༄༅།། ང་ཡི་ཀ་ཁ་འབྲི་ཀློག་གི་དགེ་རྒན་ནི་འབྲོག་པའི་ཕྱུགས་རྫི་གཉིས་ཡིན།

ཁང་གསར་ཚེ་དབང་རིག་འཛིན།​ རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 11-04



མགོ་ལོག ཁང་གསར་ཚེ་དབང་རིག་འཛིན།
        རང་ཉིད་ཅུང་ཆེར་སྐྱེས་རྗེས་དང་ལོ་ན་སྨིན་རྗེས་ཀྱི་དཔེ་དེབ་ཀློག་པ་དང་རྩོམ་ཡིག་འབྲི་བར་མ་བསྐུལ་དང་བླངས་ཀྱི་གོམས་གཤིས་ཤིག་མངའ་བ་འདི་ལས། ཆེས་ཐོག་མའི་ཀ་ཁ་བསླབ་པའི་སྐབས་ཀྱི་བྱིས་དུས་དྲན་འོངས།སྔོན་རྗེས་ཀྱི་དུས་སྐབས་གཉིས་བསྡུར་ན་དངོས་གནས་དགོད་བྲོ་བོ་ཞིག་སྟེ།ལོ་ན་དྲུག་བདུན་ཙམ་གྱི་བྱིས་དུས་སུ་ཀ་ཁ་དང་ཁ་ཏོན་ཀློག་རྒྱུར་སྐུལ་མ་ཤུགས་ཆེན་དགོས་ལ།སྐུལ་མའི་སྟེང་དུ་བཙན་ཤེད་ཀྱང་བཀོལ་དགོས་དུས་མང་།དེ་ལྟའི་སྒོ་ནས་འབྲི་ཀློག་བྱེད་པ་དེའང་དུས་ཚོད་མང་ཕྱོགས་སུན་སྣང་གིས་བཟུང་བཟུང་དུ་ཡོད།སྐབས་དེའི་སྣང་ཚུལ་ལ་འདང་བརྒྱབ་ན་ད་ལྟ་རང་ཉིད་ཡི་གེ་སྦྱངས་མྱོང་བའི་ལས་བྱེད་པ་ཕལ་མོ་ཆེ་ལྟར་དཔེ་ཀློག་ལ་མགོ་བོ་ན་ཞིང་། རྩོམ་ཡིག་འབྲི་བ་ནི་ལྷག་མར་འཛིན་པའི་མི་དག་དང་འདྲ་བོ་ཞིག་ཡིན་ན་ཆོག་མོད།ལྡོག་སྟེ་ཀ་ཁའི་དུངས་པ་དེ་ཡིག་རིགས་གང་གིས་ཀྱང་བསྒྲུན་དུ་མེད་པར་ཉི་མ་རེ་རེ་བཞིན་གྱི་འཚོ་བའི་བར་སྟོང་ཡོད་ཚད་དབྱངས་གསལ་གྱི་འབྲི་ཀློག་གིས་བསྐྱེལ་ཅིིང་།དེས་ནི་མི་ཚེ་ཟེར་བ་དོན་ལྡན་ཡིན་སྙམ་གྱི་ཞེ་བྲོད་ཅིག་དང་འཚོ་བའི་སྐས་རིམ་རེ་རེར་ཡིད་སྤྲོ་བླ་ལྷག་ཅིག་བསྐྱེད་དང་སྐྱེད་བཞིན་ཡོད།
        ཕྲན་རང་ལོ་ན་དྲུག་ཙམ་སྟེ་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་མགོར་ཀ་ཁ་ཞེས་པའི་ཤོག་བུའི་སྟེང་གི་གཟུགས་རིས་དེར་འབྲེལ་འདྲིས་ཐོག་མར་བྱས་པ་ཡིན།ཆེས་ཐོག་མར་ཀ་ཁ་བསླབ་མཁན་ནི་རང་གི་ཕ་དྲིན་ཆེན་ཏེ་ཉིན་མོ་འབྲོག་ལས་ཁོ་ནར་བྲེལ་ཞིང་།མཚན་མོ་བཟའ་མི་ཚང་མ་སྦྲ་ནང་དུ་མཉམ་འཛོམས་བྱུང་སྐབས།ཡ་དོའི་མདུན་གྱི་མཆོད་སྟེགས་ཀྱི་རྐོང་བུའི་འོད་དང་། ནུབ་ཟས་གཡོ་བའི་ཐབ་མེ་ལམ་ལམ་གྱི་འོད་ལ་བརྟེན་ནས་གླིང་གེ་སར་རྒྱལ་པོའི་སྒྲུང་ཡིག་སོགས་ཀློག་ཅིང་བཤད་པར་དགའ་མཁན་ཁོང་ཡིན།ཁོང་གིས་ང་ལ་ཐོག་མར་ཀ་ཁ་ཁྲིད་དུས་ནི་ཤོག་བུ་ཆུང་ཆུང་ཞིག་གི་སྟེང་དུ་ཞ་སྙུག་གམ་སྣུམ་སྙུག་གིས་བྲིས་ཏེ་བསླབ་པ་ལས།ད་ལྟ་ནང་བཞིན་ལོ་རིམ་དགར་ཞིང་རི་མོས་སྤུད་པའི་དེབ་མཛེས་པོར་བཟོས་པ་ཞིག་གང་ན་ཡོད་དེ་མཐོང་བ་ཕར་ཞོགས་ཐོས་ཀྱང་མ་མྱོང་།དེ་དུས་ངེད་ཚང་ལ་འབྲི་དེབ་དང་སྙུ་གུ་ཡོད་པ་ནི་ཨ་ཕ་ལགས་སྡེ་བའི་ནང་གི་རྩིས་གཉེར་པ་ཡིན་པའི་དྲིན་གྱིས་ཡིན་པ་ལས་ཁྱིམ་ཚང་གང་ཡིན་ལ་ཤོག་བུ་དང་སྙུ་གུ་ནི་གསེར་ལྟར་དཀོན་པ་ཞིག་ཡིན་པ་རྗེས་མར་མ་གཏོགས་མ་ཤེས།དེ་ལྟར་ཨ་ཕ་ལགས་ཀྱིས་བྲིས་པའི་དབྱངས་གསལ་ངོས་འཛིན་དང་སྦྱོར་ཀློག་སོགས་ལ་དུས་ཚོད་ཤིན་ཏུ་ཐུང་ཐུང་ཞིག་ལས་མ་དགོས་པ་འདྲ་སྟེ།ད་ལྟའི་སློབ་ཆུང་ནང་བཞིན་དེབ་དང་པོ་ལ་སློབ་སྐབས་གཅིག་སྟེ་ཟླ་བ་བཞི་བཀོལ་དགོས་པ་ལྟ་བུ་ཞིག་ཡེ་ནས་ཡིན་མ་སོང་།ཡང་ན་རང་ཉིད་ནི་གང་བསླབ་པ་མྱུར་བ་མྱུར་དུ་རྟོགས་འགྲོ་མཁན་ཞིག་ཡིན་པས་ཀ་ཁ་སློབ་དུས་ཨ་ཕ་ལགས་ཀྱིས་རྡུང་བ་ཕར་ཞོགས་ཚིག་རྩུབ་ཅིག་ཀྱང་སྨྲ་མ་དགོས་པར་བདེ་བླག་ངང་ནས་ཤེས་སོང་།དེ་བས་ཕ་མ་ཟུང་དང་ཨ་ཡེས་སོགས་ཀྱིས་བསྟོད་བསྔགས་ཚད་མེད་ཐོབ་ཅིང་ཁོང་ཅག་གི་གདོང་ལ་སྤྲོ་འཛུམ་གནོན་མི་ཐུབ་པ་རེ་རེ་ཡང་ཡང་བསྐྲུན་སོང་།འོན་ཀྱང་ཡི་གེ་ཀློག་ཤེས་རྗེས་ཉིན་རེར་ཡ་ཁྱིམ་གྱི་ཀུམ་སྟན་སྟེང་དུ་བསྡད་ཅིང་རྩམ་སྒམ་མདུན་དུ་བཞག་ནས་སྟེང་དུ་མཆོད་སྒམ་ལས་བླངས་པའི་བཟང་སྤྱོད་དང་།སྒྲོལ་མ་སོགས་ཁ་ཏོན་དེ་དག་བཀླག་ཏུ་འཇུག་པར་སུན་སྣང་ཤིན་ཏུ་ཆེན་པོ་སྐྱེས་མྱོང་། དེ་ཀློག་པ་ལས་རི་སྒང་ཤོད་གསུམ་གང་དུ་རྫི་བོར་སོང་བས་དགའ་ཡང་།མི་ཀློག་ཟེར་རྒྱུར་སྐྲག་ནས་མ་ལྕོགས། ཀློག་ཟེར་ན་ཡེ་ནས་མི་འདོད་པས་དེ་དུས་ཕ་རྒན་གྱིས་ཅུང་ཙམ་སྡིགས་དགོས་པའི་སྐབས་རེ་བྱུང་ལ། སྡིགས་སྐབས་ཨ་ཡེས་དང་ཨ་མ་གཉིས་ངའི་ཕྱོགས་སུ་བུད་ནས་སྐད་ཆ་བཤད་དགོས་པའི་སྐབས་ཀྱང་མི་ཉུང་བ་ཞིག་ཡོད་མྱོང་།
        ལོ་བརྒྱད་ཀྱི་སྟེང་དུ་ང་ཚོའི་སྡེ་བའི་དགུན་ས་དང་དཔྱིད་དུས་སུ་སྦྲ་གུར་སློབ་གྲྭ་ཟེར་བ་ཞིག་ཐོག་མར་འཚོགས། དེ་ནི་རག་རྒན་ཞེས་པའི་ལུང་ཆེན་དེའི་དཀྱིལ་དུ་ཡོད། དཀྱིལ་དུ་འཚོག་དགོས་དོན་ནི།རུ་སྟོད་སྨད་གཉིས་ནས་བྱིས་པ་ཚོ་ཞོགས་པར་སློབ་གྲྭར་འོང་ཞིང་།ཕྱི་དྲོ་ཁྱིམ་དུ་ལོག་དགོས་པས་ཡིན་འདུག དེ་དུས་ཀྱི་དགེ་རྒན་ནི་ང་ཚོའི་སྡེ་བའི་ནང་གི་འབྲོག་པ་ཞིག་སྟེ།མིང་ལ་ཟླ་པེ་ཟེར་བ་ཞིག་རེད།ཁོས་ཐོག་མར་བྱིས་པ་སྣབས་ལུག་ཚོ་ལོ་རིམ་གཉིས་སུ་དགར།ང་དང་ལོ་མཉམ་དང་ང་ལས་ཅུང་ཆེ་བའི་སྐོར་དག་ལོ་རིམ་དམའ་ཤོས་དང་།ང་ལས་ལོ་ན་བཞི་ལྔའི་ཆེ་བ་དག་ལོ་རིམ་མཐོན་པོར་དགར།ལོ་རིམ་མཐོན་པོར་བགོས་པ་དག་ནི་སྔོན་མར་ང་ཚོའི་སྡེ་བ་དང་སྡེ་བ་གཞན་ཞིག་གཉིས་ཀྱི་མཚམས་སུ་འཚོགས་པའི་སྦྲ་གུར་སློབ་གྲྭར་འགྲོ་མྱོང་མཁན་དག་ཡིན་པ་རེད་ཟེར། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས“ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་ཁྱོད་ནི་མཁའ་འགྲོ་ཆོས་སྐྱོང་སྟེ་་་་་་”ཞེས་དང་། རྗེ་བཙུན་ཏཱ་ར་ནཱ་ཐས“ཁྱོད་ནི་མ་དང་ཁྱོད་ནི་ཕ་སྟེ་ཁྱོད་ནི་འགྲོ་བའི་བླ་མ་ཁྱོད་ནི་གཉེན་དང་གྲོགས་བཟང་ཡང་་་་་་”ཞེས་སོགས་གསུངས་པ་དང་རིགས་མཐུན་པར་ང་ཚོའི་དགེ་རྒན་ཟླ་པེ་ལགས་ནི་འཛིན་གྲྭ་གོང་འོག་གཉིས་ཀྱི་བོད་ཡིག་དང་གྲངས་རིག་གཉིས་ཀྱི་བསླབ་བྱའི་དགེ་རྒན་ཡིན་པ་སྨྲོས་མེད་ཀྱི་སྟེང་།འཛིན་གྲྭ་གཉིས་ཀྱི་འཛིན་བདག་དགེ་རྒན་དང་།ལུས་རྩལ་དགེ་རྒན།གླུ་དབྱངས་ཀྱི་དགེ་རྒན།སློབ་གཙོ།སློབ་སྟོན་ཀྲུའུ་རེན་སོགས་ཡོད་ཚད་གཅིག་ལྕོགས་ཡིན། ཧུ་ཧུ།སྣང་ཚུལ་དེས་ནི་ད་ལྟ་ཕྱིར་འདང་བརྒྱབ་ན་དགོད་ཁ་སློང་བ་ལ།
        སྐབས་དེར་རང་གི་ལག་ཏུ་སྐད་ཡིག་དང་རྩིས་རིག་གི་དཔེ་དེབ་ཡག་པོ་དང་འབྲི་དེབ།ཞ་སྙུག་སོགས་ཆ་ཚང་ཞིག་བཞག་བྱུང་བས་སྤྲོ་བ་གནོན་མི་ཐུབ་པ་ཞིག་བྱུང་།ལྷག་པར་དུ་དེབ་ཀྱི་ངོས་སུ་རི་མོ་འདྲ་མིན་མང་བས་སྣང་བ་རབ་ཏུ་བཀུག་སོང་།གཅིག་ན་རང་ཉིད་ལ་ཨ་ཕ་ལགས་ཀྱིས་སྦྱོར་ཀློག་བསླབ་མྱོང་བ་དང་།གཉིས་ན་རང་ཉིད་རིག་པ་ཤིན་ཏུ་དྭངས་མོ་ཅན་ཞིག་ཡིན་པས་རྩིས་རིག་དང་སྐད་ཡིག་གཉིས་ཆར་བསླབ་པ་ཙམ་གྱིས་དཀའ་ལས་ཅི་ཡང་མེད་པར་ཤེས་འགྲོ། དེ་བས་དགེ་རྒན་ཟླ་པེ་ལགས་ཀྱིས་རང་ལ་པྲ་ཆལ་བྱས་ཏེ་ཐེངས་འགར་སྡིགས་པ་ཙམ་ལས་ཡི་གེ་མ་ཤེས་པར་རྡུང་བ་ཞིག་ལྟ་ཅི་ཚིག་ངན་གཅིག་ཙམ་ཡང་སྨྲ་མ་མྱོང་ལ།ཁོང་གིས་ང་ལ་ཤིན་ཏུ་གཅེས།དེ་དུས་ངོ་མཚར་བའམ་སྙིང་རྗེ་བ་གང་ཡིན་མི་ཤེས་མོད།ཡི་གེ་མ་ཤེས་པར་དགེ་རྒན་གྱིས་རྡུང་ས་དང་སྡིགས་ས་དག་གི་ཚུགས་ཀ་དག་ནི་ད་ལྟའི་བར་དུ་སེམས་ལ་གསལ་ལྷང་ངེར་དྲན་གྱིན་འདུག གང་ལྟར་རང་ཉིད་བྱིས་དུས་ཀྱི་འཇིག་རྟེན་དུ་ཆེས་སྤྲོ་སྣང་ལྡན་པ་དེ་སྦྲ་གུར་སློབ་གྲྭར་འགྲོ་བའི་དུས་ཡིན།དེ་དུས་ན་མཉམ་གྱི་བྱིས་པ་མང་པོ་ལྷན་ཅིག་ཏུ་རྩེ་ཆོག་ཅིང་ལྷན་ཅིག་ཏུ་འཚོ་བ་རོལ་ཆོག རྐུབ་སྟེགས་དང་མདུན་ཅོག་སོགས་ཀྱི་མིང་ཙམ་ཡང་མེད་ལ།ཐ་ན་འཕོངས་གདན་ཙམ་ཡང་མེད་པར་ས་རྗེན་དུ་བསྡད་ནས་ཡི་གེ་སློབ་དགོས་པ་དེ་ད་ལྟའི་འོད་མདངས་བཀྲ་བའི་དེང་རབས་ཅན་གྱི་སློབ་ཁང་ཞིག་ལས་བཅུ་འགྱུར་གྱིས་སྐྱིད་མྱོང་ཞིང་།ངལ་གསོས་པ་ཙམ་གྱིས་སྤང་ཐང་ཡངས་པོར་རྟ་རྒོད་མཐུར་ལས་ཤོར་བ་བཞིན་རྒྱུག་ཆོག དགོད་སྒྲ་དང་འུར་སྒྲའི་ཁྲོད་ནས་བདའ་འདེད་དང་སྦེ་ག་འགྲན་པ་སོགས་ཀྱིས་ཐང་ལ་ཇི་ལྟར་བརྡབས་ནའང་མནན་ན་ནེམ་ཞིང་བཏེགས་ན་འཕར་བའི་རྩྭ་ཕོན་གྱིས་ཕྱུར་བུར་གཏམས་པ་ཞིག་ཡིན་པས་ལུས་ལ་བསྣད་པ་ཐེབས་མི་སྲིད།
        དེ་དུས་དེང་དུས་ལྟ་བུའི་ཕྲག་པ་གཉིས་སུ་ཁུར་ཆོག་ཅིང་།དེབ་དང་སྙུ་གུ་སོ་སོར་སྡུད་ཆོག་པ། ཁ“ཤག”སེར་འཐེན་ནས་ཕྱེ་ཞིང“ཤག”སེར་བསུམ་ཆོག་པ།ཚོན་མདོག་སྣ་ཚོགས་ཤིང་དབྱིབས་མཛེས་པོའི་དཔེ་ཁུག་འདི་རིགས་ག་ལ་ཡོད།ངའི་ཕ་ལགས་ནི་ལག་བདེ་བོ་ཅན་ཞིག་ཡིན་པས་སྡེ་བའི་ནང་གི་ཁྱིམ་ཚང་མང་པོས་གྱོན་པ་སོགས་བཅད་བཟོར་འབོད་འགྲོ་བ་ཞིག་ཡིན།དེ་བས་ཕ་ལགས་ཀྱིས་ང་ལ་གསོ་རས་དཀར་པོའི་ཁུག་མ་གྲུ་བཞི། དེབ་དང་ཞ་སྙུག་སོགས་མཉམ་གཅིག་ཏུ་སྡུད་ཆོག་ས།ལུང་བུ་རིང་པོ་གཅིག་སྟེ་བོའུ་ཁུར་ཁུར་རམ་སོག་ཐག་བྱས་ཏེ་ཁུར་ཆོག་པའི་དཔེ་ཁུག་ཅིག་བཟོས་ཡོད།སློབ་གྲོགས་ཕལ་མོ་ཆེར་ཡང་ངའི་དཔེ་ཁུག་ལྟ་བུའི་བཟོ་ཁྱད་ཡག་པོ་མེད་ཀྱང་རིགས་འདྲ་བའི་ཁུག་མ་ཚི་སྟུག་རེ་ཡོད་པ་དྲན་ཞིང་།ལ་ལ་ཞིག་ལ་ཁུག་མ་མེད་པར་སློག་པའི་རུམ་ལ་བཅུག་ནས་འགྲོ་གྱིན་ཡོད།དེས་ནི་དེབ་དག་གི་སྣེ་མོ་ཡོད་ཚད་ལུག་རྫིའི་སློག་པའི་གོང་བ་དང་འདབ་ཁ་བཞིན་ཕྱི་ནང་བསྒྱུར་ཅིང་ཤིན་ཏུ་རལ་པོར་བཟོས་ཡོད་པའང་དྲན།
        ངེད་ཚང་གི་མཆོད་སྒམ་ནི་ཤིན་ཏུ་ལྕི་མོ་སྣེ་ཙམ་ཡང་འགྱོགས་དཀའ་བ་ཞིག་ཡིན།དེའི་ནང་དུ་སྐུ་ཆུང་ཆུང་འགའ་རེ་དང་ཐང་ཀ མདའ་དར།རྐོང་བུ།འཐེབ་བདུན་ཚར་གཅིག རྟེན་རྫས་རྩ་ཆེན་ཅིག་ཅིག་རེད་ཟེར་བའི་སྐོར།དཔེ་ཆ་སྣ་རིང་འགའ་ཡོད་པ་ཐུམ་གྱིས་བཏུམས་ཡོད་པས་ཅི་ཞིག་ཡིན་མཉམ་པར་མ་བཞག་པ་ཕུད།གཞན་དག་ནི་གླིང་གེ་སར་རྒྱལ་པོའི་སྒྲུང་དེབ་མང་པོ་དང་། 《དྲི་མེད་ཀུན་ལྡན་གྱི་རྣམ་ཐར》《ཚངས་དབྱངས་རྒྱ་མཚོའི་མགུར་གླུ》《མི་རོ་རྩེ་སྒྲུང》《ཆུ་ངོགས་གཏམ་རྒྱུད》《སྣང་ས་འོད་འབུམ་གྱི་རྣམ་ཐར》《མི་དབང་རྟོགས་བརྗོད》ཟེར་བ་སོགས་མང་པོ་ཞིག་ཡོད་མོད།དེ་དག་ལས་རང་གིས་ཆེས་ཀློག་འདོད་པའམ་ཅུང་གོ་བ་ལོན་ས་ནི་གླིང་སྒྲུང་དག་ཡིན།སློབ་གྲྭ་འཚོག་རྒྱུ་མེད་པའི་དབྱར་དང་སྟོན་གྱི་དུས་དག་ཏུ་རང་ཉིད་རི་སྒང་དུ་རྫི་བོར་འགྲོ་བའི་སྐབས་སུ་སྒྲུང་དེབ་རེ་ཁུག་མར་བཅུག་ཅིང་།སློག་པའི་རོ་སྟོད་ནང་དུ་བཅུག་ནས་ཁྱེར་བ་ཡིན།རི་སྒང་ནས་དེབ་ཀྱི་ངོས་ལ་སེམས་གཡེང་ནས་ལུག་ཁྱུ་གཞན་ལ་འདྲེས་པ་དང་།སྤྱང་ཀིས་བསད་པ།ནོར་བོར་བ་སོགས་ཐེངས་མི་ཉུང་བ་དང་འཕྲད་མྱོང་།དབྱར་གསུམ་ཤོག་བུ་ཆར་བས་བརླན་པའི་ཉེན་ཁ།དགུན་གསུམ་རི་སྒང་གི་ཙག་རླུང་རྒོད་པས་ཤོག་ངོས་རེ་རེ་བསྒྱུར་བར་ཡང་དཀའ་བ། རླུང་བཙན་པོས་ཤོག་བུ་དར་ལྕེ་བཞིན་ལྡེབ་པ།ཉི་འོད་རྣོན་པོ་ཤོག་དཀར་ངོས་སུ་འཕྲོས་པས་མིག་གཙེ་བ་སོགས་རྫི་བོའི་ཞོར་གྱི་དཔེ་ཀློག་དེ་ནི་ད་ལྟ་བསམ་བློ་བཏང་ན་ཤིན་ཏུ་དཀའ་ལས་ཅན་ཞིག་ཏུ་འདུག་ནའང་། 
སྐབས་དེ་དུས་སུ་དཀའ་སྣང་ཕར་ཞོག་བསྐྱུར་མི་ཐུབ་པའི་བདེ་སྐྱིད་ཅིག་ཡིན་སོང་།དེ་དང་བསྡུར་ན་ད་ལྟའི་བྱིས་པ་ཡིག་སློབ་ཚོ་ནི་ཁང་པ་གཙང་མའི་ནང་དུ་མདུན་ཅོག་རྐུབ་སྟེགས་ཟུང་ལྡན་གྱི་སྟེང་ནས་འབྲི་ཀློག་ཆོག་པས་ཅི་འདྲའི་སྟབས་རེ་བདེ་ཨང་།འགྱུར་བ་འདི་ནི་དངོས་གནས་གནམ་དང་ས་ཡི་བར་ཁྱད་རེད་དོ། །
        གླིང་སྒྲུང་དཔེ་ཀློག་གི་ཁྲོད་ནས་རང་ཉིད་གེ་སར་དང་ཁྲོ་ཐུང་སོགས་ཀྱི་རྫུ་འཕྲུལ་ལྟ་བུ་ཅན་ཞིག་ཏུ་འགྱུར་ན་སྙམ་པ་དང་།མདའ་མདུང་གྲི་དང་ཤེད་ཤུགས་སོགས་ཀྱི་རྩལ་དགུ་བླ་ན་མེད་པ་ལྡན་པའི་དཔའ་རྟུལ་དག་གི་གནས་སྟངས་ལྟར་འགྱུར་ན་སྙམ་པ་སོགས་སྟོང་སེམས་ཀྱི་མཁའ་དབྱིངས་ལ་རང་དགར་བསྐྱོད་མྱོང་བའང་ད་ལྟ་བསམས་ན་དྭངས་གཙང་བྱིས་བློ་མ་ཡལ་བའི་བདེ་སྐྱིད་དམ་འཚོལ་སྙེག་ཅིག་ཡིན་སོང་།ད་དུང་ཁྲོ་ཐུང་ཟེར་བ་དང “ཕྱི་མགོ་ནང་བཙོང”ཞེས་པ་ཕལ་ཆེར་དོན་གཅིག་མིང་གི་རྣམ་གྲངས་ལྟ་བུར་བཟུང་བ་དང་། “ཕྱི་དགྲ་བོའི་སྟེང་ལ་བལ་དཀར་ལས་འཇམ་པ། ནང་ཕུ་ནུའི་སྟེང་ལ་ཚེར་མ་ལས་རྩུབ་པ”ཡི་ཁྲོ་ཐུང་སྟེང་ལ་ཁོང་ཁྲོ་གཏིང་ནས་ལངས་མྱོང་། བསམ་བློ་དེ་ནི་རྗེས་མའི་ལོ་ངོ་མང་པོའི་རིང་ལ་འདག་ཏུ་མེད་པའི་དྲེག་པ་སྟུག་པོ་ཞིག་ཀྱང་ཡིན་མྱོང་།
        གང་ལྟར་རྗེས་མའི་རང་གི་མི་ཚེའི་སྟེང་དུ།ལས་དང་སྐལ་བ་བཟང་བས་དགེ་བཤེས་ཆེན་མོ་དང་སློབ་དཔོན་ཆེན་མོ།ཆེད་མཁས་པ་སོགས་རྩོམ་རིག་གཙོ་བོ་ཡིན་པའི་སྣ་མང་རིག་གནས་སློབ་ཁྲིད་གནང་མཁན་ཤིན་ཏུ་མང་པོ་ཞིག་ལ་འཕྲད་སོང་ཞེས་བརྗོད་ན་ཆོག་མོད།ཕ་སྐད་མ་ཡིག་ཏུ་གྱུར་པའི་དབྱངས་གསལ་འབྲི་ཀློག་གི་ཐོག་མའི་དགེ་རྒན་རྣམ་གཉིས་ཏེ།འབྲོག་པའི་ཕྱུགས་རྫི་སྐྱེས་པ་གཉིས་ཀྱི་བཀའ་དྲིན་དང་སྐབས་དེ་དག་གི་བདེ་སྐྱིད་ཀྱི་འཇིག་རྟེན་དེ་ཉིད་ད་ལྟའི་བར་དུ་སེམས་ཀྱི་དྲན་ཤིང་རིང་མོ་ཞིག་ཡིན་སོང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1