ཆགས་མེད་རིན་པོ་ཆེས་འཁྲབ་ཁྲིད་གནང་བའི་གློག་བརྙན་༼བདེན་མཐོང༽ཞེས་པ་སྦོམ་སྦེ་གློག་བརྙན་དུས་ཆེན་ཐོག་ནས་འགྲེམ་སྟོན་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-20


སྤྱི་ཟླ་10པའི་ཚེས་18ཉིན། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་ཆགས་མེད་རིན་པོ་ཆེས་འཁྲབ་ཁྲིད་གནང་བའི་གློག་བརྙན་༼བདེན་མཐོང༽ཞེས་པ་དེ། སྐབས་16པའི་སྦོམ་སྦེ་གློག་བརྙན་དུས་ཆེན་གྱི་རྒྱལ་སྤྱིའི་འགྲན་བསྡུར་ཞེས་པའི་སྡེ་ཚན་གྱི་འགྲན་ཞུགས་བརྩམས་ཆོས་ཡིན་པའི་ངོས་ནས་གློག་བརྙན་དུས་ཆེན་ཐོག་དངོས་སུ་འགྲེམ་སྟོན་བྱས་ཡོད་ལ། གློག་བརྙན་ཆེད་མཁས་པ་དང་རྒྱ་གར་གྱི་ལྟད་མོ་བའི་གདེང་འཇོག་ཡག་པོ་ཐོབ་ཡོད་འདུག

             ༼བདེན་མཐོང༽ནི་ཐེངས་འདིའི་གློག་བརྙན་དུས་ཆེན་ཐོག་གི་ཀྲུང་གོའི་གློག་བརྙན་གཅིག་པུ་དེ་ཡིན་ལ། གློག་བརྙན་འདིའི་ནང་ཚད་མཐོན་པོའི་སྒྱུ་རྩལ་དང་རང་བྱུང་བབ་ཆགས་ཀྱི་པར་མིག་ལ་བརྟེན་ནས། དམུས་ལོང་གི་བྱིས་པ་ཞིག་དང་ཁོའི་ཨ་མ་གཉིས་ཀྱི་གཏམ་རྒྱུད་བརྗོད་ཡོད། བྱིས་པ་དེ་བཙན་ཤེད་ཀྱིས་དམུས་ལོང་གི་ཕིང་ཕིང་སྤོ་ལོ་སློབ་སྦྱོང་བྱེད་པར་མ་དགའ་བར་ཁྱིམ་ནས་བྲོས་རྗེས། ཁོའི་ཨ་མས་མིག་བཙུམས་ནས་འཚོ་བ་རོལ་ཞིང་། རང་གི་བྱིས་པ་ཚོར་སྣང་ཐུབ་པར་རེ་བ་བྱས། དེར་བརྟེན་ནས་མོའི་ནང་སེམས་ཀྱི་འོད་སྣང་དེ་ཡང་རྙེད་པར་གྱུར།

གློག་བརྙན་བསྟན་ཚར་རྗེས། ལྟད་མོ་བ་ཚང་མས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུའི་ཐལ་མོ་བརྡབས་ཤིང་། ཆེད་མཁས་པ་དང་རྒྱ་གར་གྱི་གློག་བརྙན་ལྟད་མོ་བས་གློག་བརྙན་༼བདེན་མཐོང༽ལ་གཞིགས་ནས་འཁྲབ་ཁྲིད་པ་ཆགས་མེད་རིན་པོ་ཆེར་དྲི་བ་སྣ་ཚོགས་དྲིས་ཤིང་། ཁོང་གིས་ཡིད་དབང་འཕྲོག་པའི་ལན་འདེབས་གནང་ནས་ཚོགས་ར་ཡོངས་སྤྲོ་སྣང་གི་རྣམ་པས་ཁེངས་པར་བྱས། འདི་ནི་ཁོང་གི་གློག་བརྙན་ཐོག་མ་དེ་ཡིན་ཞིང་། ཁོང་གིས། གློག་བརྙན་འདི་བརྒྱུད་ནས་མི་རྣམས་ཀྱིས་སེམས་པ་རྣལ་དུ་ཕབ་ནས་ཚེ་སྲོག་གི་དོན་སྙིང་དང་མི་ཚེ་ཡི་རིན་ཐང་ལ་བསམ་གཞིགས་གཏོང་བའི་རེ་བ་ཡོད་ཅེས་དང་། དམུས་ལོང་གི་བྱིས་པ་དེ་བརྙན་བླངས་པ་ནི་ནང་སེམས་འཚོལ་སྙེག་བྱེད་པའི་ཐབས་ལམ་ཡག་ཤོས་ཤིག་ཡིན་ཏེ། ཁོ་ཚོའི་མིག་གིས་མཐོང་མི་ཐུབ་ཀྱང་། སེམས་པ་ནི་མི་ཕལ་བ་ལས་ཀྱང་རྒྱ་ཆེན་པོ་ཡོད་ངེས་ཞེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1