ས་སྐྱ་པ་ཀུན་དགའ་རྒྱལ་མཚན་གྱི་སྲིད་ཕྱོགས་ཀྱི་ མཛད་པ་ཟུར་ཙམ་གླེང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-18


བོད་ཡོངས་སུ་དབང་བསྒྱུར་བའི་བོད་ཡོངས་ཀྱི་རྒྱལ་པོ་གསར་བརྗེ་པ་ཆེན་པོ་རྒྱལ་རབས་ཞེ་གཉིས་པ་ཁྲི་དར་མ་ཨུ་དུམ་བཙན་ནམ་གླང་དར་མ་ཡིས་བོད་ཀྱི་བཅོས་བསྒྱུར་གྱི་ལས་དོན་འགོ་བརྩམས་ཤིང་སྐུ་སྲས་ཀྱང་མ་འཁྲུངས་པའི་སྔོན་དུ་ལྷ་ལུང་དཔལ་རྡོར་གྱིས་ལག་ཉེས་བཟོས་ཏེ་སྐུ་བཀྲོངས་པའི་རྐྱེན་གྱིས།   བོད་ཁམས་སིལ་བུར་གྱུར་པའི་ལོ་ངོ་བཞི་བརྒྱ་ལྷག་ཙམ་གྱི་རིང་ལ་བོད་ཀྱི་ཡུལ་གྲུ་སོ་སོར་བོད་རང་རང་གི་ཡུལ་དཔོན་གྱིས་བདག་སྐྱོང་བྱས་ཏེ་རང་ཁྱིམ་རང་བདག་གིས་ཆོས་སྲིད་གང་ཐད་དུ་ཕུན་སུམ་ཚོགས་པར་གྱུར་ནས་ཡོད་པ་རེད ། འདི་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་འགྱུར་ལྡོག་གི་ལྷུ་ཚིགས་ཆེན་པོ་དང་པོ་དེ་རེད །བོད་ཀྱི་ལོ་རྒྱུས་ཐོག་གི་འགྱུར་ལྡོག་གི་ལྷུ་ཚིགས་ཆེན་པོ་གཉིས་པ་ནི །    དེ་ལྟར་བོད་ཆེན་པོ་ལ་གཅིག་གྱུར་གྱི་རྒྱལ་པོ་ཞིག་མ་བྱུང་པའི་སྐབས་དེར། བྱང་ཕྱོགས་ཧོར་གྱི་དམག་སྲིད་འབྱོར་གསུམ་ཡར་རྒྱས་བྱུང་སྟེ་ཁྱིམ་མཚེས་རྒྱལ་ཁབ་སོ་སོར་དམག་འཁྲུག་དང་བཙན་འཛུལ་ཅི་ཐུབ་བྱེད།དེ་ཡང་ཧོར་གྱི་རྒྱལ་རྒྱུད་ཡེ་ཕུར་ག་བ་དུར་དང་བཙུན་མོ་ཧུ་ལན་གཉིས་ཀྱི་སྲས་ཇིང་གིར་རྒྱལ་པོ་1182ལོར་འཁྲུངས།འདི་རྒྱའི་སྐད་དུ་ཁྲིན་ཅི་སི་ཧན་ནམ་མིང་དངོས་ཐེ་མུ་ཀྲིན་ཟེར།1206ལོར་ཧོར་གྱི་ཡུལ་དཔོན་རྣམས་ཨ་ནན་གཙང་པོའི་འགྲམ་དུ་འཚོགས་ནས་ཇིང་གིར་ཧོར་ཡོངས་ཀྱི་དར་ཧན་ལ་བསྐོས། མོང་གོལ་རྒྱལ་ཁབ་བཙུགས། མཐར་ཇིང་གིར་རྒྱལ་པོས་ཧོར་གྱི་ཡུལ་གྲུ་མཐའ་དག་གཅིག་གྱུར་བཟོས།དེས་ལོ་སོ་བརྒྱད་པ་ལ་རྒྱལ་ཁམས་དབང་དུ་འདུས་ནས་རྒྱལ་པོ་ལོ་ཉི་ཤུ་རྩ་གསུམ་བྱེད།     ཇིང་གིར་ཧོར་ཡོངས་ཀྱི་དར་ཧན་ལ་བསྐོས་མ་ཐག་ཏུ་མི་ཉག་གི་ཡུལ་དུ་དམག་དྲངས །བོད་བྱང་ཕྱོགས་ས་ཁུལ་དུའང་ཧོར་དམག་འོངས།བོད་ཀྱི་ཡུལ་སྡེ་མང་པོའི་རྗེ་འབངས་རྣམས་ཧོར་དམག་གི་དྲག་ཤུགས་ལ་རྒོལ་མ་ནུས་པར་མི་འདོད་བཞིན་དུ་བང་མི་མངགས་ཏེ་འདུམ་ཐབས་མི་བྱེད་ཀ་མེད་བྱུང་།        ཞིན་དུ་མོང་གོལ་སྡེ་ཁག་ལ་ཡུན་རིང་གཉའ་གནོན་བྱེད་མཁན་ཅེའུ་རྒྱལ་རབས་ལ་ཕར་རྒོལ་བྱེད་པ་དམིགས་ཡུལ་གཙོ་བོར་བཟུང་སྟེ་ལྷོ་ཕྱོགས་ཁུལ་དུ་དཔུང་འཇུག་བྱས།     1205 ལོ་ནས་ 1209བར་མི་ཉག་ལ་དམག་ཐེངས་གསུམ་ཙམ་དྲངས།         དངོས་པོ་འབོར་ཆེན་འཕྲོག་1211 ལོ་ནས་1214 ལོ་བར་ཅེའུ་རྒྱལ་རབས་ལ་བསྟུད་མར་ཕར་རྒོལ་བྱས་སྟབས་ཕམ་ཉེས་ཚབས་ཆེན་བྱུང་སྟེ་ཅེའུ་རྒྱལ་རབས་འཐོར་ཞིག་ཏུ་འགྲོ་བའི་གནས་སུ་གྱུར།       1219ལོ་ཇིང་གིར་རྒྱལ་པོས་དམག་འབུམ་གཉིས་ཁྲིད་ནས་ཧོ་ཚེ་ཙེ་རྨའོ་ཞེས་པའི་རྒྱལ་ཁབ་དེར་དམག་དྲངས།      རྒྱལ་པོ་རྨའོ་ཁྭ་རྨའོ་ཡི་སྲས་ཀྲ་ལན་ཏིང་གིས་མོང་གོལ་དམག་ལ་འགོག་རྒོལ་བྱས་ཀྱང་མཐར་ཕམ་ཉེས་བྱུང་སྟེ་རྒྱ་གར་ལ་བྲོས།   མོང་གོལ་དམག་དཔུང་རྒྱ་གར་བར་དུ་འོངས།     དེ་ནས་ཡཱ་སུའུ་དང་།    ཁང་ལི།   ཆན་ཁྲ།  ཨོ་ལུ་སི་སོགས་ས་གནས་ཁག་ལ་དམག་སྐྱོད་བྱས། ཡཱ་གླིང་དཀྱིལ་མ་དང་ཨའུ་གླིང་ཤར་ངོས། དབྱི་ལང་གི་བྱང་ངོས་སོགས་ས་ཆ་རྒྱ་ཆེན་བཙན་བཟུང་བྱས་ནས་ལྷ་སྲས་རྣམས་ལ་ཁག་བགོས་ཏེ་གནང་།   1235 ལོ་ནས་1259 ལོ་བར་སྔ་རྗེས་སུ་ནུབ་སྐྱོད་དཔུང་འཇུག་ཅེས་པ་ཐེངས་གཉིས་བྱས་ཏེ་མཐའ་བཞིའི་རྒྱལ་ཁབ་མང་པོ་དབང་དུ་འདུས་པའོ།།   དེ་ལྟར་ཧོར་གྱི་བཙུན་འཛུལ་གྱི་གནས་སྐབས་ཀྱི་ཆག་སྒོ་དེ་བོད་ཁོ་ནར་མ་ཟད་རྒྱལ་ཁབ་དང་མི་རིགས་གཞན་དག་ལའང་བྱུང་ཡོད་ཀྱང་།    མཐའ་མཇུག་ཟླ་བ་གཟའ་ཡིས་ཟིན་ཀྱང་སླར་ཡང་དྭངས་ནས་ཆ་ཤས་ཡོངས་སུ་རྫོགས་པ་ལྟར་སོ་སོར་རང་བདག་ཐོབ་སོང་བ་རེད།1240་ལོར་ཇིང་གིར་རྒྱལ་པོའི་གདུང་རྒྱུད་དེང་དུས་མཚོ་སྔོན་ས་ཁུལ་གྱི་ཧོར་གྱི་སྡེ་པ་འདི་དག་གི་སྡེ་དཔོན་གོ་དན་གྱིས་ཧོར་གྱི་དམག་དཔོན་དོར་རྟ་ནག་པོས་གཙོར་བྱས་པའི་ཧོར་དམག་ཁྲི་འགའ་བོད་དུ་བཏང་།  ཧོར་དམག་རྣམས་བྱང་ལམ་བརྒྱུད་དེ་འཕན་ཡུལ་དུ་འབྱོར།      ཡུལ་མི་རྣམས་འཇིགས་སྐྲག་རབ་ཏུ་སྐྱེས་ནས་ཡུལ་ཕྱོགས་གཞན་དུ་བྲོས་བྱོལ་དུ་ཕྱིན། བྲོས་མི་ཐར་བ་རྣམས་དམར་གསོད་དུ་བཏང་།  དེ་ནས་ཧོར་དམག་རྭ་སྒྲེང་དང་རྒྱལ་ལྷ་ཁང་དུ་འབྱོར་ཏེ་དགེ་འདུན་པ་དུ་མ་བཀྲོངས་པས་གླིང་ལོག་སྟེ་དམག་འཐབ་དྲག་པོ་བྱུང་། ཧོར་དམག་ནི་གདུག་རྩུབ་དང་དྲག་རྩལ་ཧ་ཅང་ཆེ་བས་ཤར་ཀོང་པོའི་ཡུལ་ཡན་ཆད་ནས། ནུབ་བལ་པོ་དང་། ལྷོ་མོན་ལ་ཐུག་པ་ཚུན་ཆད་ཀྱི་བཙན་པོ་དང་བློན་འབངས་རྣམས་ཀྱིས་འགོག་རྒོལ་ཅི་ཐུབ་བྱས་ཀྱང་མཐར་ཕམ་སོང་།  དེ་ནས་ཧོར་དམག་རྣམས་བོད་ཡུལ་དུ་མ་བསྡད་པར་རྒྱལ་པོ་གོ་དན་གྱི་བཀའ་བཞིན་མདོ་སྨད་ལ་ཕྱིར་ལོག་པར་བཤད།   ཧོར་གྱི་བོད་རྒྱའི་བྱང་ཕྱོགས་ཡུལ་གྱི་རྒྱལ་པོ་གོ་དན་གྱིས་ཆོས་སྲིད་ཀྱི་དགོས་མཁོ་དང་བསྟུན་ཏེ་བོད་ནས་བླ་མ་ཞིག་གདན་དྲངས་དགོས་པའི་བཀའ་ཕབ།  1244 ལོར་དམག་དཔོན་དོར་རྟ་ནག་པོ་དང་རྒྱ་སྨན་ཟེར་བ་གཉིས་ཀྱིས་དཔུང་བཏེགས་ཏེ་ཡང་བསྐྱར་བོད་དུ་འོངས།ཐེངས་འདིར་སྔ་མ་ལྟར་དྲག་པོའི་དཔུང་གི་ཟིལ་ཤུགས་ལ་མ་བརྟེན་པར་ཞི་བའི་སྒོ་ནས་སྐྱེས་དང་སྙན་པའི་འཕྲིན་བརྫངས་ཏེ་བོད་དབུས་གཙང་ནས་ཧོར་གྱི་ཚབ་དང་བོད་ཡོངས་ཀྱི་མགོ་དཔོན་ནུས་པ་སྟེ་ཆོས་སྲིད་ཀྱི་བྱ་བ་ཀུན་ལ་མཁས་པ་ཞིག་གདན་འདྲེན་ཞུ་དགོས་པ་ལ།  ཕོ་ཉ་ན་རེ། བོད་མཐའ་འཁོབ་ཀྱི་ཡུལ་ཁམས་ན།  དགེ་འདུན་གྱི་སྡེ་ནི་བཀའ་གདམས་ཆེ།         ངོ་བསྲུང་ནི་སྟག་ལུང་ཆོས་རྗེ་མཁས།      གཟི་བརྗིད་ནི་འབྲི་གུང་སྤྱན་སྔ་ཆེ། ཆོས་ནི་ས་སྐྱ་པཎྜིཏ་མཁས་པར་འདུག་པས་གང་སྤྱན་འདྲེན་དགོས་པའི་ལུང་སྩོལ་ཅིག་ཞུས་པར།    གོ་དན་གྱིས་བོད་ཀྱི་ཡུལ་གྲུ་བཅད་བཟུང་བྱས་ཤིང་ཆབ་སྲིད་གཅིག་གྱུར་མེད་ཁར་བོད་ནང་ཁུལ་དུ་ཕྱོགས་ཁ་ཕན་ཚུན་བོད་ཀྱི་སྲིད་དབང་སུ་ཐོབ་བྱེད་པའི་གནས་ཚུལ་ལ་གཞིགས་ཏེ།  ས་སྐྱ་པཎྜི་ཏ་གདན་འདྲེན་དགོས་པར་བཀའ་ཕབ།  རྒྱ་སྨན་ས་སྐྱར་ཕྱིན་ཏེ་གདན་ཞུའི་ཆབ་ཤོག་གི་ལུང་བསྒྲགས།        ཧོར་གྱིས་འཕུལ་བའི་འཇའ་ས་གདན་འདྲེན་མ་ལས་འདི་ལྟར་འབྱུང་སྟེ།   ཚེ་རིང་གནམ་གྱི་ཤེད་མོ་ལ་བསོད་ནམས་ཆེན་པོའི་དཔལ་ལ་བརྟེན་ནས་རྒྱལ་པོ་ངེད་ཀྱི་ལུང་།         ས་སྐྱ་པ་པཎྜིཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ལ་གོ་བར་བྱེད་པའི་གཏམ།    ངེད་ཕ་མ་དང་གནམ་སའི་དྲིན་ལན་འཇལ་བའི་ཕྱིར་ལམ་གྱི་བླང་དོར་མ་ནོར་བ་སྟོན་ཤེས་པའི་བླ་མ་གཅིག་དགོས་པ་བརྟག་པ་བྱས་དུས་ཁྱོད་དུ་འདུག་པས།         ལམ་གྱི་དཀའ་ཚེགས་ལ་མི་བལྟ་བ་ཡོང་དགོས།     གལ་ཏེ་ན་སོ་རྒས་ཟེར་ན་སྔོན་ཐུབ་པའི་དབང་པོས་སེམས་ཅན་གྱི་དོན་དུ་ལུས་གྲངས་མེད་སྦྱིན་པ་གཏོང་བ་ཇི་ཙམ།   ཁྱོད་ཀྱི་ཆོས་གོ་དམ་བཅའ་དང་ཨེ་འགལ།   ངས་མཐའི་ཁྲིམས་ར་བླངས་དམག་དཔུང་ཆེན་པོས་བརྡ་དེད་བྱས་ནས་སེམས་ཅན་མང་པོ་ལ་གནོད་པ་བྱས་ན་མི་སྐྲག་པ་ཨེ་ཡིན། དེས་ན་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་མང་པོ་ལ་སོམས་ལ་ཁྱོད་མགྱོགས་པར་ཤོག     ཉི་མ་ནུབ་ཕྱོགས་ཀྱི་བནྡེ་རྣམས་ཁྱོད་ཤེས་སུ་འཇུག་པ་ཡིན།     གནང་སྦྱིན་ལ་དངུལ་བྲེ་ཆེན་ལྔ།     གོས་ཆེན་གྱི་ཆོས་གོས་མུ་ཏིག་གི་ཚོམ་བུ་ཅན་ལ་མུ་
ཏིག་སྟོང་ཕྲག་དྲུག་དང་ཉིས་བརྒྱ།   གོས་ལུ་ཧང་གི་རིང་འགགལྷྭམ་འབོབ་དང་བཅས་པ།          ཁ་ཏི་ཁ་ཚང་མ་ཡུག་གཉིས། ཐོན་ཏི་ཁ་ཚང་མ་ཡུག་གཉིས།        གོས་ཆེན་སྣ་ལྔ་ཡུག་ཉི་ཤུ་རྣམས་ཡོད།   འདིའི་ལོན་མ་རྡོར་སྲི་མགོན་དང་།    དབོན་ཇོ་དར་མ་གཉིས་བཏང་བ་ཡིན     །  འབྲུག་ལོ་ཟླ་བ་བརྒྱད་པའི་གནམ་གང་ལ་བྲིས།     ཞེས་པའི་ཞུ་ཡིག་དང་བཅས་པའི་ཧོར་གྱི་གདན་འདྲེན་པ་རྣམས་སླེབས། 
ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ལས།  བོད་ཀྱི་ཡུལ་འདིར་ས་པཎ་བདག་ཉིད་ཆེན་པོས་ཐུབ་པའི་བསྟན་པ་ལ་མཛད་པ་རྒྱ་ཆེ་བ་གྲུབ་པའི་སྐབས་སུ་ཧོར་ཞེས་བྱ་བའི་སྐྱེ་བོ་གདུག་པ་ཅན་བླང་དོར་གྱི་གནས་ལ་དུད་འགྲོ་བས་རྨོངས་ཤིང་།     སྙིང་རྗེ་ནི་ལས་ཀྱི་གཤིན་རྗེ་བས་ཀྱང་ཆུང་།      ལུས་ཀྱི་རྩལ་ནི་གནོད་སྦྱིན་བས་ཀྱང་ཆེ།        ལྷ་མ་ཡིན་གྱི་དཔུང་ཚོགས་ལྟར་གྲངས་མང་ཞིང་འཇིགས་སུ་རུང་བ་ཞིག་གིས་ཐོག་མར་རྒྱའི་ཡུལ་དང་།       དེ་ནས་མི་ཉག་གི་ཡུལ་ལ་སོགས་པ་བྱང་ཕྱོགས་ཀྱི་རྒྱལ་ཁམས་མཐའ་དག་བདག་གིར་བཟུང་ནས། ཁྱིམ་པ་དང་རབ་ཏུ་བྱུང་བའི་རྣམ་དབྱེ་མེད་པར་ཐམས་ཅད་དམག་ཁྲལ་ལས་གསུམ་གྱི་ཁྱུར་བཅུག་ནས་བསྟན་པའི་མིང་ཙམ་ཡང་མེད་པར་བྱས་ཏེ་རང་གཞན་ཐམས་ཅད་འཕུང་བར་འགྱུར་བར་གཟིགས་ཞེས་སོགས་བཀོད་པ་ལྟར་གྱི་གནས་ཚུལ་དེ་ལྟ་བུ་དངོས་སུ་རང་རེ་བོད་པ་རྣམས་ཀྱི་མགོ་ཐོག་ཏུ་བབ་ཉེན་ཡོད་པ་དང་།    དེ་སྔ་ས་པཎ་ཉིད་ཀྱི་མཁན་པོ་པཎ་ཆེན་ཤཱཀྱ་ཤྲཱི་དང་བླ་མ་རྗེ་བཙུན་ཆེན་པོས་ཚེ་མཇུག་ཏུ་ཧོར་དུ་ངེས་པར་ཕྱིན་དགོས་པའི་ལུང་བསྟན་པ་དང་།    ཆོས་རྗེ་ས་པཎ་གྱི་གཅུང་ཟངས་ཚ་བསོད་ནམས་རྒྱལ་མཚན་གྱིས་ཚོགས་བདག་བསྒྲུབས་ཏེ་ཚོགས་བདག་གིས་ས་སྟོན་རི་པ་ལ་ཟངས་ཚས་ང་ལ་དབུས་གཙང་ཁམས་གསུམ་འདུ་བ་གཅིག་དགོས་ཟེར་ནས་བསྐུལ་བས།       ཟངས་ཚའི་བུར་སྐྱེ་བ་བཞེས་ན་དབུས་གཙང་ཁམས་གསུམ་སོགས་བོད་ཡུལ་དབང་དུ་འདུ་བ་འདུག་པས་བསམ་བཞིན་སྐྱེ་བ་བླང་དགོས་ཟེར་ནས་དེ་བཞིན་མཛད་དེ་འགྲོ་མགོན་ཆོས་རྒྱལ་འཕགས་པར་འཁྲུངས།      ཟངས་ཚ་སྐུ་འདའ་ཁར་ངའི་རུས་པ་འདི་ཕ་གི་ཤོད་ཀྱི་སྟེང་དེར་སྲེགས་ཤིག ངའི་བུ་ཚ་བརྒྱུད་ཀྱིས་རྒྱལ་ཁམས་དབང་དུ་འདུ་བའི་རྟེན་འབྲེལ་ཡོད་གསུངས་ནས་དེ་བཞིན་དུ་བྱས་པ་དང་།  མ་གཞིར་དུང་དཀར་རིན་པོ་ཆེས་སྐབས་དེར་བོད་དུ་ཡོད་པའི་ཆོས་ལུགས་གྲུབ་མཐའ་ཁག་གིས་རང་རང་གི་སྟོབས་ཤུགས་ཆེ་བར་ཡོང་ཆེད་སོ་སོས་ཆབ་སྲིད་དང་དམག་ཤུགས་ཐད་ལ་སྟོབས་ལྡན་གྱི་རྒྱབ་རྩ་རེ་བཙལ་བའི་ཕྱིར་ས་འབྲི་ཕག་ཚལ་དང་སྟག་ལུང་གཡའ་བཟང་བཅས་ཀྱིས་སྔ་གཞུག་ཏུ་ཧོར་ཡུལ་དུ་མི་སྣ་མངགས་གཏོང་བྱས་ཏེ།     ས་སྐྱ་པས་རྒྱལ་པོ་ཨོ་གོ་ཏའི་ལ་མགོ་བཏགས་པ་དང་གཞན་ཚོས་ཀྱང་རྒྱལ་བུ་རེ་ལ་མགོ་བཏགས་ཞུས་པས་དེ་དག་ལའང་རང་རང་ཐད་མཆོད་གཞི་སྤྲད་པར་གསུངས་པ་བཞིན།       ས་སྐྱ་པས་ཐོག་མར་གོ་དན་གྱི་ཡབ་དང་འབྲེལ་བ་བྱས་མྱོང་ཡོད་པ་དང་།    ཆོས་རྗེ་ཉིད་ཀྱིས་ཀྱང་དགུང་ལོ་རེ་གཅིག་ལ་སྔོན་འགྲོའི་ཆོས་འཁོར་ཆེན་པོ་མཛད་ནས་རེ་གཉིས་པ་ལ་ཧོར་གྱི་ཡུལ་ཕྱོགས་ཞིག་གི་རྒྱལ་པོ་གོ་དན་གྱི་འཇའ་ས་གདན་འདྲེན་མ་འབྱོར་བྱུང་བ་སོགས་རྒྱུ་མཚན་སྣ་ཚོགས་ཞིག་ལ་བརྟེན་ནས།    སྐབས་དེར་ཁོང་དགུང་གྲངས་དྲུག་ཅུ་ལྷག་ཏུ་བཞེས་ཡོད་ཀྱང་ལོ་རྒྱུས་འཕེལ་ཕྱོགས་ཀྱི་འགྲོས་དང་བསྟུན་ནས།      ཕེབས་ལམ་ཐག་རིང་བའི་དཀའ་ཚེགས་དང་རང་ཉིད་ན་སོ་རྒས་པའི་ཉེ་ཞོ་ལྷུར་བཞེས་གནང་བཞིན་སྐུ་དབོན་འཕགས་པ་བློ་གྲོས་རྒྱལ་མཚན་དགུང་ལོ་བཅུར་སོན་པ་དང་ཕྱག་ན་རྡོ་རྗེ་དགུང་ལོ་དྲུག་ཙམ་ལས་མེད་པ་གཉིས་ཕྱག་ཕྱིར་གཙོ་བོར་ཁྲིད་དེ་ཧོར་ཡུལ་དུ་འབྱོན་པར་མཛད།   དེ་ནས་སྐུ་དབོན་གཉིས་ཐད་ཀར་ལེང་ཀྲུའུ་ལ་བཞུད་དེ་ཧོར་གྱི་སྐད་ཡིག་དང་།   གཤིས་ལུགས་རྣམས་ལེགས་པར་སྦྱངས།     ས་སྐྱ་པཎྜིཏ་སྐུ་ན་བགྲེས་ནའང་ཆོས་དང་འཇིག་རྟེན་གྱི་དགོས་དབང་སྒྲུབ་ཆེད་ལམ་བར་ཡུལ་སྡེ་སོ་སོའི་བླ་མ་དཔོན་རིགས་དང་འབངས་རྣམས་དང་མཇལ་འཕྲད་མཛད།  ཕན་ཚུན་བཀའ་གྲོས་ལེགས་པར་མཛད་
དེ་ལོ་ངོ་གཉིས་རིང་གི་དཀའ་བསྐྱོད་ལ་བརྟེན་བོད་དབུས་གཙང་ནས་མདོ་སྟོད་བེ་རི་བརྒྱུད་དེ་1246ལོ་ལ་བྱང་ངོས་ཀྱི་མི་དབང་ཆེན་པོ་གོ་དན་གྱི་རྒྱལ་ས་མདོ་སྨད་ལེང་ཀྲུའུ་མཁར་དུ་ཕྱག་ཕེབས།     སྐབས་དེར་ཨེ་ཆེན་གོ་དན་རྒྱལ་པོ་ཡབ་གཤེགས་པའི་ཤུལ་དུ་ཧོར་ཆེན་པོའི་སྲིད་སྐྱོང་ལ་གོ་ཡུག་གན་རྒྱལ་སར་སྟོན་པ་ལ་ཧོར་ཡུལ་ཏེ་དེང་གི་ཕྱི་སོག་མོང་གོལ་རྒྱལ་ཁབ་ཀྱི་ཧེ་ལེན་ས་ཆར་བཞུད་ཟིན་པས་དེ་མ་ཐག་ཏུ་ཁོང་གཉིས་མཇལ་འཕྲད་བྱུང་མ་ཐུབ། 1247ལོའི་བོད་ཟླ་དང་པོའི་ནང་གོ་དན་རྒྱལ་པོ་ཚུར་ལེང་ཀྲུའུ་ལ་བྱོན་པས་ཆོས་རྗེ་ས་པཎ་དང་མཇལ་འཕྲད་མཛད།  རྒྱལ་པོ་ཡང་ཐུགས་ཤིན་ཏུ་མཉེས་ནས་ཆོས་དང་འཇིག་རྟེན་ལུགས་ཀྱི་གསུང་གླེང་མང་པོ་མཛད།   རྒྱལ་པོས་དམ་པའི་ཆོས་ཀྱི་དོན་རྟོགས་ཤིང་དད་པ་བསྐྱེད།  རྒྱལ་པོའི་ཀླུའི་ནད་ཀྱང་བཅོས་ཐུབ་པས་གཙོ་འཁོར་དང་བཅས་པས་ས་པཎ་ལ་ཤིན་ཏུ་དད་པར་གྱུར་ཅིང་ཆོས་རྗེའི་མཚན་སྙན་ནི་སྔར་བས་ཀྱང་གྲགས་ཆེ་བ་བྱུང་། དེ་ལྟར་ངོ་མཚར་བའི་མཛད་པ་དུ་མའི་སྒོ་ན་ཧོར་གྱི་ཡུལ་དུ་བསྟན་པ་དར་རྒྱས་ཕུལ་དུ་ཕྱིན་པ་མཛད་ནས།       དེ་ནས་ཆོས་རྗེ་ཉིད་བོད་དུ་འབྱོན་པ་བས་བྱང་ངོས་སུ་བཞུགས་ན་ཕན་ཆེ་བར་གཟིགས་ནས་གནས་དེ་ཉིད་དུ་ཐུགས་ཕབ། བོད་ཀྱི་གྲྭ་སློབ་རྣམས་ལ་གནང་སྦྱིན་འབུལ་བ་མང་པོ་བསྐུར། ཆོས་ཀྱི་སྐྱེས་སུ་བྱང་ཆུབ་སེམས་དཔའི་ལམ་ལ་འཇུག་པའི་རིམ་པ་ཐུབ་པའི་དགོངས་པ་གསལ་བ་ཞེས་བྱ་བ་བསྐུར་ནས་ཚོགས་ཆོས་འདི་དབུས་གཙང་ཁམས་གསུམ་དུ་བཤད་པ་ཡིན་པས།    ངའི་སློབ་མ་ཐམས་ཅད་ཀྱིས་ལུང་ཐོབ་པ་ཡིན་པས་ཡི་གེ་འདི་ལ་ལྟོས་ལ་ཤོད།  འདི་བཞིན་དུ་ཉམས་སུ་ལོང་གསུངས་པའི་གསུང་འཕྲིན་དང་བཅས་བུ་སློབ་རྣམས་ལ་བཀའ་ཤོག་འདི་ལྟར་གནང་བ་ཡིན་ཏེ།   དེ་ནས་གོ་དན་རྒྱལ་པོ་དང་ཆོས་རྗེས་གཉིས་དབུས་གཙང་མངའ་རིས་དང་བཅས་པའི་བོད་་་་རྣམས་ཧོར་རྒྱལ་པོའི་མངའ་འབངས་སུ་འདུ་རྒྱུའི་སྐོར་ལ་ཕན་ཚུན་བཀའ་གྲོས་ལེགས་པར་མཛད་མཐར།            ཆོས་རྗེ་ས་པཎ་གྱིས་བོད་དབུས་གཙང་མངའ་རིས་དང་བཅས་པའི་བླ་དཔོན་ཡོན་མཆོད་སེར་སྐྱ་ཚང་མར་བོད་འདི་ཧོར་གྱི་མངའ་འོག་ཏུ་འདུ་དགོས་ཚུལ་གྱི་བསླབ་བྱའི་བཀའ་ཤོག་གྲགས་ཆེ་བ་དེ་སྤྲིངས་ནས།    ཁོང་བསྟན་འགྲོ་སྤྱི་དང་སྒོས་བོད་སྐད་སྨྲ་བ་ཐམས་ཅད་ལ་ཕན་པར་བསམས་ནས་ཧོར་དུ་འོང་ཞེས་པ་ནས་ཧོར་རྒྱལ་པོ་འདི་བྱང་སེམས་ལྡན་ཚུལ་དང་བསྟན་པ་ལ་གུས་ཚུལ།   ཁོང་ཉིད་གཞན་ལས་ལྷག་པའི་ཐུགས་ལ་འདོགས་ཚུལ་སོགས་ཀྱི་མུར།   སྐབས་དོན་ཧོར་འདིའི་དམག་སྡེ་གྲངས་ལས་འདས་ཞེས་པ་སོགས་བོད་རྣམས་ཀྱིས་ཧོར་ལ་འགྲན་ཟླར་མི་འོང་བས་མགོ་འདོགས་དགོས་ཚུལ་དང་།        མགོ་ཇི་ལྟར་འདོགས་ལུགས་ཐ་ན་ཧོར་ཚོ་དགའ་སའི་ལེགས་འབུལ་གྱི་ཐོ་དང་བཅས་མདོར་ན་ཁོང་ཉིད་ཀྱིས་གསན་གཟིགས་མྱོང་གསུམ་གྱི་གནས་ཚུལ་དངོས་དེ་སེར་སྐྱ་ཡོངས་ལ་ཇི་བཞིན་བླང་དོར་དགོས་པའི་བཀའ་ཤོག་ལེགས་པར་གནང་བར་བརྟེན་བོད་ཁམས་ཡོངས་འཁྲུག་ལོང་དང་བྲལ་བའི་གནས་སུ་བཀོད་ཅིང་། བོད་ས་གནས་ཀྱི་བླ་དཔོན་དང་མི་སེར་ཕལ་ཆེར་གྱིས་ས་པཎ་མཆོག་གི་གཟིགས་རྒྱང་དང་བཀའ་དྲིན་ལ་ཐུན་མོང་ནས་དགའ་གུས་ཆེན་པོས་རྗེས་སུ་ཡི་རངས་དང་མོས་མཐུན་ཞུས་སོ། །    འོན་ཀྱང་ས་སྐྱ་གདོང་རབས་ངོ་མཚར་བང་མཛོད་ཅེས་
བྱ་བ་ལས།      དེ་ལ་འགའ་ཞིག་ས་སྐྱ་པ་ལྷའི་བུའི་བདུད་ཀྱིས་གཡེངས་པས་ཧོར་དང་འབྲེལ་ལོ་ཞེས་ཟེར་བའང་མི་རིགས་ཏེ་ཞེས་པ་དང་།  བྱང་ངོས་སུ་བྱོན་པ་ལའང་གཞན་གྱི་སྣང་ངོར་འབྱོན་པ་མི་སྤྲོ་བའི་ཚུལ་བསྟན་པ་སོགས་རྣམ་པར་ཐར་པ་འགའ་ཞིག་ཏུ་འབྱུང་མོད་ཀྱིས་ཞེས་པ་ལྟ་བུའི་ཚིག་ལ་ལྟོས་ན་ཧོར་བོད་བར་གྱི་འབྲེལ་བ་ལ་ལྟ་ཚུལ་མི་མཐུན་པ་ཡོད་ཀྱང་ཆོས་རྗེས་ས་པཎ་ཉིད་ཀྱིས་གཞན་ངོ་ཁས་ལེན་ཡིན་པར་འདྲ་བ་ནི་གཞན་ཞིག་གོ། 
དེ་ནས་འགྲོ་མགོན་ཆོས་རྒྱལ་འཕགས་པ་དགུང་ལོ་བཅུ་བདུན་པ་ལ་ཆོས་རྗེ་པ་ལ་མངའ་བའི་ཡོན་ཏན་ཐམས་ཅད་རྫོགས་པས་ཆོས་རྗེ་པ་ཐུགས་ཤིན་ཏུ་མཉེས་ཏེ་བསྟན་པའི་ཁུར་བཟོད་པར་དགོངས་ནས་ཆོས་དུང་དང་ལྷུང་བཟེད་ལ་སོགས་པ་གནང་།         སློབ་མའི་ཚོགས་རྣམས་གཏད་ནས་བསྟན་པའི་བྱ་བ་དང་སེམས་ཅན་མང་པོའི་དོན་བྱ་བའི་དུས་ལ་བབས་པས་སྔོན་གྱི་དམ་བཅས་པ་དྲན་པར་གྱིས་ཤོག་པའི་བཀའ་བསྒོས་ནས་བསྟན་པ་གཏད་རྗེས་1215ལོར་དགུང་གྲངས་བདུན་ཅུའི་སྟེང་བྱང་ལེང་ཀྲུའུ་མཁར་དུ་ཆོས་རྗེས་ས་པཎ་དགོངས་པ་ཆོས་དབྱིངས་སུ་ཐིམ་པར་མཛད།         མ་འགྱངས་པར་གོ་དན་རྒྱལ་པོའང་སྐུ་འདས་སོ། །   བྱང་རྒྱལ་གོ་དན་འདས་རྗེས་ཧུའུ་པི་ལེའམ་བོད་པས་སེ་ཆེན་རྒྱལ་པོར་འབོད་པ་དེ་བྱང་ངོས་ཀྱི་རྒྱལ་པོར་ཕེབས་ཤིང་1253ལོ་ལ་མདོ་སྨད་ཤིང་ཀུན་ཏུ་འཕགས་པ་དགུང་ལོ་བཅུ་དགུ་སོན་པ་དང་མཇལ་ཞིང་།      འཕགས་པ་སྐུ་ན་གཞོན་ཡང་ཡོན་ཏན་དང་ཞི་དུལ་ལྡན་པས་ཡིད་ཕྲོགས་ཏེ་རྒྱལ་པོ་སྐུ་འཁོར་དུ་བཞུགས་བཅུག་པས་བོད་ཡུལ་དུ་ལོག་རྒྱུ་རེ་ཞིག་འགྱངས་ཏེ་ཕེབས། 1260ལོར་ཧོར་གྱི་རྒྱལ་པོ་མོང་གོར་སྐུ་འདས་པས་ཧོར་རྒྱལ་རྣམས་ཀྱིས་རྒྱལ་སྲིད་བརྩད་པའི་མཐར་སེ་ཆེན་རྒྱལ་པོ་ཧན་གྱི་སྲིད་ཁྲིར་བྱོན་ཏེ་ཧོར་ཆེན་པོའི་རྒྱལ་པོ་མཛད།  དེ་ནས་ལོ་བཞི་ན་སེ་ཆེན་རྒྱལ་པོས་སུང་ལྷོ་མ་དང་བཅས་པའི་རྒྱ་ནག་ཡོངས་ཀྱི་ས་གནས་ཕལ་ཆེར་དབང་དུ་བསྡུས་ནས་རྒྱལ་ས་ཧོར་ཡུལ་ནས་དེང་གི་པེ་ཅིན་དུ་སྤར་ཏེ་རྒྱལ་ཁབ་ཀྱི་མིང་ཡོན་ཞེས་པར་བསྒྱུར།     དེའང་ས་སྐྱ་པ་ལ་ཧོར་གོང་མ་ཆེན་པོའི་རྒྱབ་སྐྱོར་དང་བཀུར་བཟོད་བླ་ན་མེད་པ་ཐོབ་པར་བརྟེན  1265 ལོར་འགྲོ་མགོན་འཕགས་པ་སྐུ་མཆེད་གཉིས་ཧོར་ཡུལ་ནས་མཛད་འཕྲིན་རབ་ཏུ་རྒྱས་ཏེ་བོད་དུ་ཡར་ཕེབས། དེ་ལ་ཧོར་སེ་ཆེན་རྒྱལ་པོས་འགྲོ་མགོན་འཕགས་པ་དབུ་བླར་བསྟེན་ནས།   དབང་ཡོན་ལ་དབུས་གཙང་ཁྲི་སྐོར་བཅུ་གསུམ་གཙོས་པའི་བོད་ཆོལ་ཁ་གསུམ་པོ་ཕུལ་བར་གྲགས་པ་ལྟར།  ཧོར་སེ་ཆེན་རྒྱལ་པོའི་མངའ་འོག་ཏུ་ཞིང་བཅུ་གཅིག་ཡོད་ཅིང་། བོད་ཕྱོགས་ཁ་གསུམ་མམ་ཆོལ་ཁ་གསུམ་བླ་མ་བཞུགས་ས་དང་བསྟན་པ་དར་ས་ཡིན་པས་ཞིང་གཅིག་ཏུ་བརྩིས་ནས་ཕུལ་བ་ཡིན།   གོང་མའི་ཕོ་བྲང་དུ་ཞོན་ཀྲི་ཡོན་བྱ་བའི་སྲིད་འཛིན་ལས་ཁུངས་ཆེད་འཛུགས་ཀྱིས་འགྲོ་མགོན་འཕགས་པ་ལས་འཛིན་པར་བསྐོས་ནས་བོད་ཀྱི་ཕྱི་ནང་གི་ལས་དོན་གལ་ཆེན་རྣམས་ཐད་ཀར་བཀོད་འདོམས་བྱེད། བོད་ཡུལ་དཔོན་ཆེ་གྲས་ལ་ཁྲི་དཔོན་དང་སྟོང་དཔོན་སོགས་བསྐོ་བཞག་གནང་ཞིང་། སྟོད་མངའ་རིས་དང་བར་དབུས་གཙང་གི་ཡུལ་སྡེ་རྣམས་ཡོངས་གྲགས་ཀྱི་ཁྲི་སྐོར་བཅུ་གསུམ་བྱ་བར་བགོས་ཏེ་སོ་སོར་ཁྲི་དཔོན་བསྐོ་བཞག་གི་ལམ་ལུགས་བཙུགས།   ས་སྐྱ་པའང་ཁྲི་དཔོན་བྱས་ཐོག་ཉེ་གནས་ཀུན་དགའ་བཟང་པོ་དཔོན་ཆེན་དུ་བསྐོས་ནས་ཁྲི་དཔོན་རྣམས་ཀྱི་གཙོ་བོ་བྱས།       བོད་མདོ་ཁམས་དང་དབུས་གཙང་ཡོངས་ཆོལ་ཁའམ་ཕྱོགས་ཁ་གསུམ་དུ་གྲགས་པར་བགོས་ནས་འགྲོ་མགོན་འཕགས་པས་གཅིག་གྱུར་གྱིས་དབང་སྒྱུར་མཛད། འགྲོ་མགོན་འཕགས་པར་གུ་ཤྲིའི་གོ་གནས་དང་བཅས་བོད་ཁམས་ཀུན་གྱི་ཆོས་སྲིད་གཉིས་ཀའི་བདག་པོར་བསྐོས་པར་མ་ཟད་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་ཁུངས་མཐོ་ཤོས་ཙོང་ཀྲི་ཡོན་བྱ་བའི་དབང་འཛིན་དུའང་བསྐོས་ཡོད་སྟབས།    ཁོང་བོད་དུ་ཕྱིར་ཕེབས་ཐུབ་པ་བྱུང་ཡང་རང་ས་ནས་ཡུན་རིང་པོར་རྒྱུན་བཞུགས་གནང་བའི་གོ་སྐབས་མེད་པས།  དེ་ལ་རང་གི་གཅུང་འགྲོ་མགོན་ཕྱག་ན་ལ་སེ་ཆེན་རྒྱལ་པོས་པེ་ལེན་ཝང་གི་ཐབས་དང་དམ་ཁ་གནང་ཡོད་པ་བཞིན་བོད་ཆོལ་ཁ་གསུམ་གྱི་ཁྲིམས་བདག་ཏུ་བསྐོས་ནས་བོད་ཡུལ་དུ་སྲིད་དབང་གཉེར་ནས་བཞུགས་སུ་བཅུག་ཡོད་ཀྱང་།   ཁོང་ཡང་སྲིད་སྟེགས་ནས་ལོ་ངོ་གསུམ་ཙམ་ལས་བཞུགས་མ་ཐུབ་པར་ 1267 ལོར་དགུང་གྲངས་ཉེར་དགུའི་སྟེང་གློ་བུར་སྐུ་འདས་པས་བོད་ཀྱི་སྲིད་དབང་སྐྱོང་མི་ཡང་བསྐྱར་བཀོད་སྒྲིག་བྱ་དགོས་པ་བྱུང་བས་འགྲོ་མགོན་འཕགས་པས་ས་སྐྱར་དཔོན་ཆེན་བསྐོ་བའི་ལམ་ལུགས་བཙུགས།        ཕྱག་ན་རྡོ་རྗེ་སྐུ་འདས་རྗེས་འགྲོ་མགོན་འཕགས་པས་ཡུམ་མི་གཅིག་པའི་གཅུང་རིན་ཆེན་རྒྱལ་མཚན་རང་གི་ཁྲི་ཚབ་དང་ཉེ་གནས་ཤཱཀྱ་བཟང་པོ་ས་སྐྱའི་དཔོན་ཆེན་དུ་བསྐོས་ནས་ས་སྐྱ་པ་དབུས་གཙང་ཁྲི་སྐོར་རྣམས་ཀྱི་གཙོ་བོ་བྱས་ཏེ་བོད་ཡོངས་ལ་དབང་ཁྱབ་པ་མཛད་རྗེས་བླ་མ་རང་ཉིད་ཧོར་ཡུལ་དུ་ཕྱིར་བྱོན།          ཤཱཀྱ་བཟང་པོ་ནི་ས་སྐྱའི་དཔོན་ཆེན་རྣམས་ཀྱི་ཐོག་མ་ཡིན་ལ་འདི་པས་ཆོལ་ཁ་གསུམ་དང་ཁྲི་སྐོར་བཅུ་གསུམ་གྱི་མི་སྡེ་གཏན་ལ་ཕབ་ནས་ཁྲི་སྐོར་སོ་སོར་ཁྲི་དཔོན་དང་ནང་གསེས་སྟོང་དཔོན་བརྒྱ་དཔོན་བཅུ་དཔོན་བཅས་དཔོན་རིམ་པ་བཞིན་བསྐོས་ཤིང་ཆོལ་གསུམ་ལའང་དཔོན་རེ་བསྐོས་པར་བཤད།  འགྲོ་མགོན་འཕགས་པ་ 1276  ལོར་ཕྱིར་ས་སྐྱར་ཕེབས་ཕྱག་ཕེབས ། 1280 ལོར་གློ་བུར་དུ་མི་བསྲུན་བདུད་ཀྱིས་ཡིད་བརླམས་པ་འགས་གསོལ་ངན་དྲངས་ཏེ་དགུང་གྲངས་ཞེ་དགུའི་སྟེང་ས་སྐྱར་སྐུ་འདས། 1260ལོ་ནས་བོད་ཀྱིས་སེ་ཆེན་རྒྱལ་པོར་འབོད་པ་ཧུའུ་པི་ལེ་ཧན་གྱིས་ཧོར་གྱི་རྒྱལ་སྲིད་ལོ་ངོ་སོ་ལྔའི་རིང་དར་ཞིང་རྒྱས་པར་བསྐྱངས།     དེ་ནས་བཟུང་ཁོང་གི་རྒྱུད་པ་ཧོར་རྒྱལ་བར་མ་ཆད་པར་བྱོན་ཏེ་རྒྱལ་རབས་བཅོ་ལྔ་ཙམ་གྱིས་ལོ་ངོ་བརྒྱ་ལྷག་ཙམ་ལ་སྲིད་ཀྱི་ཁ་ལོ་བསྒྱུར་ཅིང་དེའི་རིང་བོད་དང་འབྲེལ་བ་དམ་ཟབ་བྱུང་བ་མ་ཟད་ཆབ་སྲིད་ཐད་གཅིག་གྱུར་དང་ཆོས་ལུགས་ཐད་མཆོད་ཡོན་གྱི་འབྲེལ་བ་བྱུང་།   དེ་ལྟར་གོང་གསལ་གྱི་ཚུལ་འདི་དག་ཆབ་སྲིད་པས་བལྟས་ན་ཆབ་སྲིད་ཀྱི་དོན་སྙིང་ཁོ་ན་དང་ཆོས་ལུགས་པས་བལྟས་ན་ཆོས་ལུགས་ཀྱི་ཆེ་བ་རྐྱང་རྐྱང་ལྟ་བུར་བཤད་འདུག་ཀྱང་།   དོན་དུ་ཧོར་རྒྱལ་པོས་བོད་ནང་ཁུལ་གྱི་སྲིད་དབང་སུ་ཐོབ་དང་གྲུབ་མཐའ་འགྲན་རྩོད་བེད་སྤྱད་དེ་རང་གི་ཆབ་སྲིད་ཀྱི་དམིགས་ཡུལ་གྲུབ་པར་བྱས་ཤིང་། བོད་པའི་ཆོས་སྲིད་མི་སྣར་མཚོན་ན་རང་ལ་ཆབ་སྲིད་ཀྱི་རྒྱབ་རྟེན་བཙལ་ནས་རང་གི་སྲིད་དབང་དང་གྲུབ་མཐའི་སྲོལ་ཆེ་བར་སྤེལ་བའི་དམིགས་ཡུལ་ཡང་གྲུབ་སོང་བ་ཡིན་ལ།       མཐར་ཐུག་དོན་གྱི་འབྲས་བུ་ནི་བོད་ཧོར་བར་གྱི་མཛའ་འབྲེལ་དམ་ཟབ་དང་མེས་རྒྱལ་གཅིག་གྱུར་ཡོང་བར་བྱ་བཞག་གཟུགས་ཅན་ལྟ་བུ་འདི་བསྐྲུན་པ་ལགས་སོ   ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1