༄༅།། བདེ་མོར་རེ་བའི་སྐྱོ་བ།

སྒོ་རང་གྲོལ། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 10-22



སྒོ་རང་གྲོལ།


གཅིག

        ཁྱོད་ནི་ཁྱོད་ཀྱི་སྒོ་ཁའི་ངས་ཐེངས་མང་བཞོན་མྱོང་བའི་ལྕགས་རྟ་དེ་དག་དང་འདྲ་སྟེ།སྒོར་མོ་ཅུང་ཟད་ཀྱིས་འཁྱུག་ཙམ་ཞོན་པ་དང་ཞོན་མེད་ཀྱང་ཁྲིད་དེ་འགྲོ་བཞིན་ཡོད།ཁྱོད་ཀྱི་ལས་གྲོགས་མཛེས་མ་དེ་དང་ཡང་འདྲ་སྟེ།གྲོང་ཁྱེར་ན་དཔལ་ཡོན་འཕེལ་བའི་སྐྱེ་བོ་དང་ཚོད་འཛིན་དབུལ་བའི་འཆལ་པས་དབང་སྒྱུར་བྱེད་བཞིན་ཡོད།ཅུང་བཟང་བ་ནི།ཁྱོད་ཀྱིས་རྒྱ་ཡན་ཆེ་བའི་འཚོ་བར་ཕྱི་ནང་གསལ་ཞིང་འཛེམ་དོགས་མེད་པའི་སྤྱོད་ལམ་ལ་ངེས་ཤེས་ཀྱང་རྙེད་ནས་ཡོད།དེ་བས་ཁྱོད་ལ་གྲོང་ཁྱེར་དེའི་འགྲོ་ལུགས་སམ།ཉིན་མཚན་གང་པོའི་མངོན་ལྐོག་གི་བྱ་བའི་གཡུལ་འགྱེད་ལ་ཆ་རྒྱུས་མང་ཙམ་མཆིས།
        གྲོང་ཁྱེར་གྱི་མི་རེ་རེའི་མདུན་ན་འཚོ་བའི་ཕ་བོང་དང་སྣང་བའི་འཕྲོག་བཅོམ་པ།སྒོར་མོའི་བསླུ་ཁྲིད་པ་རེའང་མཆིས་ཨང་།འདི་དག་བསམས་ན་ངས་ཁྱོད་ལ་བདེ་མོ་འཇོག་པར་སྐྱོ་བ་ཧ་ཅང་ཆེ།

གཉིས།

        རྨི་ལམ་ནི་རྨི་སྲིད་པ་ལས་དེ་ལ་དངོས་སུ་ཐུག་རེག་ཐུབ་པ་མེད།འཚོ་བ་ནི་འབད་པ་དང་ཆོག་ཤེས་ཟུང་འབྲེལ་གྱིས་སྐྱོང་དགོས་པ་ལས།ཅི་ཆ་མེད་པའི་ལག་སྙོབ་དང་འདུ་ཤེས་ཕྲ་བའི་མཆོང་རྒྱུག་དེ་ནམ་ཡང་མི་རུང་།
        རྔམ་ཟིལ་གྱི་ཕོ་བྲང་དང་རྩ་བརྟན་གྱི་ལྕགས་རིར་ལོ་རྒྱུས་ཀྱི་རྔུལ་ཁྲག་ཡོད་ལ།གཞུང་ལམ་དང་རླངས་འཁོར་སོགས་ལ་ཡང་གསར་གཏོད་ཀྱི་ཤེས་རབ་ཆགས་ཡོད་པས།འདི་དག་ལོངས་སྤྱོད་རྐྱང་པར་ལྟ་བ་དང་།ཐོབ་བྱ་ཙམ་ལ་ཤེས་པ་ནི་རྨི་ལམ་རྨིས་པ་དང་ཅི་འདྲའི་མཚུངས།ཞིབ་ཀྱིས་བསམས་ན།འཚོ་བའི་སྣང་གཡེལ་འཕྲོག་པའི་རྒྱུ་ནི་ཅི་འདྲའི་མང་ཨང་།
        དེ་ནི་དུས་རབས་དང་བསྟུན་ཤེས།ཁ་ཕྱོགས་དང་འདོད་གསོལ་ཡིན་དུ་ཆུགས།
        རེད་དེ། ཤེས་དགོས་པ་ནི།རང་གི་ཐུགས་བདེན་པ་དང་ལག་དྲོན་མོ་ལས་དངོས་སུ་འཁྲུངས་པའི་ལམ་བྲོ་རྣལ་མ་དེར།ཡིད་ཆེས་དང་སྐྱོང་བ་བྱེད་ཐུབ་པའི་ཉིན་ཞིག་ནི་རྨི་ལམ་ལ་དངོས་སུ་རེག་པ་དང་ཧ་ཅང་མཚུངས་པས།ངས་འདི་དག་བསམས་ན་ཁྱོད་ལ་བདེ་མོ་འཇོག་པར་སྐྲག་སྣང་ཤིན་ཏུ་ཆེ།

གསུམ།

        སུ་ལ་བལྟས་ན་ཁྱོད་དང་འདྲ་ཞིང་།ཅི་ཞིག་རིག་ན་ཁྱོད་ཉིད་དྲན་པ།ཉན་པའི་གླུ་གཞས་ཡོད་ཚད་ཁྱོད་དང་འབྲེལ་བའི་ལོ་ཟླ་འདྲ་བ་འདི་དག ང་ཡིས་ཁྱོད་ཉིད་དྲན་སྟངས་ཤིག་ཡིན། འདི་ནི་ཕྱིར་དྲན་གྱིས་བཟོས་པའི་ངའི་ནང་སེམས་ཀྱི་རགས་ཁ་དེ་རེད།དེ་བས་ང་ལ་ནམ་ཡང་ཕྱིར་དྲན་ཟེར་བའི་ཐ་སྙད་གོ་བདེ་ཞིག་ཡོད།
        དེས་ང་ལ་ཁྱོད་རང་སེམས་སུ་ཞོ་ལྟར་ཆགས་པར་བྱས།རང་གི་བརྩེ་དུང་མཚོན་པའི་སྐད་ཆ་དང་རྟགས་མཚན་ཡང་ཡོད་པར་བྱས་ཤིང་།ལས་སྐལ་མ་རྫོགས་བར་དུ་མཛེས་པའི་སྙན་ངག་ཀྱང་སྦྲུམ་དུ་བཅུག་ཡོད།
        བདག་གིས་འདི་ལྟར་ཁྱོད་དང་མཉམ་དུ་དགའ་བའི་འདི་སྣང་བསྐྱེད་ཅིང་།བརྩེ་དུང་གི་གཉུག་གཤིས་ལ་མྱོང་རོལ་བྱས་ནས།མཐར་ཐུག་གི་རིན་ཐང་སྔོག་འདོན་མ་ཐུབ་ཀྱང་།ཐམས་ཅད་དེ་རང་གི་ཚེ་ནོམ་ལྟ་བུའི་ལོ་རྒྱུས་དང་ཕྱིར་དྲན་ལ་ངོས་འཛིན་བྱུང་བ་དང་།ནམ་ཡང་འཕྱར་དུ་ཡོད་པའི་དར་ཆ་ཞིག་མངའ་བར་གྱུར་པ་ནི་ཧ་ཅང་ལེགས། ཡང་གཅིག་བཤད་ན། འདི་ནི་བརྩེ་དུང་དག་མ་ཞིག་གི་དངོས་ཤུགས་ཀྱི་ནུས་སྟོབས་རེད།
        སྐབས་འདིར།ངས་ཁྱོད་ཀྱི་ཕྱོགས་ལ་འདང་མི་རྒྱག་ག་ལ་སྲིད།
        ཁྱོད་ཀྱིས་སུ་ཞིག་གི་ཕོར་བའི་ཁ་ན། རང་སྟོབས་ཀྱི་བདེན་པ་གླེང་བཞིན། ཚོར་བའི་ཕོག་ཐུག་པ་འདི་དག་ཟེར་སྲིད་དམ།བསམ་མ་ཤེས་པའི་ལོ་ཟླ་ཟེར་ནས།འདས་སོང་གི་དུས་ཚོད་ལ་འཁང་ར་བྱེད་སྲིད་དམ། བྱས་ཀྱང་ཆོག་ལ་དམོད་ཀྱང་རུང་།
        འོན་ཀྱང་།ཁྱོད་ཀྱིས་ཡང་བསྐྱར་འདི་ལྟ་བུའི་ལོ་ཟླ་ཞིག་གི་གཟུགས་གྲུབ་ལ་སྦྱོར་བ་མི་བྱེད་པའི་ངེས་པ་མེད་པས།མི་ཚེའི་སྐད་ཅིག་གི་བདེ་བའི་སླད་དུ་མི་ཚེ་འཁང་ར་དང་དམོད་མོ་ཡིས་རྫོགས་ན……
        ངས་འདི་དག་སེམས་བཞིན་སེམས་བཞིན།ཁྱོད་ལ་བདེ་མོ་འཇོག་པའི་སྐྱོ་བ་བསང་ཐབས་བྲལ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1