༄༅།། ཐ་མག་གི་ཉེས་དམིགས།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 10-10



 
        གློ་བ་བདེ་ཐང་ཡོང་བའི་བྱེད་ཐབས་ཆེས་བཟང་པོ་ནི་ཐ་མག་ཇེ་ཉུང་དུ་གཏོང་བ་དང་གཞན་བརྒྱུད་ཐ་མག་ལ་འབྲེལ་འདྲིས་བྱེད་ཚད་ཇེ་ཉུང་དུ་གཏོང་རྒྱུ་དེ་རེད།ཐ་མག་ཁྱབ་གདལ་དུ་འགྲོ་བ་ནི་འཛམ་གླིང་འདིར་ད་ལྟ་འཕྲད་པའི་སྤྱི་པའི་འཕྲོད་བསྟེན་གྱི་འཇིགས་སྣང་ཞིག་ཡིན་ལ།ལོ་རེར་འཛམ་གླིང་སྟེང་གི་མི་ཁྲི་ཚོ500ལྷག་ཐ་མག་དང་འབྲེལ་བའི་ནད་རིགས་ཀྱིས་ཤི་བ་རེད།
        ཐ་མག་གི་ནང་དུ་ཤེས་ཟིན་པའི་རྫས་འགྱུར་གྱི་རིགས་སྣ7000ལྷག་ཡོད་ལ།དེའི་ནང་དུ་གནོད་ལྡན་ཀྱི་རིགས250ཡོད་པ་དང་།འབྲས་སྐྲན་འབྱུང་རྐྱེན་དུ་གྱུར་པའི་རྒྱུ70ཡོད།དུས་ཡུན་རིང་བོར་ཐ་མག་འཐེན་མཁན་ཁྲོད་ཀྱི་མི་ཕྱེད་ཀ་ནི་སྙིང་ནད་དང་དལ་གཤིས་གློ་ནད།འབྲས་སྐྲན་བཅས་ཐ་མག་འཐེན་པ་ལས་བྱུང་བའི་ནད་རིགས་ཀྱིས་ཤི་བཞིན་ཡོད།
        ཐ་མག་འཐེན་ན་གློ་བའི་འབྲས་སྐྲན་དང་ཕོ་བའི་འབྲས་སྐྲན།གྲིབ་སྐྱོན།སྙིང་རྩ་འགགས་པ།དབུགས་འཚང་བ།དལ་གཤིས་དབུགས་འབྱིན་རྔུབ་དཀའ་བ།སོ་མཐའི་ནད།ཁ་སྦུག་གི་འབྲས་སྐྲན་སོགས་ནད་རིགས་མང་པོ་བསླང་སྲིད།ཐ་མག་འཐེན་ན་ཀླད་ཁྲག་ཤོར་བ་དང་སྙིང་རྩ་འགགས་པའི་ནད་འབྱུང་ཚད་ཇེ་མཐོར་འགྲོ་བ་དང་།དལ་གཤིས་དང་འགག་པའི་རང་བཞིན་གྱི་གློ་ནད།ན་གཞོན་ལོ་ཆུང་གི་དབུགས་འཚང་བ།དབུགས་ལམ་ལ་གཉན་ཚད་རྒྱས་བ་བཅས་ཀྱི་ཉེན་ཁ་ཇེ་མཐོར་འགྲོ་བ་རེད།རང་རྒྱལ་གྱི་ཐ་མག་འཐེན་མཁན་ལ་གྲིབ་ནད་ཕོག་པའི་ཉེན་ཁ་དེ་ཐ་མག་མི་འཐེན་པའི་མི་ལས་ལྡབ2ནས3.5ཡིས་མཐོ་བ་དང་།སྐྱེས་པར་གྲིབ་ནད་ཕོག་མཁན་གྱི་ནད་པའི90%ཡན་ནི་ཐ་མག་འཐེན་མཁན་རེད།ཐ་མག་འཐེན་མཁན་གྱི་ཆ་སྙོམས་ཚེ་ཚད་དེ་ཐ་མག་མི་འཐེན་པའི་མི་ལས་ཉུང་མཐར་ཡང་ལོ10ཇེ་ཐུང་དུ་འགྲོ་བ་རེད།
        ཐ་མག་གི་དུ་ཞགས་ནི་ཐ་མག་འབར་བའི་བརྒྱུད་རིམ་ཁྲོད་ཁོར་ཡུག་ཏུ་འཐུལ་བའི་དུ་བ་ལ་ཟེར་ཞིང་། དེའི་ནང་དུ་ཐ་མག་འཐེན་མཁན་གྱི་ཁ་ནས་ཕྱིར་བཏོན་པའི་དུ་ཞགས་དང་ཐ་མག་འབར་བའི་བརྒྱུད་རིམ་ཁྲོད་ཕྱིའི་མཁའ་དབུགས་ཁྲོད་འཐུལ་བའི་དུ་ཞགས་གཉིས་ཀ་འདུ། དུ་ཞག་དང་ཐ་མག་འཐེན་མཁན་གྱིས་རྔུབ་པའི་དུ་ཞགས་གཙོ་བོ་གཉིས་ལ་གྲུབ་ཆའི་ཐད་ཀྱི་ཁྱད་པར་མེད།
        དུ་ཞགས་གིས་མི་ཚོགས་ཀྱི་བདེ་ཐང་ལ་གནོད་སྐྱོན་ཚབས་ཆེན་ཐེབས་སྲིད་དེ། དེས་གློ་བའི་འབྲས་སྐྲན་དང་སྙིང་རྩ་རེངས་པའི་ནད། ཀླད་པར་གཟའ་ཕོག་པ། ནུ་མའི་འབྲས་སྐྲན་དང་སྣ་སྦུག་རུས་ཁུང་འབྲས་སྐྲན་བཅས་སློང་སྲིད་ལ། དུ་ཞགས་གིས་ད་དུང་དར་མའི་མགྱོགས་གཤིས་དང་དལ་གཤིས་ཀྱི་དབུགས་ལམ་ནད་རྟགས་དང་གློ་བའི་ནུས་པ་ཇེ་ཞན་དུ་འགྱུར་བ། གློ་ཡུའི་ཡན་ལག་དབུགས་འཚང་། འགག་པའི་རང་བཞིན་གྱི་གློ་བའི་ནད་རིགས་བཅས་སློང་སྲིད།སྦྲུམ་མས་དུ་ཞགས་རྔུབ་ཚེ་ཕྲུ་གུའི་ལྗིད་ཚད་མར་འབབ་པ་དང་། ཕྲུ་གུ་གློ་བུར་རྐྱེན་ལམ་དུ་ཤོར་བའི་ཕྱོགས་འདུས་ནད་འབྱུང་སླ་ཞིང་། ཟླ་ཁ་མ་གང་བར་སྐྱེ་བ། ཕྲུ་གུའི་དབང་རྩ་ཡ་མ་གཟུགས་སུ་འགྱུར་བ་དང་ཁ་ཤོ་ཅན་དུ་འགྱུར་ཡང་སྲིད། དུ་ཞགས་གིས་བྱིས་པའི་གློ་ཡུའི་ཡན་ལག་དབུགས་འཚང་གི་ནད་འབྱུང་བ་དང་གློ་བའི་ནུས་པ་ཇེ་ཞན་དུ་འགྱུར་བ་རེད།
        ཐ་མག་འཐེན་པ་དང་དུ་ཞགས་གཉིས་ཀས་གཅིག་མཚུངས་སུ་མིའི་བདེ་ཐང་ལ་གནོད་སྐྱོན་ཚབས་ཆེན་ཐེབས་སྲིད་ལ། ཐ་མག་གི་དུ་ཞགས་ཅུང་ཙམ་རྔུབ་པ་ཡིན་ནའང་དེས་མིའི་ལུས་ཕུང་ལ་གནོད་སྐྱོན་ཐེབས་ངེས། ཁང་པའི་ནང་དུ་ཐ་མག་འཐེན་པ་གཏན་འགོག་བྱེད་རྒྱུ་ནི་གནོད་སྐྱོན་སྔོན་འགོག་བྱེད་པའི་ནུས་ལྡན་གྱི་ཐབས་ལམ་ཉག་གཅིག་ཡིན་ནོ། །
        སྐྱེས་པས་ཐ་མག་འཐེན་ན་ཁུ་བ་ཇེ་ཉུང་དུ་འགྲོ་བ་དང་རོ་ཙ་ཉམས་འགྲོ་ལ།དུས་ཡུན་རིང་བོར་ཐ་མག་འཐེན་པ་ནི་སྐྱེས་པའི་དབང་བོའི་ནུས་པ་ཇེ་ཞན་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་རེད།
        བུད་མེད་ཀྱིས་ཐ་མག་འཐེན་ན་སྐྱི་པགས་རྩུབ་མོར་འགྱུར་བ་དང་།རྒས་སླ་ཞིང་རུས་སོབ་ནད་འབྱུང་སྲིད།བུད་མེད་ཀྱིས་ཐ་མག་འཐེན་ན་མངལ་སྦྲུམ་ཚད་ཇེ་དམའ་དང་མངལ་ཤོར་བ།མངལ་ནས་ཤི་བ།ཟླ་ཁ་མ་ལོངས་པར་སྐྱེ་བ།ཕྲུ་གུ་སྐྱེ་དུས་སུ་ལྗིད་ཚད་མི་ལོངས་པ།ཕྲུ་གུ་གློ་བུར་རྐྱེན་ལམ་དུ་ཤོར་བ་སོགས་ཕྱོགས་བསྡུས་ནད་འབྱུང་ཉེན་ཇེ་ཆེར་འགྲོ་བ་དང་།ཐ་མག་འཐེན་ན་རིགསIIཔའི་གཅིན་སྙི་ཟ་ཁུ་འབྱུང་སྲིད་པ་དང་།སྦྲག་ནད་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་བ་རེད། །
        ཐ་མག་གཅོད་པ་ནི་ཐ་མག་གི་གནོད་པ་ཇེ་ཉུང་དུ་གཏོང་བའི་ཐབས་ལམ་ཉག་ཅིག་ཡིན་པས།ཐ་མག་བཅད་པ་ཇི་ལྟར་སྔ་ན་དེ་ལྟར་བཟང་ལ།ལོ་ཚོད་ནམ་ཡིན་རུང་ཐ་མག་བཅད་ན་ཕན་པ་ཡོད།ཐ་མག་བཅད་ན་ཐ་མག་འཐེན་མཁན་ལ་གློ་བའི་སྐྲན་ནད་དང་ཏོག་དབྱིབས་འཕར་རྩའི་སྙིང་ནད།དལ་གཤིས་དང་འགག་པའི་རང་བཞིན་གྱི་གློ་ནད་སོགས་ནད་རིགས་མང་པོ་འབྱུང་ཚད་དང་ཤི་ཚད་མངོན་གསལ་གྱིས་ཇེ་དམའ་རུ་བཏང་ནས།གོང་གསལ་གྱི་ནད་རིགས་དེ་དག་འཕར་ཚད་ཇེ་དལ་དུ་གཏོང་བར་མ་ཟད་རྗེས་འབྲས་ལེགས་བསྒྱུར་བྱེད་ཐུབ།
        ཐ་མག་བཅད་ནས་ཟླ་ངོ6འགོར་རྗེས་སྙིང་གི་ལྡིང་ཚད་ཇེ་དམའ་རུ་འགྲོ་བ་དང་ཁྲག་ཚད་ཀྱང་ཇེ་དམའ་རུ་འགྲོ་ལ།དུས་ཚོད8ཀྱི་རྗེས་སུ་སྣོམ་ཚོར་དང་རོ་ཚོར་ཇེ་ལེགས་སུ་འགྲོ་མགོ་རྩོམ་པ་དང་།དུས་ཚོད72ཀྱི་རྗེས་སུ་ཁྲག་ཤེད་རྒྱུན་ལྡན་དུ་འགྱུར་བ་དང་།སྐྱེས་པའི་ཁུ་བའི་གྲངས་ཚད་དང་སྤུས་ཚད་གཉིས་ཀ་རྒྱུན་ལྡན་དུ་སླར་གསོ་འབྱུང་བ་དང་།བུད་མེད་ཀྱི་མངལ་སྦྲུམ་ཚད་ཇེ་མཐོར་འགྲོ་བ་དང་གློ་བའི་ནུས་པ་ཇེ་བཟང་ལ་འགྲོ་བ་ཡིན།ཟླ་ངོ6གི་རྗེས་སུ་གློ་ལུ་བ་དང་སྣ་འཚུབ་པ།དབུགས་འབྱིན་རྔུབ་བྱེད་དཀའ་བ་སོགས་ཀྱི་ནད་རྟགས་ཇེ་ཉུང་དུ་འགྲོ་བ་ཡིན།ལོ་ངོ1གི་རྗེས་སུ་ཐ་མག་འཐེན་པའི་སྐབས་ལས་སྙིང་ནད་འབྱུང་ཚད་ཀྱི་ཉེན་ཁ་མངོན་གསལ་གྱིས་ཇེ་དམའ་རུ་གཏོང་ཐུབ།ལོ་ངོ10ཡི་རྗེས་སུ་གློ་བའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཉུང་དུ་གཏོང་ཐུབ།

        ཐ་མག་འཐེན་མཁན་ལ་ཐ་མག་གཅོད་པའི་གོ་རིམ་ཁྲོད་རྒྱུན་ལྡན་མིན་པའི་སྣང་ཚུལ་སྣ་ཚོགས་འབྱུང་སྲིད་པས།དགོས་ངེས་ཀྱི་སྐབས་སུ་ཆེད་ལས་ཅན་གྱི་ཐ་མག་གཅོད་པའི་གསོ་བཅོས་ལ་བརྟེན་ཆོག ཐ་མག་འཐེན་མཁན་གྱིས་ཧུར་ཐག་གིས་ཐ་མག་གཅོད་པ་དང་།ཐ་མག་འཐེན་མཁན་རང་ཉིད་ཀྱི་འདོད་བློ་ནི་ཐ་མག་ཆོད་དུ་འཇུག་རྒྱུ་དེ་ཡིན་པས།ཐ་མག་གཅོད་པའི་སྒོ་བསྟེན་ཁང་གིས་ཐ་མག་གཅོད་མཁན་ལ་ཆེད་ལས་ཀྱི་ཐ་མག་གཅོད་པའི་གསོ་བཅོས་བྱེད་ཆོག །



ཐ་མག་འཐེན་མཁན་གྱི་གློ་བ།

བདེ་ཐང་གི་གློ་བ།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1