༄༅། །ཁྲ་རིང་བོའུ་ཡི་བཤད་པ།

འབྲོང་རྒྱལ་པོ། རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས། སྒམ་པོ་ཆོས་གླིང་དྲ་བ། སྤེལ་དུས། 10-21


            ཨོཾ་སྭ་སྟི། བདེ་ལེགས་སུ་གྱུར་ཅིག །ཁྲ་རིང་བོའུ་བཤད་པ་དེ། །གོ་མི་མང་སྟེ་ཤེས་མི་དཀོན། །ཀུན་གྱིས་ཤེས་ན་མཁས་པ་དེ་སུ་ལ་ཟེར། དེ་ལ་སྔོན་ཚེ་ལྷ་དང་ལྷ་མིན་འཁྲུག་པའི་དུས། །དཔའ་དགྲ་ལྷའི་གོ་མཚོན་སྣ་དགུ་མ་གཏོགས། གནམ་ལྕགས་མེ་མདའ་ཟེར་བ་ཡོད་མི་སྲིད། བར་དུ་མི་ཡུལ་འཁྲུགས་པའི་དུས། དཔའ་དགྲ་ལྷའི་གོ་མཚོན་སྣ་དགུ་མ་གཏོགས། གནམ་ལྕགས་མེ་མདའ་ཟེར་བ་ཡོད་མི་སྲིད། ཚེ་ལྔ་བརྒྱ་དུས་ཀྱི་མཐའ་མ་ལ། རྒྱ་སོག་སྡིག་པའི་སྲོག་གཅོད་ཆེ། །རྒྱ་མ་ཐུབ་མཐའ་དམག་དུ་རུ་ཀ། དེ་ཉིད་འདུལ་བའི་གཉེན་པོ་ལ། སོག་པོ་ཡེ་ཤེས་སྤྱན་གཅིག་དེ། གུ་རུ་པད་འབྱུང་ཐུགས་ལས་སྤྲུལ། དེས་བོག་དཀར་བསམ་པའི་དོན་གྲུབ་བརྡུངས། རྒྱ་ལྕགས་བོད་ལྕགས་སོག་ལྕགས་གསུམ། །ཁ་དང་འཁུར་ལུང་བལ་པོའི་ལྕགས། །ལྕགས་མི་གཅིག་ལྕགས་སྣ་དགུ་ལ་བརྡུངས། །ཁ་སྟོད་པད་མ་ཧྲིལ་ལ་བརྡུངས། །ཆོས་སངས་རྒྱས་ཀྱི་བསྟན་པ་དར་ཚུལ་བརྡུངས། །སྐེད་པ་རྡོ་རྗེའི་འགྲོས་ལ་བརྡུངས། །བོད་དབུ་ནག་བདེ་ལ་འཁོད་ཚུལ་བརྡུངས། །ཀླད་ནི་ཆུ་སྲིན་གྲེ་ལྟར་བརྡུངས། །སྡང་དགྲ་བོ་ཆམ་ལ་འབེབས་ཚུལ་བརྡུངས། །དགྲ་རྨུ་གབ་བཀོན་པའི་བཀོན་བུ་བརྡུངས། །དགྲ་སྲོག་གཅོད་པའི་མཁྲེགས་མཐུད་བརྡུངས། །དགྲ་ཁྲག་བླུག་པའི་ཝ་སྦྱོར་བརྡུངས། །དགྲ་ཕོ་སྲོག་གཅོད་པའི་གཡས་བཅུས་བརྡུངས། །མོ་སྲོག་གཅོད་པའི་གཡོན་བཅུས་བརྡུངས། །རུ་གཡས་པ་ཐབས་ཀྱི་རང་བཞིན་ལ། །མགོན་པོ་ཕོ་བརྒྱུད་རྣམས་ཀྱི་དགྲ་ལྷ་འཁོར། །གཡོན་པ་ཤེས་རབ་ཀྱི་རང་བཞིན་ལ། །སྲུང་མ་མོ་བརྒྱུད་རྣམས་ཀྱི་དར་ཐག་འཐེན། །རུ་ཟམ་རྒྱལ་བ་རིགས་ལྔ་ལ། །ལྷ་ཞིང་སྐྱོང་ཡབ་ཡུམ་གྱི་དགྲ་ལྷ་འཁོར། །བཅུས་སྒྲིམ་གནམ་ལྕགས་ངར་མ་ལ། །མགར་བ་དམར་ནག་གི་སྲུང་མ་འཁོར། །སྒུམ་ཤིང་རྔུལ་ཆུའི་ཤིང་དམར་ལ། །མགོན་པོ་བྱ་རོག་གདོང་གི་དགྲ་ལྷ་འཁོར། །འགྲམ་ལྕགས་གསེར་ཉ་ཁ་སྤྲོད་ལ། །གཟེར་མགོ་སྐར་མ་བཀྲག་འདྲ་ཡོད། །ཝར་མ་དགྲ་ཁྲི་དགུ་འབུམ་འཁོར། །སྟེང་ཡུ་སྡིག་པའི་རྭ་ལྷམ་ལ། །ཤ་ཟན་སྟོང་གི་དགྲ་ལྷ་འཁོར། །སོ་ཁུང་གི་ཉི་མ་རང་ཤར་ལ། །ལྟ་བ་མིག་གི་དགྲ་ལྷ་འཁོར། །སོ་ཁ་དགྲ་སྙིང་དམར་པོ་དམར་སེ་མདོག །སོ་གཟེར་ལ་ཁའི་སྐར་ཆེན་འདྲ། །རང་སྲུང་ལྷ་ཡི་སོ་པས་བསྐོར། །གཡས་སུ་རྫས་ཁུག་ཇག་པ་སྒྲ་ཆེན་དང༌། །གཡོན་དུ་མདེལ་ཁུག་སྡིག་པ་འབུམ་གསོག་ཡོད། །ད་རྫས་ཀྱི་ལོ་རྒྱུས་བཤད་ཙ་ན། །ས་ཡི་ལན་ཚ་སེར་པོ་དང༌། །ཆུ་ཡི་ལན་ཚ་དཀར་པོ་དང༌། །ཤིང་གི་ལན་ཚ་ནག་པོ་བཅས། །ལན་ཚ་གསུམ་གྱི་འཕྲུལ་སྦྱོར་ནས། །དུག་ཤིང་སྦར་བུའི་ནང་དུ་བཅུག །དུག་རྫས་རིལ་བུ་དགུ་བསྐོར་བླངས། །མདེལ་སྔོན་མོ་ཟིར་རོང་ལྕགས་ལས་བྱས། །དགྲ་སྙིང་གཏོར་ལ་བྲེལ་ཚུབ་ཚུབ། །རུ་གཉིས་གཡས་གཡོན་ས་ལ་གདབ། །དུག་གི་རིལ་བུ་ཁ་ནས་ལྷུང༌། །དགྲ་བགེག་གཟུགས་ལ་རྒྱབ་ཙ་ན། །བྲག་དམར་ཐོག་གིས་གཏོར་བ་འདྲ། །ཉེ་རིང་མེད་པ་མངགས་པའི་བང་ཆེན་འདྲ། །མྱུར་མགྱོགས་ཆེ་བ་སྐྱི་སེར་རླུང་དང་འདྲ། །སྟོབས་རྩལ་འགྲན་མེད་ནམ་མཁའི་ཐོག་དང་འདྲ། །སྟོབས་ཆེན་གནམ་ལྕགས་མེ་མདའི་འཕྲུལ་འཁོར་འདི། །འཕང་བ་དགྲ་ལྷ་ཅན་གྱི་མི་ཡིས་འཕེན། །བརྡེགས་པ་གནོད་བྱེད་དགྲ་བགེག་གཟུགས་ལ་བརྡེགས། །དགྲ་ཁམས་ཐལ་བའི་རྡུལ་བཞིན་བརླགས་པར་ཤོག །ཤར་དགྲ་གོས་སྔོན་ཅན། །ལྷོ་དགྲ་སྨྱུག་ཞྭ་ཅན།  །ནུབ་དགྲ་མགོ་དཀྲིས་ཅན། །བྱང་དགྲ་མགོ་དཀར་ཅན་གྱི་གཙོར་བྱས་པའི་དམག་སྣ་ཇག་སྣ་རྐུན་སྣ་སྟོན་པའི་གནོད་བྱེད་ལམ་དགྲ་འབྱུང་༼བའི་སྟེང་དུ་ཧོ་མ་ཡ། ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། ཅེས་མདོ་སྟོད་ཨ་ལྕགས་འབྲུ་རྗེའི་ནང་ཆེན་རྒྱལ་ཁམས་འབྲོང་བར་སྨད་འབྲོག་སྡེའི་ཁུལ་གྱི་གནའ་བོའི་ལུགས་སྲོལ་ལ། ལུག་ལོ་ནམ་འཁེལ་རོང་བཙན་ཁ་བ་དཀར་པོའི་གནས་བསྐོར་དུ་ཐོན་ཁར་ཐོག་མར་ཞག་ཚུགས་ཐུང་ངུ་ཞིག་གི་སར་སྒར་པ་བབས་ནས་ཐུགས་སྤྲོ་དང་མེ་རྩེད་སྐབས་མེ་བོག་སྐད་ལ་ལེགས་ཉེས་ཇི་ཡོང་བརྟག་པ་བྱེད་ཆེད་དུ་སྒར་མདའ་ཟེར་བའི་མེ་སྦོར་བར་སྣང་སྟོང་པའི་མཁའ་དབྱིངས་སུ་བོག་འཕེན་བྱེད་སྐབས་སུ་བོག་བཤད་གོང་ལྟར་བྱས་རྗེས་རྒྱང་འཕེན་དང་ཐོ་འབེན་བཙུགས་ནས་དེར་འདུས་ཀྱི་ཕོ་ང་ཡིན་ཀུན་གྱིས་མེ་མདེལ་ཚ་ཁ་འགྲན་བསྡུར་བྱེད། ཕྱི་ཉིན་ནས་བཟུང་ས་ཙ་ཆུ་གསུམ་གང་བཟང་དུ་ཞག་ཚུགས་བབས་བཞིན་དུ་གནས་ཆེན་ཁ་བ་དཀར་པོར་ཕྱོགས་གཏད་དེ་ཐོན་འགྲོ་འོང་ངོ༌། ཅེས་པའི་ལོ་རྒྱུས་དང་བོག་བཤད་འདི་འང་འབྲུ་རྗེའི་རྒྱལ་འབངས་ཡོངས་ཀྱི་ཞི་དྲག་ཀུན་གྱི་ཕྲིན་ལས་བྱེད་པོ་བཀའི་མདུན་ན་འདོན་འབྲོང་བར་སྨད་བེ་ཧུ་རྡོ་རྗེ་རྣམ་རྒྱལ་ལམ་བཛྲ་བི་ཛ་ཡའམ་ཡོངས་གྲགས་རྒྱལ་པོ་ལགས་ཞུ་བ་ཁོང་སྐུ་ན་ཕྲ་དུས་ཡུལ་གྱི་ཆེ་དགུ་རྒན་རབས་རྣམས་ཀྱི་ངག་ནས་སྒར་མདའི་བོག་བཤད་ཐོས་པ་དེང་གི་ཆར་ཡང་བློ་སྦུག་ཏུ་ལྷང་ངེ་ཤར་བ་རྣམས་ངེད་གཉིས་ཡུན་རིང་པོར་ཕན་ཚུན་སྔོན་གྱི་བྱུང་བ་བརྗོད་རེས་བྱེད་བཞིན་པའི་སྐབས་ཤིག་ཁོང་གིས་ཐོར་བྱུང་བློར་ལ་ཐོན་རིམ་བཞིན་དཔེ་མཛོད་ཁང་གི་རང་ཤག་བསམ་གཏན་ཁང་བུའི་ནང་ཁོ་བོ་བཀྲ་ཤིས་ཚེ་རིང་གིས་འཕྲལ་མར་ཡིག་ཐོག་ཏུ་ཕྱི་ལོ་༧༩ཟླ་བ་༧པའི་ཚེས་༡༠བཟང་པོར་ཕབས་པ་དགེ་ལེགས་སུ་འགྱུར་ཅིག། །


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1