༄༅། །སྲོལ་རྒྱུན་རིག་གནས་ཀྱིས་བོད་ཀྱི་དེང་རབས་སློབ་ཁྲིད་ཐེབས་པའི་ཤུགས་རྐྱེན་སྐོར་རོབ་ཙམ་གླེང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-20



 

           དུས་ཀྱི་འཁོར་ལོའི་གོམ་སྟོབས་དུས་རབས་ཉེ་གཅིག་པར་ལ་སླེབས་ནས་བཟུང་། འཛམ་གླིང་རྒྱལ་ཁབ་སོ་སོ་ན་རྩྭ་སྤུར་མེ་མཆེད་ཀྱི་ཚུལ་དུ་ཁྲིད་གཞི་བཅོས་བསྒྱུར་བྱེད་པ་ནི་དཔྱད་གཞིའི་ཡིག་རིགས་རྣམས་སུ་གསལ་བ་ལྟར་ལ། དེ་དང་མཚུངས་པར། རང་རེའི་ཀྲུང་གོ་རྒྱལ་ཁབ་ཀྱིས་ཀྱང་སློབ་གསོའི་ཁྱབ་ཁོངས་ཀྱི་སྔ་ན་མེད་ཅིང་ཆེས་གཏིང་ཟབ་པའི་གསར་བརྗེ་ཞིག་སྟེ། རིམ་པ་གསར་བའི་རྨང་གཞི་སློབ་གསོ་བཅོས་བསྒྱུར་བྱེད་པ་དེ་གློག་ཞགས་འཁྱུག་པ་ལྟ་བུའི་མྱུར་ཚད་ཀྱིས་རྒྱལ་ཡོངས་སུ་བདེ་བླག་ཏུ་སྤེལ་ཏེ། ད་ལྟ་དུས་རིམ་ནས་ཡོངས་ཁྱབ་ཏུ་ལག་ལེན་བྱེད་སྒང་ལ་སླེབས་ཡོད་པ་རེད།

           ཁྲིད་གཞི་བཅོ་བསྒྱུར་གྱི་ཚ་རླབས་མི་རིགས་ཉུང་ཕྱོགས་ཀྱི་སློབ་གསོའི་ཁྱབ་ཁོངས་སུ་དྲག་འཕྱུར་འགོ་རྩོམ་བཞིན་པའི་དེང་གི་དུས་སྐབས་འདིར། ང་ཚོ་སློབ་གསོའི་ལས་ཀ་དོན་དུ་གཉེར་མཁན་རྣམས་ལ་མཚོན་ན། དུས་བབ་དང་བསྟུན་ཏེ་ཧུར་བརྩོན་གྱིས་སྐུལ་བརྡ་དང་དུ་ལེན་པ་ལས་གཞན། བྱ་མ་གང་ལའང་བརྟག་ཅིང་དཔྱད་གལ་ཆེ་བས་ན། བློ་སེམས་རྣལ་དུ་ཕབ་སྟེ་དཔྱོད་ཤེས་བསམ་གཞིགས་བྱ་རྒྱུ་གལ་ཆེ་སྟེ། དེ་ལྟར་མི་མིན་པར་རི་བོང་ཅལ་འདྲོགས་ཀྱི་རྗེས་སུ་སོང་ན།  བཅོས་བསྒྱུར་གྱི་བྱ་བ་དེ་ངལ་བ་འབྲས་མེད་ཀྱི་ལས་སུ་འགྱུར་སྲིད་ཕྱིར།   བོད་ཀྱི་རྨང་གཞི་སློབ་གསོའི་ཁྲིད་གཞི་བཅོས་བསྒྱུར་བྱེད་པར།    ང་ཚོས་རྒྱལ་ཁབ་ཕྱི་ནང་གི་ཁྲིད་གཞི་བཅོས་བསྒྱུར་གྱི་ཉམས་མྱོང་དང་བསླབ་བྱ་སྣ་ཚོགས་སྡུད་ལེན་བྱ་དགོས་ཤིང་།  བོད་ཀྱི་སློབ་གསོའི་ཁྲོད་དུ་གནས་པའི་ཁྲིད་གཞིའི་གནད་དོན་ལ་བརྟག་དཔྱད་ཞིབ་མོ་དང་ཞིབ་འཇུག་ནན་ཏན་བྱས་པ་བརྒྱུད་ནས།     ང་ཚོར་རང་གི་བློ་ངོར་བོད་རང་སའི་དོན་དངོས་གནས་བབ་དང་མཐུན་པའི་ཁྲིད་གཞིའི་བསམ་བློའམ་དེའི་རྣམ་དབྱིབས་རང་རྐྱ་ཐུབ་པ་ཞིག་གསལ་སྣང་དང་བཅས་ཤར་ཐུབ་པ་ལ། བོད་ཀྱི་རྨང་གཞི་སློབ་གསོའི་ཕྱག་ལས་སྐྱོང་མཁན་ཚང་མས་ཐུགས་བསམ་ནན་ཏན་བཞེས་འོས་སོ།།
དང་པོ། བོད་ཀྱི་སྐད་ཡིག་གི་ས་གནས་དང་སློབ་གྲྭའི་ཁྲིད་གཞི་གསར་སྤེལ་བྱེད་པའི་དགོས་པ།
            དེ་ཡང་། དུས་རབས་ཀྱི་དགོས་འདུན་དང་མཐུན་པའི་ཁྲིད་གཞིའི་འདུ་ཤེས་གསར་པ་སྤེལ་བ་དང་། ཚན་རིག་དང་མི་ཚོས་ཟུང་འབྲེལ་དམ་ཟབ་བྱེད་པའི་ཁྲིད་གཞིའི་མ་ལག་གསར་པ་འཛུགས་པ། རྒྱལ་ཁབ་དང་། ས་གནས། སློབ་གྲྭ་བཅས་རིམ་པ་གསུམ་གྱིས་ཁྲིད་གཞི་བདག་གཉེར་བྱེད་སྟངས་གསར་བར་བསྒྱུར་བ་བཅས་ནི་རང་རྒྱལ་གྱི་ཐེངས་འདིའི་ཁྲིད་གཞི་བཅོས་བསྒྱུར་གྱི་གནད་ས་ཡིན་ཞིང་། སློབ་གྲྭ་ཕྱི་ནང་གི་ཁྲིད་གཞིའི་ཐོན་ཁུངས་སྣ་ཚོགས་ཧུར་བརྩོན་གྱིས་གསར་སྤེལ་དང་འོས་འཚམ་གྱིས་བདེ་སྤྱོད་པ་ནི་ཐེངས་འདིའི་ཁྲིད་གཞི་བཅོས་བསྒྱུར་གྱི་ཁྱད་ཆོས་སྔ་བ་མེད་པ་ཞིག་རེད། རང་རྒྱལ་གྱི་རྨང་གཞི་སློབ་གསོའི་ཁྲིད་གཞི་བཅོས་བསྒྱུར་རྩ་གནད་ཀྱི་དགོངས་དོན་འདི་དག་ནི། རྒྱལ་ཁབ་ཀྱི་གཞི་རྩའི་གནས་བབ་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ། དུས་རབས་ཀྱི་འཕེལ་འགྱུར། སློབ་གསོའི་ཆོས་ཉིད་བཅས་དང་ཡོངས་སུ་མཐུན་པ་ཞིག་ཡིན་པར་མ་ཟད། ལྷག་པར་རིག་གནས་ཀྱི་ཐོན་ཁུངས་ཕུན་སུས་ཚོགས་པ་ལྡན་པའི་གྲངས་ཉུང་མི་རིགས་ས་ཁུལ་ལ་མཚོན་ན། མི་རིགས་རང་གི་ཁྱད་ཆོས་ཀྱིས་ཕྱུག་པའི་རྨང་གཞི་སློབ་གསོ་སྤེལ་བའི་བགྲོད་ལམ་དུ་བསྐྱོད་པར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་པོ་ལྡན་པ་ཤ་སྟག་རེད་སྙམ་མོ།
          རང་རྒྱལ་ནི་ས་རྒྱ་ཆེ་ཞིང་། མི་རིགས་མང་བ་དང་། རིག་གནས་སྣ་ཚོགས་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པས། རྒྱལ་ཁབ་ཀྱི་ཁྲིད་གཞིས་ས་ཁུལ་བར་གྱི་ཁྱད་པར་དང་རིགས་གནས་སྣ་མང་ཡོད་པ་ལ་ལྟ་སྐྱོང་བྱེད་དཀའ་བའི་གནས་ཚུལ་འོག་ཏུ། འོས་འཚམ་གྱིས་ས་གནས་དང་མི་རིགས་རིག་གནས་ཀྱི་ཁྲིད་གཞིའི་ཐོན་ཁུངས་གསར་སྤེལ་བྱས་ན།  ས་ཁུལ་དང་མི་རིགས་རིག་གནས་ཀྱི་ཁྱད་ཆོས་མི་ཉམས་གོང་འཕེལ་གཏོང་བ་དང་།  རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་ཁྲིད་གཞིའི་ཞན་ཆ་གསབ་པ། ཁྲིད་གཞིས་བསྟུན་འགྱུར་རང་བཞིན་དང་སློབ་གསོའི་བྱེད་ལས་ཇེ་མཐོར་གཏོང་བར་ཕན་ཡོན་མི་དམན་པ་ལྡན་པས་ན།   ང་ཚོས་རྨང་གཞི་སློབ་གསོའི་ཁྲིད་གཞི་བཅོས་བསྒྱུར་རྩ་གནད་ཀྱི་དགོངས་དོན་ལྟར།   མི་རིགས་རང་གི་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་བེད་སྤྱད་ནས། བོད་ཀྱི་སྐད་ཡིག་གི་ས་གནས་དང་སློབ་གྲྭའི་ཁྲིད་གཞི་གསར་སྤེལ་བྱ་འོས་སོ།།
 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1