ཀྲུང་དབྱང་དྲིལ་བསྒྲགས་པུས་ཁྲེན་ཅུན་ཝུའུ་ལ“དུས་རབས་ཀྱི་མིག་དཔེའི”གཟི་བརྗིད་མཚན་སྙན་སྤྲད་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 10-09


    ཟླ་10ཚེས་7ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་སུ་ཀྲུང་དབྱང་དྲིལ་བསྒྲགས་པུས་ཚེས་7ཉིན་པེ་ཅིང་དུ་སྤྱི་ཚོགས་ཡོངས་ལ་ཁྲེན་ཅུན་ཝུའུ་ཡི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་དང་ཁྱབ་བསྒྲགས་བྱས་ཏེ་ཁོང་ལ“དུས་རབས་ཀྱི་མིག་དཔེའི”གཟི་བརྗིད་མཚན་སྙན་སྤྲད་པ་རེད།
     ཁྲེན་ཅུན་ཝུའུ་ནི་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཚན་རྩལ་ཨུ་ལྷན་གྱི་བློ་འདྲི་བ། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ལུའོ་དབྱང་ལས་གྲྭ་ཚད་ཡོད་ཀུང་སིའི་ལག་རྩལ་ཨུ་ལྷན་གྱི་མཚན་འཛིན་ཀྲུའུ་རེན་བཅས་ཡིན་པ་དང་། རང་རྒྱལ་གྱི་རྡོ་སྣུམ་བཙོ་སྦྱངས་ལས་གྲྭའི་ལག་རྩལ་གྱི་གྲགས་ཅན་རིགས་གཅིག་མཁས་ཅན་དང་། སོལ་འགྱུར་ལས་ཀའི་ལག་རྩལ་གྱི་རིགས་གཅིག་མཁས་ཅན། འགྱུར་སྐུལ་གས་འགྱུར་ལས་གྲྭའི་ལག་རྩལ་གྱི་རྨང་གཞི་འདིང་མཁན་བཅས་ཡིན་པ་རེད། ཁོང་གིས་ཐུན་མོང་སེམས་ལ་འཇོག་པ་དང་ལྷག་བསམ་ཟོལ་མེད་ངང་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་ཏུ་ཏང་དང་མི་དམངས་ཀྱི་བྱ་གཞག་ནང་ཞུགས་ནས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་འཚར་ལོངས་དང་མཉམ་དུ་འབད་འཐབ་བྱས་ཏེ་ཀྲུང་གོ་གསར་པའི་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཆེད་ལོ་ངོ་70འབད་འཐབ་ལྷོད་མེད་བྱས་ཡོད། ཁོང་གིས་སྔོན་ལ་བྱེད་ཕོད་པ་དང་དཀའ་སྤྱད་ཁྱད་བསད་བྱེད་ཕོད་པ་བྱས་ནས་རང་རྒྱལ་གྱི་འགྱུར་སྐུལ་གས་འགྱུར་ལག་རྩལ་མེད་པ་ནས་ཡོད་པ་དང་ཉམས་ཞན་ནས་སྟོབས་ཆེའི་བར་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ། རང་རྒྱལ་གྱི་རྡོ་སྣུམ་བཙོ་སྦྱངས་བཟོ་ལས་ཡར་རྒྱས་ཆེད་གསར་གཏོད་རང་བཞིན་གྱི་ལེགས་སྐྱེས་ཕུལ་བ་དང་། དགུང་ལོ་མཐོ་པོར་སླེབས་ཀྱང་སྔར་བཞིན་ཚན་ཞིབ་ཀྱི་འཐབ་ས་དང་པོར་འབད་འཐབ་གནང་བཞིན་ཡོད། ཁོང་གིས་ཁེ་གྲགས་རྒྱབ་སྐྱུར་གྱིས་གཞན་དོན་ཁོ་ནར་བསམ་བློ་བཏང་སྟེ་རྒྱལ་ཁབ་ཆེད་ཆུ་ཚད་མཐོ་བའི་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཀྱི་རིགས་གཅིག་མཁས་ཅན་འབོར་ཆེན་གསོ་སྐྱོང་གནང་བ་དང་ཁྱིམ་ཚང་དབུལ་པོའི་སློབ་མ་དང་ཕུལ་བྱུང་གི་གཞོན་ནུ་མང་པོར་རྒྱུ་དངུལ་གྱི་རོགས་རམ་གནང་ཡོད། ཁོང་ལ“རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”དང“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ”“རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའི་གཟེངས་རྟགས”“རྒྱལ་ཡོངས་ཀྱི་ཕུལ་བྱུང་ཚན་རྩལ་ལས་དོན་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་མ་ཟད། རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་བྱ་དགའི་བྱ་དགའ་རིམ་པ་དང་པོ་དང་རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་བྱ་དགའི་བྱ་དགའ་རིམ་པ་དང་པོའང་ཐོབ་ཡོད།
     ཉེ་བའི་དུས་མཚམས་ཤིག་རིང་། ཁྲེན་ཅུན་ཝུའུ་ཡི་སྔོན་ཐོན་བྱས་རྗེས་ཀྲུང་དབྱང་སྨྱན་སྦྱོར་གྱིས་གཅིག་སྡུད་ཐོག་དྲིལ་བསྒྲགས་གཏོང་སྤེལ་བྱས་རྗེས་སྤྱི་ཚོགས་ཡོངས་སུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད། ལས་བྱེད་པ་དང་མང་ཚོགས་ཚོས་ཁྲེན་ཅུན་ཝུའུ་ཡིས་མི་སྒེར་གྱི་ཕུགས་བསམ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དང་མཉམ་འདྲེས་ཡོང་བ་བྱས་པ་དང་། ལག་རྩལ་གྱི་གྲུབ་འབྲས་བཟང་པོ་ཐོབ་པ་མ་ཟད། ཕུལ་བྱུང་གི་ལེགས་སྐྱེས་ཕུལ་ཡོད་པས། ཁོང་ནི་རང་རྒྱལ་གྱི་རྡོ་སྣུམ་རྫས་འགྱུར་བཟོ་ལས་ལག་རྩལ་གྱི་ཕུལ་བྱུང་གསར་འབྱེད་པ་དང་རྒྱལ་གཅེས་དང་། འབད་འཐབ། ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ཀྱི་དཔེ་བཟང་བ་དང་ལག་ལེན་བསྟར་མཁན་ཞིག་ཡིན་པ་ཡོངས་ཁྱབ་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་ཆེའི་ཚན་རྩལ་ལས་དོན་པས་ཁྲེན་ཅུན་ཝུའུ་ཡི་སྔོན་ཐོན་བྱས་རྗེས་དང་བླ་ན་མེད་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ་ཚན་རིག་ལ་བརྟེན་ནས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བའི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། རྒྱུན་བསྲིང་ལྷོད་མེད་ངང་གསར་གཏོད་བྱེད་པའི་ཚན་རིག་དང་མཐུན་པའི་སྙིང་སྟོབས་དར་སྤེལ་གཏོང་བ། ཁེ་གྲགས་སྤོང་བའི་ཀུན་སྤྱོད་དང་སྲོལ་བཟང་རྒྱུན་འཛིན་བྱེད་པ། ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་པའི་འགན་འཁྲི་དང་འོས་འགན་རང་འགུལ་ངང་འཁུར་བ། དུས་རབས་གསར་པར་བྱས་རྗེས་འཇོག་པ་བཅས་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་རྒྱུའི་རྣམ་འགྱུར་བསྟན་པ་རེད།
     “དུས་རབས་ཀྱི་མིག་དཔེའི”ཁྱབ་བསྒྲགས་མཛད་སྒོ་འཚོགས་ཡུལ་དུ《བློ་མཐུན་ཁྲེན་ཅུན་ཝུའུ་ལ“དུས་རབས་ཀྱི་མིག་དཔེའི”གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའི་གཏན་འབེབས》སྒྲོག་སྦྱངས་བྱས་པ་དང་ཁྲེན་ཅུན་ཝུའུ་ཡི་སྔོན་ཐོན་བྱས་རྗེས་མཚོན་པའི་བརྙན་ཐུང་བསྟན་ཡོད། ཁྱབ་བསྒྲགས་བྱེད་མཁན་ཚན་པའི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། ཁྲེན་ཅུན་ཝུའུ་ཡི་གཉེན་ཉེ་དང་། ལས་རོགས། སློབ་མ་བཅས་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི་སོགས་ཁྱབ་བསྒྲགས་མཛད་སྒོར་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1