༄༅།། གཞི་རིམ་དགེ་རྒན་གྱི་འཚོ་བ།

ཨ་པཎ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-10



ཨ་པཎ།
        ང་རང་གྲོག་ཚང་བརྡོལ་འདྲའི་གྲོང་ཁྱེར་ཆེན་པོ་ཞིག་ནས་སློབ་ཆེན་པ་ཞིག་གི་མིང་བྱང་ལོན་རྗེས་རང་ཉིད་ཀྱི་ལྟེ་ཁྲག་འཕོ་སའི་ཕ་ཡུལ་དུ་དགེ་རྒན་གྱི་ལས་ཀ་གཉེར་དུ་འོང་བ་ཡིན་ལ། ལས་གནས་ཀྱི་གར་སྟེགས་སྟེང་གོམ་ཁ་ཐོག་མར་བསྒྱུར་བའི་གཞོན་རབས་པ་ཞིག་ལ་མཚོན་ན། མེ་ལྕེ་བཞིན་འབར་བའི་བསམ་བློའི་སྙིང་སྟོབས་དང་ཕུགས་བསམ་གྱི་རྨི་ལམ་རིང་མོ་དེ་དབྱངས་གསལ་སུམ་ཅུའི་སྦྱོར་ཀློག་ཁྲོད་ནས་འཚར་ལོངས་འབྱུང་བཞིན་པའི་རིགས་མཐུན་ཚོར་ཅིའི་ཕྱིར་འབུལ་མི་འདོད་ཨང་། ཡིན་ནའང་འགོག་མེད་རླབས་རྒྱུན་ལྟར་འཕྱོ་བའི་སེམས་འདུན་དྲོན་མོར་རེ་བའི་གཟིགས་སྐྱོང་མ་བྱས་ཚེ་ཚ་བས་གདུང་བའི་རྐང་འཐུང་བཞིན་ཕུགས་བསམ་གྱི་མེ་ཏོག་བཞད་མི་སྲིད་ལ། ཕུགས་བསམ་གྱི་མེ་ཏོག་དེར་རྟེན་གསུམ་གྱི་མཐུན་རྐྱེན་མ་རྫོགས་ཚེ་རེ་བའི་འབྲས་བཟང་ཞིག་ག་ལ་སྨིན་ཨང་།
        ང་རང་ནམ་རྒྱུན་ཀུ་རེ་དང་རྩེད་མཚར་ལ་དགའ་བས་མཐའ་འཁོར་གྱི་གྲོགས་པོ་ཚོར་དགོད་ཁ་རེར་སློང་བཞིན་མི་ཚེའི་དགའ་སྐྱོ་ཡི་འཚོ་བ་སྤྲོ་སྣང་རེར་བསྐྱེད་ཨེ་ཐུབ་ལ་འབད་ཅིང་། སོང་ས་བསྡད་ཤུལ་ནས་བྱ་བ་གང་ལ་འཕྲད་ཀྱང་དེ་ལ་རང་བློས་དཔོགས་ཚོད་ཀྱིས་བརྟག་དཔྱད་བྱེད་ཁུལ་དང་དོགས་འདྲི་རེར་བྱས་རྗེས་རང་འདོད་ཀྱི་ལན་ཞིག་སློབ་རྒྱུ་ནི་རང་གི་དགའ་ཁ་ཁྱེར་ཕྱོགས་ཞིག་གམ་ཡང་ན་གོམས་འདྲིས་སུ་སོང་བའི་ལོབས་ཕྱོགས་ཤིག་རེད་ཅེས་བརྗོད་ཆོག འོན་ཀྱང་གོམས་འདྲིས་སུ་སོང་བའི་ལོབས་ཕྱོགས་དེས་སྐབས་འགར་མི་གཞན་ལ་བསམ་ཡུལ་ལས་འདས་པའི་ཕོག་ཐུག་བཟོས་ཏེ་རང་གཞན་གཉིས་ཀ་ཁ་སྐྱེང་ནས་འདུག་དགོས་པའི་དུས་ཀྱང་ཡོད་མྱོང་། མཚམས་རེར་སེམས་དང་བསམ་པའི་དྲན་སྣང་མཐའ་དག་བློ་དང་རྒྱུ་མས་མ་སྐུང་བར་ལྷུག་གེར་བརྗོད་འདོད་མོད། དངོས་ཡོད་དང་ནང་སེམས་ཀྱི་འཇིག་རྟེན་བར་ན་གནམ་སའི་བར་སྟོང་ལྟ་བུའི་བར་ཐག་ཡོད་པས་དཔྱིད་ཀྱི་མེ་ཏོག་བཞིན་བཞད་པའི་དྲན་པའི་འཆར་སྒོ་མང་པོ་ཞིག་མི་ཁའི་རླུང་འཚུབ་ཁྲོད་ནས་ག་སོང་ཆ་མེད་དུ་ཡལ། གཞི་རིམ་གྱི་འཚོ་བ་ནི་འུར་ཟིང་བྲལ་བའི་འབྲོག་དགོན་ཞིག་དང་འདྲ་བར་ཁ་ཁུ་སིམ་མེར་གནས་ཤིང་། དེས་ཟང་ཟིང་འཚོ་བར་གོམས་པའི་མི་རྣམས་ལ་མཐའ་མེད་པའི་སུན་སྣང་གི་ཉི་མ་རིང་མོ་ཞིག་བསྐྱལ་འོང་ལ། སུན་སྣང་གི་ཚོར་འདུ་དེས་ནམ་ཡང་སེམས་དང་ཁོར་ཡུག་གཉིས་ཀ་འཐབ་རེས་འཛིང་རེས་བྱེད་པ་བཞིན་ལྷོད་ལ་འབབ་དུ་མི་འཇུག གྲོགས་པོ་སེམས་བཟང་འགས་ཁྱེད་ཀྱིས་རྩོམ་ཡིག་འབྲི་རྒྱུར་རྒྱུན་འཁྱོངས་བྱེད་ཀྱི་ཡོད་དམ་ཞེས་ཁ་ཁོག་དྲང་མོའི་འདྲི་ཚིག་རེར་འཕེན་སྐབས། དེ་མ་ཐག་ངོ་གདོང་ཚ་བེ་རེར་སོང་ནས་ཚིག་ལན་གཅིག་ཀྱང་ངག་ནས་མི་འཁྲོལ་ཞིང་། ཅི་ཡིན་ཆ་མི་འཚལ་བའི་ཚོར་འདུ་ཞིག་གིས་ལུས་སེམས་གཉིས་ཀ་ཉི་གཞོན་སྤྲིན་གྱི་སྒྲིབ་པ་བཞིན་ནག་ཐོམ་མེར་བུད་འགྲོ། རྩོམ་འབྲི་རྒྱུར་མེད་བཞིན་དུ་ཨུ་ཚུགས་བྱེད་པ་ནི་སྡུག་ཐང་ན་ཡོད་པ་ཐོག་ལ་བླངས་པ་དང་ཀུན་ནས་མཚུངས་། གྲོགས་པོ་ཚོའི་ཁ་ཞེ་གཉིས་མེད་ཀྱི་ཁ་ཏ་དག་བདེན་པར་གོ་ནས་ལས་ཀའི་བར་གསེང་ནས་ཁོམ་སྐབས་ཀྱི་དུས་ཚོད་ཇི་ལྟར་བཙལ་ཀྱང་རྒོད་པོ་ཐུར་མེད་བཞིན་ཤོར་བའི་ནང་སེམས་ཉིད་ལ་ཁ་ལོ་བསྒྱུར་རྒྱུ་ནི་དེ་འདྲའི་སླ་མོ་ཞིག་མིན་པས། གསེར་ལྟར་དཀོན་པའི་དུས་ཚོད་ཀྱི་ཆུ་རྒྱུན་དེ་ལེ་ལོ་དང་སྒྱིད་ལུག་གི་བར་ནས་གོ་མེད་ཚོར་མེད་ངང་ཟད་སོང་། བདག་གིས་ནམ་རྒྱུན་འདི་ལྟར་མནོ་བསམ་གཏོང་ཐེངས་རེར་འདུ་འཛིའི་གྲོང་ལ་གཡེང་བའི་ཐ་ཤལ་གྱི་འཚོ་སྟངས་དེ་ལ་ཁོ་ཐག་གཏིང་ནས་ཆད་པའི་དུས་ཀྱང་ཡོད་ལ། མི་གཤིས་དང་བདེན་ལུགས་ཀྱི་བར་ན་ནམ་ཡང་འདྲེས་མི་ཐུབ་པའི་མཁར་རྐྱང་མཐོན་པོ་ཞིག་གི་བཀག་རྒྱ་ཡོད་འདྲའི་ཚོར་སྣང་ཞིག་ངང་ངམ་ཤུགས་ཀྱིས་སྦྱིན་འོང་།
        སློབ་གསོ་ཞེས་ནམ་ཡང་ཁ་ནས་མ་ཎི་ལྟར་བཟློ་བའི་མི་བུ་དེ་དག་གིས་གལ་ལ་ཐུག་དུས་རླབས་ཆེ་བའི་བྱ་གཞག་དེ་དག་སྙིང་དང་བློ་རྒྱུའི་མཚམས་སུ་མེ་ལོང་ངོས་ལ་ཧལ་བཏབ་པ་བཞིན་ཡལ་འགྲོ་ལ། ཕྱོགས་རིས་འཐེན་འཁྱེར་གྱི་དབང་དུ་སོང་བའི་གནས་ལུགས་ལུང་བ་གང་གི་མཐའ་ན་ནང་སེམས་པར་ལམ་སྣེ་སྟོན་པའི་སྙིང་གཏམ་དྲོན་མོ་ཞིག་ཉི་མོའི་སྐར་མ་བཞིན་དཀོན་པོར་སྣང་། འཚོ་བའི་ལམ་སྣེ་གང་རུང་ན་ཤ་ཐིང་རུས་ཐིང་གིས་འབད་པའི་མི་བུ་དེ་དག་གིས་ནམ་ཡང་ཕམ་ཁ་དང་བརྙས་དམོད་བློ་ཡིད་ལས་འགོངས་པ་རེར་མྱོང་སྲིད་ལ། དེ་དང་བསྟུན་ནས་རེ་བའི་མདུན་ལྗོངས་བསྙེགས་པའི་གཞུང་དྲང་དེ་ཚོས་ཀྱང་རུལ་དྲི་འཐུལ་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་དེ་དག་དང་ལེན་མི་བྱ་ཐབས་མེད་དུ་གྱུར་ཅིང་། བླ་མེད་འགན་འཁྲི་ཡི་འདུ་ཤེས་དེ་རླུང་འཚུབ་ཁྲོད་ཀྱི་མེ་ཏོག་རྐང་གཅིག་དང་འདྲ་བར་གཏན་དུ་བཅོམ་པར་བྱེད། འདི་དག་སེམས་ལ་ཤར་ཐེངས་རེར་མི་རིགས་ཤིག་གི་བླ་མེད་ཀྱི་སྙིང་སྟོབས་དང་དེའི་རྒྱུད་ན་ཡོད་པའི་གཞུང་དྲང་ཟོལ་མེད་ཀྱི་རང་བཞིན་རྣམས་གསེར་ཚོན་བྱུགས་པའི་མེ་ལོང་ཞིག་དང་འདྲ་བར་རང་མདོག་ཡལ་ལ་ཉེ་ཞིང་། བྱམས་སྙིང་རྗེ་དང་དྲང་སྙོམས་ཀུན་མཐུན་གྱི་ལྟ་སྤྱོད་རྣམས་སྣུམ་ཟད་ཀྱི་མར་མེ་བཞིན་ནུབ་ལ་ཉེ་འོང་བའི་ཚོར་བ་རྣོན་པོ་ཞིག་ངང་ངམ་ཤུགས་ཀྱིས་སྦྱིན་འོང་། ཁོ་བོས་འདི་ལྟར་མནོ་བསམ་མང་པོ་བཏང་མྱོང་ལ། མནོ་བསམ་རེ་རེའི་ཤུགས་ན་འགྲེལ་དཀའ་བའི་གནད་དོན་རེ་རེར་ཞིང་ནང་དུ་འབུས་པའི་རྩྭ་ལྡུམ་བཞིན་འཚང་ཀ་ཤིག་ཤིག་གིས་རུབ་འོང་ཞིང་། དེས་སྐབས་འགར་དགའ་སྐྱོ་ཟུང་འདྲེས་ཀྱི་སེམས་པ་འདི་ཉིད་གཟར་མོའི་གཡང་ལ་འཕངས་པ་བཞིན་ལུས་སེམས་གཉིས་ཀར་ཐལ་དྲགས་པའི་ན་ཟུག་གི་ཚོར་བ་སྨྲ་མི་ཤེས་པ་ཞིག་སྟེར་བར་བྱེད།
        སློབ་གྲྭ་གྲོལ་སོང་། གླང་ཆེན་འཕྲེད་ལ་ཉལ་ནས་སྣ་ཞགས་སྨད་དུ་བརྒྱངས་འདྲའི་གདོང་སྣེ་དེ་རུ་ཉི་ནུབ་ཀྱི་འོད་ཟེར་འཇམ་པོ་ཞིག་གསེར་འོད་ལམ་མེར་ངང་འཕྲོས་བྱུང་ལ། མིག་ཟུང་ལས་རྣམ་རིག་གི་འོད་མདངས་རྒྱས་པའི་སློབ་མ་དེ་ཚོས་ཉིན་མང་པོ་ཁ་བྱང་དུ་སོང་བའི་མིང་ཚིག་རེར་གཉིས་དབྱངས་ལ་འགུགས་བཞིན་ཕྱིར་ཡུལ་དུ་ལོག་བཞིན་མཆིས། གཞི་རིམ་གྱི་འཚོ་བའི་ཁྲོད་སུན་སྣང་གི་ཉི་མ་ཕུད་པའི་དགེ་རྒན་མི་རྐྱང་གཉིས་པོས་ཀྱང་བགྲོད་དཀའ་བའི་ཉིན་ཞག་རིང་མོ་ཕར་ལ་བསྐྱལ་ཆེད་ལྦུ་ཆང་འཐུང་རྒྱུའི་འགོ་བརྩམ་སོང་ལ། ལྦི་རག་གི་ཤེལ་དམ་སྟོང་བ་དག་གསུམ་གཞུས་བྱས་ནས་གྲ་དག་མོ་སྒྲིག་ཡོད་ཚུལ་ལ་བརྟགས་ཚེ། ཆང་འཐུང་ཞོར་ལ་རྒྱ་གླེང་རྒྱུར་དགའ་བའི་དམའ་རིམ་ཤེས་ཡོན་པ་དེ་ཚོས་འཇིག་རྟེན་དུ་ངོམ་རིན་ཡོད་པའི་ལག་རྗེས་ཆེན་པོ་ཞིག་ཞོགས་སོང་བ་ཨེ་ཡིན་སྙམ་པའི་འཁྲུལ་སྣང་རེ་སྐྱེ།
        ཁོ་བོས་འདི་ལྟར་སེམས་པའི་མོད་ལ་མདུན་ཕྱོགས་ཀྱི་རི་ལམ་འབར་འབུར་དེར་རྒྱང་བལྟ་ཐེངས་ཤིག་བྱེད་དགོས་བྱུང་། གླང་ཆེན་འཕྲེད་ལ་ཉལ་འདྲའི་གདོང་རྒྱུད་ཀྱི་ཉག་ཁས་སུ་བྱིས་པ་ཆུང་ཆུང་སྐོར་ཅིག་གིས་དཔེ་ཁུག་རྒྱབ་ཏུ་ཁུར་ནས་ལྷ་སྒྲུང་གི་འཇིག་རྟེན་ལྟ་བུའི་མཚམས་སྤྲིན་དང་ཉི་ཟེར་དྲོན་མོར་འགྲོགས་ནས་ཕྱིར་ཡུལ་དུ་ལོག་བཞིན་མཆིས། འོད་མདངས་ལམ་ལམ་འཚེར་བའི་ཉི་ནུབ་ཀྱི་སེང་རས་འོག ལྷིང་འཇགས་ངང་ཡོད་པའི་རི་གྲོང་འདི་ཉིད་པུར་སྨྱུག་མཁན་པོའི་སྨྱུག་རྩེ་ལས་བཞེངས་པའི་སྒྱུ་རྩལ་གྱི་མཛེས་རིས་ཞིག་དང་འདྲ་བར་མི་རྣམས་ལ་མཐའ་མེད་པའི་འཆར་ཡན་གྱི་བློ་སྒོ་དྲག་ཏུ་འབྱེད་པར་བྱེད། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1