༄༅།། ཁང་པ་མཛེས་བཟོ་སྐབས་བཟོ་པར་རྨས་སྐྱོན་ཕོག་ན་ཁང་བདག་གིས་འགན་འཁུར་དགོས་སམ།

རྩོམ་སྒྲིག་པ།ཡོང་ཁུངས།ཐུན་ཏེ་རྫོང་ཁྲིམས་འཛིན་ཅུའུ་བཅའ་ཁྲིམས་ཁྱབ་བརྡལ་སྤྱི་སྟེགས། སྤེལ་དུས། 10-30




          གུང་དཀར་ས་ཁུལ་གྱི་སྡོད་དམངས་ཀླུ་ག་གེ་མོས་རང་གི་ཁང་པ་ལ་མཛེས་བཟོ་བྱེད་འདོད་པའི་སྐབས་སུ་གྲོགས་པོ་ཞིག་གིས་ཁོ་ལ་ཁང་ཁྱིམ་མཛེས་བཟོ་རུ་ཁག་ཅིག་ངོ་སྤྲོད་བྱས། ཀླུ་ག་གེ་མོས་དེང་སྐབས་ཁང་པ་མཛེས་བཟོ་བྱེད་མཁན་གྱི་ལས་རིགས་ཤིན་ཏུ་རྫོབ་པས་རང་ཉིད་གཡོ་འོག་ཏུ་ཚུལ་སླ་བ་དང་། གྲོགས་པོའི་མཚམས་སྦྱོར་བྱས་པ་དེ་ཅུང་ཡིད་རྟོན་རུང་བར་བསམ་ནས་ཁང་ཁྱིམ་མཛེས་བཟོ་རུ་ཁག་དེ་དང་ལས་ཀའི་གན་རྒྱ་བཞག་པ་རེད།
          གན་རྒྱ་བཞག་རྗེས་ལས་བཟོ་པ་ཚེ་རིང་ག་གེ་མོས་ལས་ཀ་པ་རྣམས་ཀྱི་སྣེ་ཁྲིད་ནས་ཁང་པ་མཛེས་བཟོ་བྱེད་འགོ་བརྩམས་ཤིང་། ལས་ཀ་པ་དག་གི་གླ་ཆ་ཚེ་རིང་ག་གེ་མོས་སྟེར་རྒྱུ་ཐག་བཅད། ཁང་པ་མཛེས་བཟོ་བྱེད་སྐབས་སུ། ལས་བཟོ་པ་དབང་ག་གེ་མོ་སྐས་རྐང་ལས་ལྷུང་སྟེ་རྨས་ཕོག སྨན་བཅོས་བྱས་རྗེས་བརྟག་དཔྱད་ལྟེ་གནས་ནས་བརྟག་དཔྱད་བྱས་པ་ལྟར་ན་རྨས་སྐྱོན་རིམ་པ་དགུ་པའི་ཚད་རིམ་གྱི་རྨས་ཕོག་ཡོད་པ་བདེན་དཔང་བྱས། དབང་ག་གེ་མོས་ཚེ་རིང་ག་གེ་མོ་ལ་རྨས་སྐྱོན་སྐྱིན་ཚབ་སྤྲོད་དགོས་པའི་རེ་འདུན་བཏོན་མོད།  ཚེ་རིང་ག་གེ་མོས་ཐེངས་འདིའི་རྨས་སྐྱོན་ནི་ཁང་བདག་ཀླུ་ག་གེ་མོའི་ཁང་པར་མཛེས་བཟོ་བྱེད་དུས་བྱུང་བ་ཡིན་པས་ཀླུ་ག་གེ་མོས་སྐྱིན་ཚབ་བརྒྱབ་ན་འགྲིག་པར་འདོད། ཁོ་ཚོ་གྲོས་མཐུན་མ་བྱུང་བས་དབང་ག་གེ་མོས་ཁྲིམས་རྩོད་པར་རྨས་སྐྱོན་འདི་ལ་དོན་དམ་དུ་སུས་སྐྱིན་ཚབ་རྒྱག་འོས་པའི་སྐོར་གྱི་ཁྲིམས་ལུགས་འགན་འཁྲི་འདྲི་རྩད་བྱས།
          ཁྲིམས་རྩོད་པའི་དབྱེ་ཞིབ།
          གྱོད་དོན་འདིའི་ནང་དུ་དབང་ག་གེ་མོའི་གླ་ཕོགས་ཚེ་རིང་ག་གེ་མོས་བྱིན་པར་མ་ཟད་ཁོའི་བཀའ་ལྟར་ཏུ་ལས་ཀ་ལས་པ་རེད། དེའི་ཕྱིར་དབང་ག་གེ་མོ་དང་ཚེ་རིང་ག་གེ་མོའི་བར་དུ་གླ་པ་དང་གླ་བདག་གི་འབྲེལ་བ་གྲུབ་ཡོད། 《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མི་ལུས་གནོད་སྐྱོན་གྱི་སྐྱིན་ཚབ་དང་འབྲེལ་བའི་ཁྲིམས་ལུགས་བེད་སྤྱོད་ཐད་ཀྱི་གནད་དོན་ཁ་ཤས་ཀྱི་ཁྲིམས་འཛིན་འགྲེལ་བཤད།  》(གཤམ་དུ“ཁྲིམས་འཛིན་འགྲེལ་བཤད”ཅེས་བསྡུ་རྒྱུ་ཡིན།)ཀྱི་དོན་ཚན་བཅུ་གཅིག་པར་ལས་བཟོ་པས་ལས་ཀ་བྱེད་པའི་གོ་རིམ་དུ་མི་ལུས་ལ་རྨས་སྐྱོན་ཕོག་ན་གླ་བདག་གིས་སྐྱིན་ཚབ་འཇལ་བའི་འགན་འཁུར་དགོས་ཅེས་གཏན་ལ་ཕབ་ཡོད་པས། ཚེ་རིང་ག་གེ་མོ་གླ་བདག་ཡིན་པས་ཆ་ནས་སྐྱིན་ཚབ་ཀྱི་འགན་འཁུར་འོས།
          ཀླུ་ག་གེ་མོ་དང་ཚེ་རིང་ག་གེ་མོའི་འབྲེལ་བའི་ཐད་དུ། ཚེ་རིང་ག་གེ་མོས་ཀླུ་ག་གེ་མོའི་ཁང་པ་མཛེས་བཟོའི་ལས་ཀ་འགན་སྒྲུབ་བྱས་པ་དང་། ཀླུ་ག་གེ་མོའི་རེ་བ་ལྟར་ཏུ་ལས་ཀ་ལེགས་འགྲུབ་བྱེད་དགོས་པ་ཡིན། ཁྲིམས་ཀྱི་སྟེང་ནས་འདི་ལ་ལས་ཀ་འགན་སྒྲུབ་ཀྱི་འབྲེལ་བ་ཟེར། གོང་དུ་བརྗོད་པའི་ཁྲིམས་འཛིན་འགྲེལ་བཤད་དོན་ཚན་བཅུ་པའི་གཏན་འབེབས་ལྟར་ན་འགན་སྒྲུབ་བྱེད་མཁན་གྱིས་ལས་ཀ་བྱེད་པའི་གོ་རིམ་ཁྲོད་དུ་ལས་བཟོ་གཞན་ལ་རྨས་སྐྱོན་བྱུང་བའམ་རང་ཉིད་ལ་རྨས་སྐྱོན་བྱུང་ན་འགན་སྒྲུབ་བྱ་ཡུལ་གྱི་མིས་འགན་འཁུར་མི་དགོས་མོད། འོན་ཀྱང་འགན་སྒྲུབ་བྱ་ཡུལ་གྱིས་ལས་བཟོ་པ་འདེམས་པ་དང་ལས་ཀའི་མཛུབ་སྟོན་སོགས་ལ་ནོར་འཁྲུལ་ཡོད་ན་དེ་འབྲེལ་གྱི་འགན་འཁུར་འོས་ཅེས་གཏན་ལ་ཕབ་ཡོད།
          ཀླུ་ག་གེ་མོས་རང་ཁྱིམ་མཛེས་བཟོའི་ལས་ཀ་དེ་མཛེས་བཟོའི་ཆོག་ཡིག་མེད་པའི་ལས་མི་ཚེ་རིང་ག་གེ་མོ་ལ་འགན་བཅོལ་ནས་ལས་ཀ་བྱེད་དུ་བཅུག་པ་རེད། ལས་མི་འདེམས་པའི་གོ་རིམ་དུ་ཀླུ་ག་གེ་མོ་ལ་ཡང་སྐྱོན་ཆ་འདུག་པས། དེ་མཐུན་གྱི་སྐྱིན་ཚབ་འགན་འཁྲི་འཁུར་འོས། དོན་དངོས་ཐོག་ཀླུ་ག་གེ་མོས་སྐྱིན་ཚབ་ཀྱི་བཅུ་ཆའི་གསུམ་ཙམ་འཁུར་འོས།

ཁྲིམས་རྩོད་པའི་གསལ་འདེབས།
          རང་རྒྱལ་གྱི་བཅའ་ཁྲིམས་ཀྱིས་ཁྱིམ་ཚང་མཛེས་བཟོ་ཆུང་གྲས་ཁག་ལ་མཛེས་བཟོ་བྱེད་པའི་ལས་བཟོ་བར་ཆོག་ཡིག་ཡོད་དགོས་པའི་རེ་བ་བཏོན་མེད་མོད། མི་ལུས་ལ་རྨས་སྐྱོན་ཐེབས་ན་མི་དམངས་ཁྲིམས་ཁང་གིས་འབྲེལ་ཡོད་ཁྲིམས་ཀྱི་གཏན་འབེབས་ལྟར་ཁྲིམས་ཀྱི་འབྲེལ་བ་གསལ་པོ་བྱས་ནས་འགན་འཁྲི་སུ་ལ་ཡོད་མེད་གསལ་འབྱེད་བྱེད་ངེས།
          དེ་བས། ལྷན་རྒྱས་ནས་ངེས་པར་གཟབ་དགོས་པ་ཞིག་ལ། ཁྱིམ་ཚང་མཛེས་བཟོ་བྱེད་སྐབས་ཚད་ལྡན་གྱི་མཛེས་བཟོའི་ཆོག་ཡིག་ཡོད་པའི་ཚད་ལྡན་གྱི་ལས་ཁུངས་ལ་འགན་བཅོལ་བྱེད་དགོས། དེ་ལྟར་བྱས་ན་རང་ཉིད་ལ་དགོས་མེད་ཀྱི་རྙོག་དྲ་འབྱུང་མི་སྲིད། གལ་ཏེ་ཉིད་ཀྱིས་རྒྱུ་རྐྱེན་སྣ་ཚོགས་དབང་གིས་ཚད་ལྡན་གྱི་མཛེས་བཟོ་ལས་ཁུངས་ལ་འགན་བཅོལ་བྱེད་མ་ཐུབ་ན། མ་མཐའ་ཡང་ལས་བཟོ་བར་བསམ་བཞིན་མིན་པའི་མི་ལུས་ཉེན་སྲུང་ཞིག་ཉོས་ན་འགྲིག དེ་ལྟར་བྱས་ན་ཚད་ངེས་ཅན་ཞིག་ནས་ཁྱེད་ཀྱི་ཁྲིམས་འགན་འཁུར་ཚད་ཇེ་དམའ་རུ་གཏོང་ཐུབ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1