༄༅།། འཛམ་གླིང་ཡང་རྩེར་སོན་པའི་སྡེ་དགེ་པར་ཁང་གི་པར་འདེབས་ལག་རྩལ།

ཀརྨ་རྒྱལ་མཚན་གྱིས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-27



ཀརྨ་རྒྱལ་མཚན་གྱིས་བྲིས། དཀོན་རྡོས་པར་བླངས།
        དེའང་སྡེ་དགེར་ཤིང་པར་བརྐོ་འདེབས་ཀྱི་ལག་རྩལ་ནི་སྡེ་དགེ་རྒྱལ་རབས་བཅུ་པ་སངས་རྒྱས་བསྟན་པ་ནས་བཟུང་ད་བར་ལོ་སུམ་བརྒྱ་ལྷག་གི་རིང་རྒྱུན་སྤེལ་བྱུང་ལ། པར་ཤིང་བརྐོ་འདེབས་ལ་མེད་དུ་མི་རུང་བའི་ཤིང་བཟོ་དང་། ལྕགས་བཟོ། ཤོག་བཟོ། སྣག་ལས། བརྐོས་རིས། པར་རྩ་བྲི་ཞུ། པར་འདེབས་སོགས་ལག་རྩལ་ཀུན་འདུས་ཤིང་། ལག་རྩལ་རྒྱུན་སྤེལ་དང་ཡུན་རིང་དུ་མི་ཉམས་གནས་ཐུབ་པ་བྱ་རྒྱུ་ནི་འགྲོ་བ་མིའི་ཐུན་མོང་གི་ཕུག་བསམ་བླ་ན་མེད་པ་ཡིན་པས། སྤྱི་ལོ་2009ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྡེ་དགེ་ཤིང་པར་ཀྲུང་གོའི་པར་ཤིང་བརྐོ་འདེབས་ལག་རྩལ་ཞེས་འཛམ་གླིང་དངོས་མིན་རིག་གནས་ཤུལ་བཞག་མཚོན་བྱེད་མིང་ཐོར་བཀོད་ཡོད་པ་རེད།

པར་ཤིང་ལ་མཚལ་བྱུགས་བཞིན་པ།

        སྡེ་དགེ་པར་མའི་བཀའ་བསྟན་འགྱུར་བོད་ཡིག་གི་པར་གཞི་ཁག་ལས་གསལ་དག་བཟང་གསུམ་གྱི་ཁྱད་ཆོས་འབུར་དུ་དོད་པས། ཀྲུང་ཧྭ་བོད་ཡིག་བཀའ་བསྟན་འགྱུར་གསར་བསྒྲིགས་མའི་ཁུངས་དག་དཔེ་གཞིར་བྱས་པ་རེད། ཤེར་ཕྱིན་བརྒྱད་སྟོང་སུམ་ཕབ་དང་རྙིང་མ་རྒྱུད་འབུམ་སོགས་དཔེ་དཀོན་ཅི་རིགས་ཀྱི་པར་གཞི་ནི་སྡེ་དགེ་ལས་གོ་ལའི་ཁྱོན་ཡོངས་སུ་ཡོད་མ་མྱོང་ལ་ད་ལྟའང་མེད་པ་རེད། གསོ་རིག་རྒྱུད་བཞི་དང་། ཏ་ར་ནཱ་ཐའི་རྒྱ་ནག་ཆོས་འབྱུང་དང་། གུང་མགོན་པོ་སྐྱབས་ཀྱི་རྒྱ་གར་ཆོས་འབྱུང་སོགས་ཀྱི་པར་གཞི་སྔོན་ཡུལ་སྡེ་གཞན་དུ་ཡོད་མྱོང་ཡང་། ད་ལྟ་སྡེ་དགེ་རང་ལས་གཞན་དུ་ལྷག་ལུས་མེད་པ། གཞན་ཡང་རྣམ་ཐར་སོགས་དཔེ་དཀོན་ཅི་རིགས་བཅས་ཁྱོན་པར་ཤར་རྙིང་པ་ཁྲི་ཉེར་གཉིས་ལྷག་དངོས་སུ་བཞུགས་སུ་གསོལ་བས། 1980ལོའི་ཟླ་བ7པའི་ཚེས་7ཉིན་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྡེ་དགེ་པར་ཁང་དང་པར་ཤིང་ནི་ཞིང་ཆེན་ཡོངས་ཀྱིས་རིག་རྫས་སྲུང་སྐྱོང་བྱ་བའི་གཙོ་བོའི་སྡེ་ཚན་གྱི་གྲས་སུ་བཞག་པ་དང་། སྤྱི་ལོ་1996ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་རིག་རྫས་སྲུང་སྐྱོང་བྱ་བའི་གཙོ་བོའི་སྡེ་ཚན་གྱི་གྲས་སུ་བཞག་ཡོད་པ་རེད།


པར་སྒྲིལ་གྱིས་པར་འདེབས་བཞིན་པ།


        དེ་ལྟར་པར་ཁང་དེ་ཉིད་དུ་བཞུགས་སུ་གསོལ་བའི་པར་གཞི་གསུང་རབ་ཡོངས་རྫོགས་ཆོས་རྒྱུད་དང་ཡུལ་ལུང་། ཆོ་ག་ཕྱག་ལེན་དང་རིག་གཞུང་། གསུང་འབུམ་དང་ཆོས་ཚན་ཕྱོགས་སྒྲིག་གང་ཡིན་གྱི་ཁྱད་པར་ཅི་ཡང་མེད་པ། ནང་དོན་ཐད་རྒྱུན་སྤེལ་རུང་ཚད་བརྐོ་འདེབས་བྱས་ཡོད་པས། བོད་ཡུལ་ཙམ་མ་ཡིན་པ་འཛམ་གླིང་ཧྲིལ་པོའི་ཁྱོན་དུ་གསུང་རབ་པར་གཞིར་ཅིག་གྱུར་དང་། ཡིག་གཟུགས་གསལ་དག་མཛེས་སྤེལ། འཛད་མེད་ཀྱི་ཆོས་སྦྱིན་འདི་འདྲ་ནི་བསྐལ་པའི་མཐར་ཡང་ཁྱབ་བཞིན་པའོ། །

པར་འདེབས་བཞིན་པ། 

        གློད་རྡུལ་པར་འདེབས་ཀྱི་ཚན་རྩལ་རབ་ཏུ་དར་ཏེ་པར་བརྐོ་འདེབས་ཀྱི་ལག་རྩལ་ཡལ་ལ་ཉེ་བའི་དུས་འདིར་སྡེ་དགེ་པར་ཁང་གིས་འགྲོ་གྲོན་ཆེ་བ་དང་། ཡོང་སྒོ་ཆུང་བ་སོགས་ལ་མ་དམིགས་ནས་སྤྱིར་འགྲོ་བ་མིའི་སྲོལ་རྒྱུན་ལག་རྩལ་ཉམས་སོང་བ་ཕྱི་རབས་མི་ལ་དཔང་རྟགས་བསྟན་པ་དང་། སྒོས་སུ་བོད་ཀྱི་ཐུན་མིན་སྲོལ་རྒྱུན་རིག་གནས་མ་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད། ཉམས་ཕན་འཚོ་སྐྱོང་བྱས་ཏེ། བོད་དུ་དུས་རབས་བཅུ་གསུམ་པའི་གཡས་གཡོན་དུ་དར་བའི་པར་བརྐོ་འདེབས་ཀྱི་སྲོལ་རྒྱུན་ལག་ཤེས་སྡེ་དགེ་པར་ཁང་དུ་ད་ལྟའང་བེད་སྤྱོད་བཞིན་པ་ནི་འདས་གཟུགས་གསོན་མཐོང་ལྟ་བུར་གྱུར་པའོ། །
        དེ་ལྟར་སྡེ་དགེའི་མངའ་ཞབས་ནས་ཀྱང་འཇིག་རྟེན་གསུམ་གྱི་མཆོད་སྡོང་བླ་ན་མེད་པར་གྱུར་པ་རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱི་རྟེན་བཞེངས་ཆེན་པོ་འདིའི་མགོ་བརྩམས་པ་ནས། ལ་ལ་ནི་གསར་རྙིང་བརྡའི་ཚིག་དང་དོན་གྱི་འཁྲུལ་པ་སེལ་བར་བྱེད་པའི་དག་སྡེབ་པར་གྱུར། ལ་ལ་ནི་སྣག་ཚ་དང་སྨྱུ་གུ་ལག་ཏུ་ཐོགས་ནས་ཡིག་རིགས་མང་པོ་སོར་མོའི་འཕྲུལ་གྱིས་བསྐྲུན་པ་ལ་དཀའ་བ་མེད་པའི་ཡི་གེའི་འདུ་བྱེད་པར་གྱུར། ལ་ལ་ནི་ཡི་གེའི་གཟུགས་བརྙན་གྱི་ཚད་དང་མཚན་ཉིད་ཉམས་པ་མེད་པའི་ཡིག་འབྲུ་བརྐོ་བའི་རྐོས་བྱེད་པར་གྱུར། ལ་ལ་ནི་དཀར་ཞིང་འཇམ་པའི་ངོས་གཞི་རབ་ཏུ་གཙང་བའི་ཤོག་བུའི་འདུ་བྱེད་པ་དང་ཤིང་གཞོག་པ་དང་། ལྕགས་བཟོ་བ། ཐ་ན་ཤིང་དང་ཤོག་བུ་བཟོ་བ་ཡན་ཆད་ཀྱང་མི་བདག་ཆེན་པོའི་དགེ་ཚོགས་སྒྲུབ་པའི་བཀའ་དྲིན་དུ་གྱུར་ནས་ད་ལྟའི་བར་ཐམས་ཅད་ཀྱང་དགེ་བའི་ལས་ཀྱི་བྱ་བ་བྱེད་པ་དང་ལག་ཏུ་ལེན་པ་པོར་གྱུར་ཏེ། རང་རང་གི་ལས་སྐལ་གང་དང་གང་བསྐོས་པ་དེ་དང་དེ་ལ་མ་རྨོངས་པའི་བཟོ་གནས་ལག་རྩལ་གྱི་རིག་པ་འཆང་བ་ཁོ་ནར་སྡེ་དགེའི་བཟོ་ལས་ལག་རྩལ་ཞེས་པར་གྱུར་ཏོ། །  

པར་ཁང་གི་ཐོག་བརྩེགས་གསུམ་པའི་པར་འདེབས་ཁུལ།

བཀའ་འགྱུར་པར་དུ་འདེབས་བཞིན་པ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1