར་བའི་”བསམ་པའི་ཀུན་སློང་ལས་རིང་དུ་གྱེས་ཏེ། བཙན་པོ་དང་ཁྲི་མ་ལོད་ཀྱི་བར་དུ་ཚེ་སྲོག་བཞིན་སྲུང་བའི་ཆབ་སྲིད་ཀྱི་དོན་དུ་སྐྱོ་གར་གྱི་འགལ་ཟླ་ཞིག་གཞི་ནས་ལངས། འབྲོ་བཟའ་ཁྲི་མ་ལོད་རྒྱལ་རབས་གསུམ་གྱི་སྐུ་རིང་ལ་འཚོ་བཞུགས་བགྱིས་ཀྱང་། ཁོ་མོ་དང་འབྲེལ་བའི་ལོ་རྒྱུས་བྲིས་པ་ཤིན་ཏུ་ཉུང་ཕྱིར། སྤྱིར་ཁྲི་མ་ལོད་ཀྱི་ཆབ་སྲིད་ཀྱི་ལས་ཀ་དང་སྒོས་མགར་ཚང་བར་གྱི་འགལ་འབྲེལ་གྱི་སྐོར་དེ་བས་གསང་བ་ལྐོག་འགྱུར་གྱི་དོན་དུ་གྱུར། དེར་བརྟེན། ཁྲི་མ་ལོད་ཀྱི་སྐོར་ལ་ཞིབ་འཇུག་བཞེས་ཚེ་ཏུན་ཧོང་ཡིག་ཚང་ཨང་རྟགས་Iol.tib750དོན་ཆེན་གནད་བསྡུས་སུ་འཁོད་པའི་ཡིག་ཆ་དག་ནི་གལ་ཆེན་ཡིན་པར་མ་ཟད། ཡིག་ཆ་དེ་དག་ཁུངས་སྣེ་བཟུང་ནས་ཁྲི་མ་ལོད་ཞིབ་འཇུག་བྱ་རྒྱུ་ནི་གནད་དུ་ཁེལ། དོན་ཆེན་གནད་བསྡུས་སུ་ཁོ་མོའི་སྐོར་དངོས་སུ་ཟིན་བྲིས་བཏབ་པ་ནི་སྤྱི་ལོ་700ལོ་ནས་སྤྱི་ལོ་712བར་གྱི་བགྲང་བྱ་བཅུ་གཉིས་ཀྱི་རིང་ཡིན། དུས་ཚོད་དེ་དག་ནི་ཁྲི་མ་ལོད་ཀྱི་མི་ཚེ་གང་བོའི་རིང་དུ་ཆབ་སྲིད་འགན་དབང་གི་དབང་ཆ་ཆེས་མཐོ་ཤོས་ཀྱི་མི་ལོ་བཅུ་གཉིས་ཡིན་པ་ར་སྤྲོད་ཐུབ། སྤྱི་ལོ་700ལོ་ནི་བཙན་པོ་འདུས་སྲོང་མང་བཙན་སྐུ་དངོས་སུ་ཤ་གུ་ཉིང་སུམ་ཁོལ་དུ་ཆབ་སྲིད་ལ་གཤེགས་པའི་ལོ་དང་། མགར་ཚང་བཀྱོན་ཕབ་ནས་རྒྱུ་ནོར་འཁོར་འབངས་དང་བཅས་པ་གཞུང་བཞེས་བྱས་ཏེ། མིང་གི་ལྷག་མ་ཙམ་ཡང་མེད་པ་བྱས་པའི་གཞུག་ལོ་ཡིན། སྤྱི་ལོ་712ནི་ཁྲི་མ་ལོད་ཀྱི་འདས་ལོ་ཡིན། དེས་ན་ང་ཚོས་ལྷག་ཏུ་བསམ་བློ་ཞིབ་མོ་འབྱེད་ཡུལ་ནི་ཁྲི་མ་ལོད་དངོས་སུ་ལོ་རྒྱུས་ཀྱི་ཤོག་ལྷེ་རུ་བཀོད་པའི་ལོ་སྟེ་སྤྱི་ལོ་700དེ་ཡིན། སྤྱིར་བཏང་ལྟར་ན། ཁྲི་མ་ལོད་ནི་བཙན་པོ་གསུམ་གྱི་སྐུ་རིང་དུ་ཆབ་སྲིད་དང་འབྲེལ་བའི་ལས་ལ་ཞུགས་ཤིང་། བཙན་པོའི་ནང་ཁུལ་དུ་དབང་དང་ཁ་སྟབས་ཆེ་བ་མ་ཟད་ཆབ་སྲིད་ཀྱི་བྱ་བར་བློ་མིག་རབ་ཏུ་གསལ་བའི་མཛངས་མ་ཞིག་ཡིན་ཏེ།མང་སྲོང་མང་བཙན་སྲིད་ཀྱི་སྐུ་ཡུན་ཐུང་བ་དང་། སྐུ་ན་ཕྲ་བའི་སྐབས་ཆབ་སྲིད་ཀྱི་འགན་ཡོངས་རྫོགས་བློན་ཆེན་པོ་མགར་སྟོང་བཙན་ཡུལ་བཟུང་གིས་བཞེས་ཤིང་། སྐབས་དེར་གཅིག་ནས་ཁྲི་མ་ལོད་ལ་ཆབ་སྲིད་གཉེར་བའི་ཉམས་མྱོང་དང་སྙིང་སྟོབས་མེད་པ་དང་། གཉིས་ནས་མགར་ཡུལ་བཟུང་གིས་ཕྱི་ནང་སྲིད་དབང་བདག་གིར་འཛིན་པས་ཆབ་སྲིད་ལ་ཐེ་གཏོགས་བྱེད་པའི་གོ་སྐབས་ཀྱང་མ་བྱུང་བས། ཁྲི་མ་ལོད་ཀྱིས་ཆབ་སྲིད་ཀྱི་འགན་དབང་འཛིན་མ་ཐུབ་པར་སྙམ།
            དེ་ཡང་《གཡུ་ཕྲེང་》དུ་“ཡབ་བཙན་པོ་མང་སྲོང་མང་བཙན་དང་ཡུམ་འབྲོ་བཟའ་ཁྲི་མ་ལོད་གཉིས་ཀྱིས་སྲས་སུ་སྤྱི་ལོ་676བོད་མེ་བྱ་ལོར་སྒྲགས་ཀྱི་ལྷ་ལུང་དུ་འཁྲུངས། ལོ་དེ་རང་གི་དགུན་ཁར་ཡབ་མང་སྲོང་སྐུ་གཤེགས་ནས་ལོ་ངོ་གསུམ་གྱི་རིང་གསང་རྒྱ་བྱས་པའི་མཇུག་སྲས་འདུས་སྲོང་ལ་བཙན་པོའི་མཚན་གསར་དུ་གསོལ་ཞིང་། ཆབ་སྲིད་ཀྱི་འགན་དབང་ཡུམ་ཁྲི་མ་ལོད་ཀྱིས་བཟུང་”⒀ཞེས་སྲས་འདུས་སྲོང་སྐུ་ཕྲ་སྐབས་ཆབ་སྲིད་འགན་དབང་དེ་ཁྲི་མ་ལོད་ཀྱིས་བཟུང་བ་གསུངས་ཀྱང་། ཏུན་ཧོང་ནས་ཐོན་པའི་ལོ་རྒྱུས་ཀྱི་ཡིག་ཆ་ལས་དེ་ལྟར་མིན་ཏེ། མགར་བུ་དག་གི་སྐུ་རིང་དུ་ཁྲི་མ་ལོད་ལ་ཆབ་སྲིད་ཀྱི་འགན་དབང་འཛིན་པའི་གོ་སྐབས་ཡེ་ནས་མ་རག་པར་སྙམ། མགར་ཡུལ་བཟུང་སྐུ་གྲོངས་རྗེས་བློན་ཆེན་པོའི་འགན་དེ་མགར་བུ་བཙན་སྙ་ལྡོམ་བུ་དང་དེའི་རྗེས་མགར་བུ་ཁྲི་འབྲིང་གིས་བཟུང་པས། ཁྲི་མ་ལོད་ཀྱིས་མགར་གྱི་ཆབ་སྲིད་ཀྱི་དབང་ཆར་ཐེ་གཏོགས་བྱས་ཀྱང་། བཙན་པོའི་སྟོབས་རྩལ་དང་མཉམ་པའི་མགར་ཚང་ལ་འགྲན་ཟླ་མ་ནུས་པར་ཡུན་རིང་དུ་ལུས། བཙན་པོ་མང་སྲོང་སྐུ་གཞོན་དུས་ནས་གྲོངས་པ་དང་། སྲས་འདུས་སྲོང་སྐུ་ཤིན་ཏུ་ཕྲ་དུས་སྲིད་བསྐྱངས་ཀྱང་། མགར་བུ་བཙན་སྙས་བགྲང་བྱ་ལྔའི་རིང་ཕྱི་ནང་ཆབ་སྲིད་ཀྱི་འགན་ཆ་ཚང་བཞེས་པས། བཙན་པོ་དང་ཡུམ་ཁྲི་མ་ལོད་སོགས་ལ་ཆབ་སྲིད་ཀྱི་འགན་དབང་དེ་ཙམ་མེད་པར་འདྲ་སྟེ།“བྱ་གགྀ་ལོ་ལ་བབ་སྟེ་སྤྱི་ལོ་685བཙན་པོ་ཉེན་ཀར་ན་བཞུགས་ཤྀང་། བློན་ཆེན་པོ་བཙན་སྙ་དང་། མང་ཉེན་སྟག་ཙབ་གཉྀས་དམེའ་བྱུང་།ཤངས་གྱྀ་སུམ་ཆུ་བོར། བློན་ཆེན་ཕོ་བཙན་སྙ་གུམ། ……བཙན་པོ་ཁྲྀ་འདུ་སྲོང་དུ་མཚན་གསོལད།”⒁ ཞེས་བཙན་པོའི་མཚན་གསོལ་ཚུལ་ལ་བལྟས་ན། མཚན་མ་གསོལ་བའི་ཡར་སྔོན་དུ་ཆབ་སྲིད་ཀྱི་བདག་པོ་ནི་མགར་བུ་བཙན་སྙ་ལྡོམ་བུ་ཡིན་པ་དང་། མགར་བུ་བཙན་སྙ་ལྡོམ་བུ་མང་ཉེན་སྟག་ཙབ་ཀྱིས་བཀྲོངས་པའི་ལོ་དེར། བཙན་པོའི་མཚན་དུ་འདུས་སྲོང་མང་པོ་རྗེ་ཞེས་གསོལ་བ་དེས། བློན་ཆེན་པོ་བཀྲོངས་པའི་ལོ་དེར་ད་གཟོད་བཙན་པོ་ནི་མིང་དོན་མཚུངས་པའི་ཆབ་སྲིད་སྤྱི་ཡི་བདག་པོར་གྱུར་བར་སྣང་།བཙན་པོར་མཚན་འདོགས་པ་དེ་ཆབ་སྲིད་ཀྱི་བདག་པོ་དངོས་སུ་འཛིན་པའི་མཚན་རྟགས་ཡིན་མིན་ཐད་ལ་ཞིབ་འཇུག་པ་དག་གི་བཞེད་པ་མི་མཐུན་ཡང་། ལོ་རྒྱུས་ཐོག་གི་གནམ་རི་སྲོང་བཙན་གྱིས་ཟིང་པོ་ཁྲི་པངས་སུམ་རྗེ་བརླགས་རྗེས། དབའས་དབྱི་ཚབ་ལ་སོགས་པས་བཙན་པོའི་མཚན་ལ།ཆབ་སྲིད་གནམ་བས་མཐོ། དབུ་རྨོག་རི་བས་བཙན། ཞེས་གནམ་རི་སྲོང་བཙན་གསོལ་བ་དང་། ཁྲི་སྲོང་བཙན་གྱིས་ཞང་ཞུང་རྒྱལ་པོ་ལིག་མྱི་རྒྱ་བརླགས་ནས་བོད་ཆེན་པོའི་ཆབ་སྲིད་གཅིག་འགྱུར་བྱས་པའི་དགྱེས་སྐྱེམས་དགའ་སྟོན་ཐོག་ཏུ།མི་ཡོངས་ཀྱིས་བཀའ་དྲིན་དྲན་ཞིང་ཚོར་བས། སྲོང་བཙན་སྒོམ་པོ་ཞེས་མཚན་གསོལ་ཏོ།། འདུས་སྲོང་ཁྲི་ལོ་དགུ་པའི་ཐོག་ཁྲི་འདུས་སྲོང་དུ་མཚན་གསོལ་བ་དང་། མྱེས་ཨག་ཚོམ་ཁྲི་ལོ་བརྒྱད་པའི་ཐོག་ད་གཟོད་རྒྱལ་གཙུག་རུ་ལས་ཁྲི་ལྡེ་གཙུག་བཙན་ཞེས་མཚན་གསོལ་བ་སོགས་ལས། བཙན་པོར་མཚན་གསར་བ་གདགས་ཚུལ་དེས་སྤྱིར་བཏང་དུ་ཆབ་སྲིད་སྤྱིའི་འགན་དབང་བཟུང་བར་མཚོན་ཞིང་། མགར་བུ་བཙན་སྙ་བཀྲོངས་པའི་ལོ་དེར་འདུས་སྲོང་མཚན་གསོལ་བ་དང་། ཁྲི་མ་ལོད་འདས་པའི་ལོ་དེར་ཁྲི་གཙུག་ལྡེ་བཙན་གྱི་མཚན་གསོལ་བ་སོགས་ཀྱིས་བཙན་པོ་དག་སྐུ་ན་ཕྲ་ཚེ། ཆབ་སྲིད་ཀྱི་བདག་པོ་ནི་བློན་ཆེན་པོ་དང་ཕྱི་ཁྲི་མ་ལོད་སོགས་ཀྱིས་བཟུང་སྟེ། བཙན་པོའི་སྐུ་འགན་ཡོངས་རྫོགས་ཕྲག་ཏུ་བཏེགས་ཕྱིར། ངོ་མ་བཤད་ན་བཙན་པོ་ལའང་དོན་དུ་རུ་དམག་གི་སྒྲིག་གཞི་དང་འདུན་མ་བསྡུས་པ་སོགས་ཀྱི་བྱ་བ་ཆེ་ཆེ་དག་ལ་དབང་ཆ་དེ་ཙམ་ཞིག་མེད་པར་སྣང་། ཆབ་སྲིད་ཀྱི་བདག་དབང་ཡོངས་སུ་བཟུང་བའི་བློན་ཆེན་པོ་དང་ཕྱི་ཁྲི་མ་ལོད་སོགས་གྲོངས་རྗེས། ད་གཟོད་བཙན་པོས་ཆབ་སྲིད་སྤྱིའི་འགན་དབང་གི་སྲིད་ཁྲི་ལ་འཛེགས་ཏེ་མཚན་ཡང་གསར་དུ་བཏགས་ལ། གསར་དུ་བཏགས་པའི་མཚན་དེས་རྒྱལ་པོའི་ཐོབ་དང་གོ་ས་ཞིག་ཀྱང་མཚོན་པར་སྣང་། ཡང་གཅིག་བསམ་ན། གནམ་རི་སྲོང་བཙན་ལ་ཟིང་པོ་རྗེ་བརླག་རྗེས་མཚན་གསར་བཏགས་པ་དང་། ཁྲི་སྲོང་བཙན་ལ་ཞང་ཞུང་རྒྱལ་པོ་ལིག་མྱི་རྒྱ་ཕམ་པར་བྱས་རྗེས་མཚན་གསར་བཏགས་པ་ལས། མཚན་གསར་བཏགས་པ་དེས་བཙན་པོའི་ཁྲི་ལ་འཛེགས་པའི་དོན་ཁོ་ནར་མི་གོ་བར་སེམས་ཤིང་།མཚམས་རེར་རྒྱལ་ཕྲན་དག་དབང་དུ་བསྡུས་ཏེ་བཙན་པོའི་མངའ་ཐང་སྔར་ལས་རྒྱ་ཆེ་རུ་བསྐྱེད་པ་ལ་མཚན་དང་སྙན་གྲགས་མཚོན་ཕྱིར་བཏགས་པའང་སྲིད། གང་ལྟར་མཚན་གསར་གདགས་དོན་ནི་ཆབ་སྲིད་ལ་འབྲེལ་བ་ཆེ་ཞིང་།བཙན་པོ་གང་ཞིག་ཆབ་སྲིད་ཀྱི་བདག་དབང་འཛིན་པ་དང་ཡང་ན་ཆབ་སྲིད་ཀྱི་རྒྱལ་ཁ་ཆེན་མོ་འཐོབ་ཚེ་ད་གཟོད་མཚན་གསར་གདགས་སྲོལ་ཡོད་པ་འདྲ། དེ་བཞིན་མང་སྲོང་མང་བཙན་སྐུ་ན་ཕྲ་ཚེ་མགར་ཡུལ་བཟུང་གིས་ཆབ་སྲིད་བསྐྱངས་ཤིང་། མགར་འདས་རྗེས་བཙན་པོ་ཡང་ཡུན་རིང་མ་བཞུགས་པར་སྐུ་ན་གཞོན་པར་གྲོངས་པས་བཙུན་མོ་འབྲོ་བཟས་ཆབ་སྲིད་ཐོག་ལག་པ་བསྲིང་པའི་གོ་སྐབས་ཡེ་ནས་མ་འཐོབ་ཅིང་། སྲས་ཀྱི་དུས་ལ་མགར་བཙན་སྙ་དང་ཁྲི་འབྲིང་གཉིས་ཀྱིས་རིམ་བཞིན་བློན་ཆེན་པོའི་འགན་འཁུར་བ་མ་ཟད། བཙན་པོའི་ཆབ་སྲིད་བདག་དབང་ཡང་མཐོར་འཛིན་པས། འབྲོ་བཟའ་ཁྲི་མ་ལོད་ཀྱིས་ཆབ་སྲིད་ཀྱི་གོ་ས་དེ་ཡུན་རིང་སྒུག་ཅིང་གཟན་ཀྱང་། མགར་ཕ་བུ་དག་གི་སྟོབས་ཀྱི་རྩལ་ལ་འགྲན་མ་ནུས་པར་ཁས་མི་ལེན་ཐབས་མེད་དུ་གྱུར། འོན་ཀྱང་། བར་སྐབས་ཤིག་ནས་བློན་ཆེན་པོའི་གོ་ས་དང་ཆབ་སྲིད་ཀྱི་ཁེ་ཕན་ཆེད་དུ། མགར་ཚང་དང་ཁ་སྤོབས་བཙན་པའི་དབའས་ཚང་བར་འགལ་ཟླ་ཆེན་པོ་བྱུང་བ་དང་།དེ་བཞིན་མགར་ཚང་ནང་མི་མ་མཐུན་པར་སྤུན་ཟླ་ནང་དམེ་བྱས་པ། མགར་བུ་ཚ་དག་གིས་སྔོན་ཡབ་མགར་རྒན་བཞིན་བཙན་པོའི་ཞལ་ངོ་གཙུག་ཏུ་བཀུར་མ་ནུས་པས་བཙན་པོ་ཡི་མ་རངས་པ་སོགས་གནས་ཚུལ་དུ་མའི་རྨང་གཞིའི་ཐོག ཁྲི་མ་ལོད་ཀྱིས་ཆབ་སྲིད་ཀྱི་བདག་དབང་ལ་དམིགས་ཏེ་མགར་ཚང་གི་ལས་དབང་ལ་རྨ་ཁ་བྱུང་བཞིན་པའི་གོ་སྐབས་དེ་བཙལ་ཏེ། བཙན་པོ་དང་བློན་པོ་འགའི་ངོ་སོ་གཡར་ནས། ཕས་རྒོལ་གྱི་བྱ་བ་རབ་དང་རིམ་པ་སྤེལ་བ་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱིས་ད་གཟོད་མགར་ཚང་བཀྱོན་ཕབ་པ་རེད། གནས་ཚུལ་དེ་འབྲོ་བཟའ་ཁྲི་མ་ལོད་ཀྱི་རང་ཐོག་ཏུ་མཚོན་ན་རྒྱལ་ཁའི་རྩ་བ་རྙེད་ཅིང་། མགར་ཚང་བཀྱོན་ཕབ་ཏེ་ནོར་རྩིས་བླངས་པའི་གཞུག་ལོར། ལོ་རྒྱུས་ཐོག་ཏུ་ད་གཟོད་འབྲོ་བཟའ་ཁྲི་མ་ལོད་ཀྱི་མིང་དང་མཛད་པ་བསྟུན་མར་ལོ་བཅུ་གཉིས་རིང་དུ་བྱུང་བར་མ་ཟད། ཚིག་ངོས་དང་ནང་དོན་གང་ལ་གཞིགས་ཀྱང་ཕལ་ཆེར་བཙན་པོའི་ཐོབ་དང་གོ་སར་མཉམ་པ་རྟོགས་ཐུབ། མགར་ཚང་བཀྱོན་ཕབ་པའི་ལོའི་གཞུག་མར་བཙན་པོ་བསྟུན་མར་བགྲང་བྱ་ལྔའི་རིང་ཤ་གུ་ཉིང་སུམ་ཁོལ། ཟོང་ཆུ། ཐེའུ་ཅུ།འཇང་། མྱྭ་སོགས་སུ་ཆབ་སྲིད་ཀྱི་དོན་དུ་དྲག་པོ་དམག་གི་ཁ་ལོ་བསྒྱུར་ནས་མཐར་གཡུལ་ཐོག་ཏུ་གྲོངས། དེ་བས་མགར་ཚང་བཀྱོན་ཕབ་པ་ནས་བཟུང་བཙན་པོ་གཡུལ་དུ་གྲོངས་བའི་བར་གྱི་བགྲང་བྱ་དྲུག་གི་རིང་དུ། བཙན་པོས་སྐུ་དངོས་དམག་དྲངས་ནས་མཐའ་མཚམས་ཀྱི་ཡུལ་གྲུ་དག་དང་འཐབ་ཚེ། བཙན་པོའི་ཕོ་བྲང་གི་ཆབ་སྲིད་ཀྱི་བདག་དབང་དེ་ཡུམ་འབྲོ་བཟའ་ཁྲི་མ་ལོད་ཀྱི་ཕྲག་ཏུ་བབས་ཤིང་།ཁྲི་མ་ལོད་ཀྱིས་གོ་སྐབས་དེ་དང་བསྟུན་ཏེ་དུས་ཡུན་རིང་པོར་རྔམས་ཤིང་སྒུག་པའི་ཆབ་སྲིད་ཀྱི་བྱ་བ་དངོས་ལ་ཞུགས་ཏེ། “བྱྀ་བའི་ལོ་ལ་བབ་སྟེ། (སྤྱི་ལོ་700)བཙན་པོ་དབྱརད་མོང་ཀར་ནས་ཆབ་སྲྀད་ལ་ཤ་གུ་ཉྀང་སུམ་ཁོལ་དུ་གཤེགས་ཤྀང་།
            ……ཡུམ་ཁྲྀ་མ་ལོད་འོན་ཅང་དོ་ན་བཞུགས་འབའ་ད་ཤྀ་ཕྱག་བཙལད་པར་ལོ་ཆིག
            གླང་གྱྀ་ལོ་ལ་བབས་སྟེ་(སྤྱི་ལོ་701།) བཙན་པོ་དབྱརད་གསེར་ལ་ན་བཞུགས་ཤྀང་། ཟོང་ཅུ་དང་ཐེའུ་ཆུར་དྲངསྟེ།ཡུམ་ཁྲྀ་མ་ལོད་སྟོད་གྱྀ་མོང་ན་བཞུགས་ཤྀང་། དགུན་བཙན་ཕོ་ཁྲྀ་རྩེ་ན་བཞུགས་ཅྀང་། དཔྱྀད་ལྟབ་མར། ཟོང་ཆུ་དང་།ཐེའུ་ཅུར་དྲངསྟེ། ཡུམ་ཁྲྀ་མ་ལོད། ངན་ལམ་ཙལ་སར་པ་ན་བཞུགས་ཤྀང་། ……
            སྟགྀ་ལོ་ལ་བབ་སྟེ་(སྤྱི་ལོ་702)བཙན་པོ་དབྱརད་པོང་ཁྲྀ་མུ་སྟེངས་ན་བཞུགས། ཡུམ་ཁྲྀ་མ་ལོད་ཡ྄འབྲོགྀ་འཇོན་ན་བཞུགས། དགུན་བཙན་ཕོ་ཁྲྀ་རྩེ་ན་བཞུགས། མདོ་སྨད་གྱི་དགུན་འདུན་ནམ་ལྡོང་པྲོམ་དུ་ཁུ་མང་བོ་རྗེ་ལྷ་ཟུང་དང་། བློན་མང་རྩན་ལྡོང་ཞྀས་བསྡུསྟེ། སུམ་རུའྀ་མཀོས་ཆེན་པོ་བགྱྀས།ཡུམ་འོན་ཅང་དོ་ན་བཞུགས་ཅྀང། འདུསན་མའང་འོན་ཅང་དོར་བསྡུསྟེ། ཤྀང་གྱི་བཀའ་ཏང་ཆེན་པོ་བོར་བར་ལོ་ཆིག།
            ཡོས་བུའྀ་ལོ་ལ་(སྤྱི་ལོ་703)བཙན་པོ་དབྱརད་གླྀང་གྀ་འོལ་བྱག་ན་བཞུགས་ཤྀང་། རྒྱའྀ་ཕོ་ཉ་ཀམ་ཐེང་ཕྱག་བཙལད། མདོ་སྨད་གྱྀ་དགུན་འདུན་ཡོལ་གྱྀ་ཅི་འབོསུ་བསྡུས།ཡུམ་རྣང་ཕོ་ངུར་མྱིག་ན་བཞུགས་ཤྀང་། ཁུ་འབྱུར་ལོད་བཙྣ་བཀུམ། དགུན་བཙན་པོ་འཇང་ཡུལ་དུ་གཤེགསྟེ། འཇང་ཕབ་པར་ལོ་གཅྀག
            འབྲུགི་ལོ་ལ་བབ་སྟེ།(སྤྱི་ལོ་704)དཔྱྀད་ཁོ་བྲང་ཙལདུ་རྒྱལ་གཙུག་རུ་བལྟམ། དབྱརད་བཙན་པོ་ཡབ་རྨ་གྲོམ་གྱྀ་ཡོ་ཏྀ་ཅུ་བཟངས་ན་བཞུགས་ཤྀང་། ཡུམ་ཁྲི་མ་ལོད་ཡར་འབྲོག་གྀ་འོ་དང་ན་བཞུགསྟེ། འདུན་མ་བྲག་སྒོར་འདུས། དགུན་བཙན་ཕོ་ཆབ་སྲྀད་ལ་མྱྭ་ལ་གཤེགས་པ་ལས། དགུང་དུ་གཤེགས། ཡུམ་ཁྲྀ་མ་ལོད་ལྷས་གང་ཙལ་དུ་བཞུགས་སྟེ།འདུན་མ་བྱར་ལྀངས་ཙལ་དུ་ཞང་ཁྲྀ་བཟང་སྟག་ཙམ་གྱྀས་བསྡུས་པར་ལོ་ཆིག།”⒂ ཞེས་བཙན་པོ་ཆབ་སྲིད་དུ་གཤེགས་ཤུལ་དུ་ཡུམ་ཁྲི་མ་ལོད་ཀྱིས་སྟོད་ཀྱི་མོང་དང་ཡ་འབྲོག་འཇོན། འོན་ཅང་དོ། རྣང་པོ་ངུར་མིག ཡར་འབྲོག་གི་འོ་དང་ལོད་ལྷས་གང་ཚལ་སོགས་ལ་ཞབས་ཀྱིས་བཅགས་ནས་ལོ་ལྟར་འདུན་མ་བསྡུས་ནས་བཙན་པོའི་དོད་དུ་ཆབ་སྲིད་ཀྱི་བྱ་བ་རབ་དང་རིམ་པ་སྤེལ། གནས་ཚུལ་དེས་འབྲོ་བཟའ་ཁྲི་མ་ལོད་ལ་ཆབ་སྲིད་ཀྱི་ཁ་ལོ་བསྒྱུར་བའི་གོ་སྐབས་དེ།བཙན་པོ་གཉིས་ཀྱི་སྐུ་རིང་དུ་མགར་ཚང་གིས་ཡོངས་སུ་འཕྲོག་ཅིང་། མགར་ཚང་བཀྱོན་ཕབ་པའི་གཞུག་ལོར་ཁོ་མོ་ཆབ་སྲིད་ཀྱི་སྟེགས་བུར་འཛེགས་པ་དང་། བཙན་པོ་མྱྭ་རུ་སྐུ་གྲོངས་པའི་ལོ་སྟེ་སྤྱི་ལོ་704ནས་སྤྱི་ལོ་712བར་གྱི་བགྲང་བྱ་བརྒྱད་ཀྱི་རིང་དུ་ཆབ་སྲིད་ཀྱི་བདག་དབང་ཆ་ཚང་བཟུང་ནས། འདུན་མ་བསྡུས་པ་དང་གཅེན་ལྷ་བལ་པོ་རྒྱལ་པོ་ལས་ཕབ་པ། སེ་རིབ་ཞེས་པའི་རྒྱལ་ཕྲན་འབངས་སུ་བཀུག ཁུ་མང་པོ་རྗེ་ལྷ་ཟུང་དང་ཆོག་རོ་ཁོང་གེ་སོགས་ལ་བཀྱོན་ཕབ་པ། ལྔ་བརྒྱ་སྟོང་བུ་རྗེར་བཅོས་ཞེས་དམག་གི་ཁ་གྲངས་མང་དུ་བཏང་བ་དང་དམག་དཔོན་གྱི་དབང་ཆ་ཐོབ་ཐང་ཆེ་རུ་བཏང་བ། གཡོ་རུའི་འབྲོག་པའི་ཕྱུགས་ཁྲལ་ལམ་ལུགས་ལག་བསྟར་བྱས་པ། དམག་ཁྲལ་གྱི་ལམ་ལུགས་ཇེ་ཞིབ་ཏུ་བཏང་བ་སོགས་བོད་ཁམས་བདེ་ལ་བཀོད་པ་དང་ཆབ་སྲིད་སྲ་བརྟན་དུ་བཏང་བ། དཔལ་འབྱོར་གྱི་བྱ་བ་ཇེ་བཟང་དུ་བཏང་བ་སོགས་ཆབ་སྲིད་གྱི་བྱ་བར་ཕན་པའི་མཛད་རྗེས་བཞག་སྟེ། ཚེ་སྲོག་གི་འཐབ་ར་ན་རྩོད་ལེན་བྱེད་བཞིན་པའི་བོད་བཙན་པོའི་ཆབ་སྲིད་ཀྱི་ཁ་ལོ་དེ་མཛངས་མ་ཞིག་གིས་བསྒྱུར། འབྲོ་བཟའ་ཁྲི་མ་ལོད་ཀྱིས་མི་རབས་གསུམ་གྱི་རིང་དུ་རྔམ་པས་རེ་ཞིང་སྒུག་པའི་གོ་ས་དེ་མགར་ཚང་བཀྱོན་ཕབ་པའི་གོ་སྐབས་ལས་ཚུར་ལེན་བྱས་པ་དང་། མོས་ཆབ་སྲིད་ཀྱི་བདག་དབང་དེ་རང་ཉིད་ཚེ་སྲོག་གི་རྒྱུན་ཐག་མ་ཆད་ཀྱི་བར་དུ་བཙན་པོའི་ལས་དབང་ལ་འོས་བབས་ཆེ་བའི་དབོན་ཨག་ཚོམ་གྱི་ཕྱག་ཏུ་མ་ཕུལ་བར་སྲུང་ཞིང་སྐྱོང་བ་སོགས་ཀྱིས་ཁྲི་མ་ལོད་ནི་ཐོབ་དང་གོ་ས་ལ་རབ་ཏུ་དགྱེས་ཤིང་། ཆབ་སྲིད་ཀྱི་བྱ་བར་སྤྲོ་བས་འཇུག་མཁན་ཞིག་ཡིན་པ་ཤེས་ཐུབ། མོའི་ཆབ་སྲིད་ཀྱི་རྒྱལ་ཁ་དེ་མགར་ཚང་ལ་བཀྱོན་ཕབ་པའི་རྨང་གཞིའི་རྒྱལ་ཁའི་ཐོག་ནས་བསྐྲུན་པས། མགར་ཚང་ལ་བཀྱོན་ཕབ་པའི་རྒྱུ་རྐྱེན་གཞན་ཞིག་ནི་ཁྲི་མ་ལོད་ཀྱི་མངོན་ལྐོག་གང་རུང་གི་བྱ་བར་འབྲེལ་བ་ཡོད་པར་མཚོན།
            མདོར་ན། མགར་ཚང་ལ་བཀྱོན་ཕབ་པ་དེ་བློན་ཆེན་མགར་བཙན་སྙ་ལྡོམ་བུ་དང་དབའས་ཚང་བར་དུ་བློན་ཆེན་མོའི་གོ་ས་རྩོད་པའི་ལོ་སྟེ་667ནམ་673⒃ཞིག་ནས་བཟུང་མགོ་སློང་ཞིང་། སྤྱི་ལོ་685ལོ་མགར་ཚང་ནང་དམེ་བྱས་པ། ཁྲི་མ་ལོད་ཀྱི་ཆབ་སྲིད་ཀྱི་གོ་སར་འཛིན་པར་མངོན་ལྐོག་གང་རུང་བྱ་བ་སྤེལ་བ། མགར་གྱི་སྟོབས་ཤུགས་དང་ལས་དབང་དགུང་དུ་དར་བར་སྐྱི་གཡའ་སྟེ། བཙན་པོས་ཆབ་སྲིད་ཤོར་དོགས་ཀྱི་སྔོན་འགོག་གི་ཉེར་བཟློག་བཤམས་ཏེ་རི་དྭགས་བདས་པར་ལྗགས་གཡར་ནས་མགར་ཚང་བཀྱོན་ཕབ་པའི་ལོ་སྟེ་སྤྱི་ལོ་698བར་དུ་བགྲང་བྱ་སུམ་ཅུ་ཡས་མས་རིང་དུ་མགར་བུ་དག་གིས་བློན་ཆེན་གྱི་གོ་ས་བཟུང་རིང་། ཆབ་སྲིད་རྩོད་ལེན་གྱི་རྔམ་སེམས་དྲག་པོའི་འོག་ཏུ་དབའས་སུམ་སྣང་། མགར་མང་ཉེན་སྟག་ཙབ། ཁྲི་མ་ལོད། བཙན་པོ་སོགས་མཐོ་རིམ་མི་སྣས་མགར་ཚང་གི་སྟོབས་ཤུགས་དང་འཇོན་ཐང་ལ་ཕྲག་དོག་སྐྱེས་པ་དང་། སྡང་སེམས་དང་འགྲན་རྩོད་ཆེན་པོས་ཕས་རྒོལ་གྱི་གཡུལ་སྒྲིག་པས། མགར་གྱིས་དབའས་སུམ་སྣང་བཀྲོངས་པ་དང་། མགར་མང་ཉེན་སྟག་ཙབ་ཀྱིས་མགར་བཙན་སྙ་ལྡོམ་བུ་བཀྲོངས་པ། བཙན་པོས་མགར་བཙན་ཉེན་གུང་རྟོན་བཀས་བཅད་དེ་བཀུམ་པ།མཐར་བཙན་པོ་དང་ཁྲི་མ་ལོད་སོགས་ཀྱི་དཔུང་སྒྲིག་སྟེ་མགར་ཚང་བཀྱོན་ཕབ་པ་སོགས་ཀྱི་དོན་རྐྱེན་དག་ལས།མགར་ཚང་ལ་བཀྱོན་ཕབ་པ་དེ་དུས་ཡུན་བགྲང་བྱ་སུམ་ཅུ་ཡས་མས་རིང་མཐོ་རིམ་མི་སྣ་མང་པོར་གདོང་གཏུགས་པ།མགར་ཚང་ནང་མི་བར་མ་མཐུན་པར་དམེ་བྱས་པ་སོགས་ཆབ་སྲིད་གོ་སའི་དོན་དུ་འགལ་བ་མང་པོ་བྱུང་མཐར་འདུས་སྲོང་མང་པོ་རྗེའི་བཀས་སྐུལ་འོག་མགར་ཚང་ལ་བཀྱོན་ཕབ་པའི་དོན་རྐྱེན་དེ་བྱུང་བར་སྙམ་མོ།།
            མཆན་འགྲེལ།
            ①P.T.1286—11
            ②P.T.1287—118-119
            ③P.T.1287—435-436
            ④P.T.1287—101-104
            ⑤མ་ཡིག་ཏུ་མགར་བཙན་སྙ་ལྡོམ་བུ་ཞེས་མི་བུ་དེའི་རུས་མགར་ཞེས་པ་དེ་མིང་གི་སྔོན་དུ་བྲིས་པ་ཙམ་མ་གཏོགས་གོ་སའི་ཆོ་ལོ་མ་བྲིས་པ་ལ་གཞིགས་ན། ཕལ་ཆེར་བློན་ཆེན་པོའི་ཆོ་ལོ་དངོས་སུ་མ་ཐོབ་པར་སྣང་ལ། བློན་ཆེན་པོ་མགར་རྒན་འདས་རྗེས་བོད་བཙན་པོའི་ཆབ་སྲིད་ཀྱི་ལས་སྣེ་ཚང་མ་མགར་བུ་དག་གིས་རྒྱུད་འཛིན་བྱས་པ་ལོ་རྒྱུས་དང་དེབ་ཐེར་ཁག་ཏུ་གསལ་ཡང་། P.T.1287ལས་བློན་པོ་རྩལ་ཅན་རིམ་བྱུང་དུ། མགར་སྟོང་བཙན་རྒས་ནས་བཀུམ་ཚེ། རྗེ་བློན་དག་གིས་མགར་བཙན་སྙ་ལྡོམ་བུ་གསང་བའི་སྒོ་ནས་བཀའ་ལ་བཏགས་པ་ནི་དོན་དམ་པར་བློན་ཆེན་པོའི་གར་སྟེགས་སྟེང་དུ་འཛེགས་པ་དེ་རྙོག་དྲ་མང་པོ་ཡོད་པར་མངོན།
            ⑥P.T.1287—103-107
            ⑦P.T.1287—107
            ⑧དོན་ཆེན་གནད་བསྡུས་སུ། འབྲུགྀ་ལོ་ལ་680བློན་ཆེན་ཕོ་བཙན་སྙས་སྤྲགས་ཀྱི་མུར་གས་སུ་བསྡུས་ཅེས་ལོ་འདིར་བཙན་སྙའི་མིང་གི་སྔོན་དུ་བློན་ཆེན་པོའི་ཆོ་ལོ་སྦྱར་ལ་གཞི་བཅོལ་བ་ཡིན། ཡབ་མགར་རྒན་གྲོངས་ནས་ལོ་འདིའི་བར་སྔ་ཕྱིར་བཙན་སྙའི་མིང་ཁ་ཤས་བྱུང་བར། མིང་གི་སྔོན་རུས་མགར་དང་ཡང་ན་བློན་ཞེས་པའི་ཆོ་ལོ་སྦྱར་བ་ཙམ་ལས་བློན་ཆེན་པོའི་ཆོ་ལོ་གཏན་ནས་མེད་པ་དང་། ལོ་འདི་ནས་བཙན་སྙ་མ་གྲོངས་ཀྱི་བར་དུ་མིང་གི་སྔོན་དུ་བློན་ཆེན་པོའི་ཆོ་ལོ་སྦྱར་བ་བཅས་ཀྱིས་དེ་ལྟར་བགྲང་བྱ་བཅུ་གཉིས་དེ་གཏན་འཁེལ་བྱས་པ་ཡིན།
            ⑨P.T.1287—107
            ⑩བྱུང་རིམ་འདི་ཏུན་ཧོང་གཏེར་ཡིག་ལས་བློན་རྩལ་ཆེན་རིམ་བྱུང་ལྟར་འཁོད་ཀྱང་། དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་ལྟར་བཙན་སྙའི་འོག་ཏུ་ཁྲི་འབྲིང་དང་། དེའི་འོག་ཏུ་ད་གཟོད་དབའས་ཁྲི་གཟིགས་ཀྱི་ལོ་རྒྱུས་འཁོད་པས། རྗེས་མ་དེ་ལོ་རྒྱུས་དང་མཐུན་པར་སྣང་།
            ⑾S.750—36—39-40
            ⑿མཐའ་བ་བཀྲ་ཤིས་དོན་འགྲུབ། 《དཔའ་བོའི་བཞུད་ལམ།》[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009. p292
            ⒀ ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས། 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ།》 [M] བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། 1991.P234
            ⒁S.750—36—39-42
            ⒂S.750 —51—81-98
            ⒃མགར་དབའས་བར་གྱི་འགལ་བ་དེ་ནམ་བྱུང་གི་དུས་ཚོད་གསལ་བོ་ཞིག་མེད་ཀྱང་། བློན་པོ་རྩལ་ཅན་རིམ་བྱུང་ལས་འུང་ནས་བློན་སྟོང་རྩན་སླར་བཅུག་སྟེ། ལོ་དྲུག་བགྱིས་ནས་རྒས་ཏེ་གུམ་མོ། སྐྱིན་བར་ཞང་ལོན་པྲ་མོ་དང་འབངས་ཀྱིས་དབའས་སུམ་སྣང་བཅུག་ཀྱང་། རྗེ་བློན་གསངས་སྟེ་བཀའ་ལ་བཏགས་པ་ནི་མགར་བཙན་སྙ་ལྡོམ་བུ་དང་དབའས་སུམ་སྣང་བློན་ཆེན་པོའི་ལུགས་སློབ་པའི་འོག་དཔོན་དུ་བསྐོས་པར་གཞིགས་ན་མགར་དབའས་བར་དུ་བློན་ཆེན་པོ་རྩོད་ལེན་གྱི་འགའ་བ་དེ་མགར་སྟོང་བཙན་ཡུལ་འདས་གཞུག་སྟེ། སྤྱི་ལོ་667གྱི་མཇུག་ཏུ་ཡིན་དགོས་ལ། དོན་ཆེན་གནད་བསྡུས་སུ་673ལོར་བཙན་སྙའི་མིང་དངོས་སུ་བྱུང་བའི་བར་ཞིག་ཡིན་དགོས་པ་འདྲ་བས། སྤྱི་ལོ་676ནས་673བར་གྱི་ལོ་དྲུག་ནང་མགར་དབའས་བར་དུ་འགལ་བ་བྱུང་བ་རིགས་པས་སྒྲུབ་ནུས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1