༄༅།། ཆུ་བོ་གངྒཱ།

རྩོམ་སྒྲིག་པ།ཡོང་ཁུངས།དུང་དཀར་ཚིག་མཛོད། སྤེལ་དུས། 11-06



ཆུ་བོ་གངྒཱ།

   

   ཆུ་བོ་འདི་གངས་རི་ཏི་སེའི་ལྷོ་ངོས་བྲག་གླང་པོ་ཆེའི་འདྲ་བ་ནས་ཐོན་པ་དང་། <<མངོན་པ་མཛོད>>ལས་ཤར་ཕྱོགས་ཀྱི་བྲག་གླང་པོ་ཆེའི་ཁ་འདྲ་བ་ནས་ཐོན་པ་ཆུ་འགོའི་ཕྱོགས་མཚམས་བཤད་ཚུལ་མི་འདྲ་ཡང་དོན་སྙིང་ཆུ་བོ་གངྒཱའི་ཆུ་མགོ་གངས་རི་ཏི་སེའི་བྲག་གླང་པོ་ཆེའི་ཁ་འདྲ་བ་ནས་ཐོན་པར་བཤད་ཚུལ་གཅིག་མཚུངས་སུ་སྣང་། ཆུ་བོ་འདི་ཇི་ལྟར་འབབ་ཚུལ་ཐད<<ལྷོ་རོང་ཆོས་འབྱུང>>ལྕགས་དཔར་མའི་ཤོག་གྲངས༧༣༦ཡིག་ཆུང་ལས། ཏི་སེའི་ལྷོ་ངོས་བྲག་གླང་པོའི་སྣ་འདྲ་བ་ནས་གངྒཱའི་ཆུ་འགོ་བཙུགས་ཏེ་ནུབ་ཏུ་ཁ་བལྟས་ནས་མ་ཕམ་གྱི་མཚོའི་ནང་གི་དཀྱིལ་གཤགས་ནས་མཚོ་དང་གཙང་པོ་མ་འདྲེས་པར་ལ་དྭགས་ལ་བརྒྱུད་དེ། ཞང་ཞུང་དང་གུ་གེའི་ཡུལ་བར་ནུབ་ཕྱོགས་སུ་འབབ། དེ་ནས་སོ་ཏི་སྦིལ་ལྕོག་དང་གར་ཞའི་ཆུ་རྣམས་བསྡུས་ནས་ལྷོར་འགྲོ། དེ་ནས་རྒྱ་གར་གཞུང་བཞིན་ཤར་དུ་འབབ་སྟེ་ཤར་ཕྱོགས་རྒྱ་མཚོར་འགྲོ་ཞེས་གསལ་ཞིང་། དེ་དང་དེང་སང་དཔར་བསྐྲུན་བྱས་པའི་འཛམ་གླིང་ས་བཀྲ་དང་ཀྲུང་གོའི་ས་བཀྲའི་ནང་བཀོད་པ་གཉིས་ཡོངས་སུ་མཐུན་པར་སྣང་བས་འདིར་དེ་བཞིན་བཀོད་ཅིང་། ཐང་སེན་བླ་མས་མཛད་པའི་རང་རྣམ<<རྒྱ་གར་གཞུང་གི་བཀོད་པའི་དཀར་ཆག>>རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བ་བྲིས་མའི་ཤོག་གྲངས༤༩ལས་ཆུ་བོ་ཡ་མུ་ན་ལས་ཤར་དུ་རྒྱང་གྲགས་བརྒྱད་བརྒྱ་ཙམ་སོང་བ་ན། ཆུ་ཀླུང་གངྒཱ་སྟེ་ཞེང་ལ་ལེ་བར་བཞི་ལྔ་ཙམ། མཐར་རྒྱ་མཚོར་འབབ་པ་དང་ཉེ་བ་ན་ཞེང་ལ་རྒྱང་གྲགས་བཅུ་ལྷག་པ། མདོག་སྔོ་ཞིང་ནག་པ། རྦ་ཀློང་དང་ཀླུ་རིགས་ཀྱི་ཆོ་འཕྲུལ་ཆེ་ཡང་གནོད་པ་མེད་པ། རོ་མངར་ལ་བསིལ་བ། རྡུལ་དང་འདྲེས་མར་རྒྱུ་བས་ཅུང་ཟད་རྙོག་པ། གཏམ་རྒྱུད་རྙིང་པ་ན་ཆུ་བོ་འདིར་ལུས་དང་ཡན་ལག་བཀྲུས་པས་སྡིག་སྒྲིབ་དག་པ་དང་། ལྕེབ་ཏེ་མཆོངས་ན་ལྷའི་བདེ་བ་མྱོང་བར་འགྱུར་བའི་སྐྱེ་བ་ལེན་པར་གྲགས་པས་སྐྱེ་བོ་བླུན་རྨོངས་འགའ་གངྒཱར་མཆོངས་ཏེ་ལྕེབས་བྱེད་པའི་མི་མང་པོ་བྱུང་ངོ་། །ཞེས་གསལ། 

ཆུ་བོ་གངྒཱ།

ཆུ་བོ་གངྒཱ།

ཆུ་བོ་གངྒཱ།

   ཆུ་བོ་འདི་ལ་མངོན་བརྗོད་ཀྱི་གཞུང་མང་པོར་མིང་གི་རྣམ་གྲངས་མང་པོ་བཤད་པ་གཞུང་སོ་སོའི་ནང་གསལ་ཞིང་། རི་གླང་ཆེན་གྱི་ཁ་འདྲ་བ་ནས་འབབ་པའི་དབང་གིས་གླང་ཆེན་ཁ་འབབ་ཅེས་མིང་དུ་བཏགས་པ་དང་། འདི་ལ་ནང་གསེས་ཀྱིས་ཕྱེ་ན་རིགས་གཉིས་ཡོད། གཅིག་ནི་ཛ་ཧཱ་ནུའི་གངྒཱ་སྟེ། དང་པོར་གངས་རི་ཏི་སེའི་སྟེང་དུ་འབབ་པའི་ཆུ་བོ་སྐལ་ལྡན་ཤིང་རྟའམ(བྷ་གི་ར་ཐ)ཟེར་བས་སྤྱན་དྲངས་པའི་གངྒཱ་ནི་གླང་ཆེན་ཁ་འབབ་ལ་ངོས་འཛིན་དགོས་ལ། དེ་ནི་དེང་སང་སར་ཇེ་ལིས་ཞེས་ཀྱང་འབོད་པ་གུ་གེ་ཡུལ་གྱི་སྟོད་རི་གླང་ཆེན་འདྲ་བ་ནས་ཐོན་ཏེ། ཁྱུང་ལུང་། མཐོ་ལྡིང་། རོང་ཆུང་བཅས་བརྒྱུད་དེ་རི་བོ་ཧི་མ་ལ་ཡའི་རི་སུལ་ནས། ཁུ་ནུ་རམ་པུར། སིམ་ལ། ཧི་མ་ཅལ། པན་འཇབ། ཅན་གྷི་གྷཀྲ་བཅས་ནས་ར་ཇེ་སེ་ཐན་བརྒལ་ཏེ་རྒྱ་གར་ནུབ་ཕྱོགས་རྒྱ་མཚོར་འབབ་པ་དེ་ཡིན་ཟེར། གཞན་གཅིག་ཤོས་ནི་དྲང་སྲོང་ཛ་ཧ་ནུའི་རྣ་བ་ལས་སྐྱུགས་པའི་དབང་གིས་ཛ་ཧུའི་བུ་མོར་འབོད་པའི་གངྒཱ་སྟེ་ཡོངས་གྲགས་སུ་ཆུ་བོ་གངྒཱར་འབོད་པ་དེ་ཡིན་ཅིང་། དེ་ནི་ཧི་མ་ལ་ཡི་རི་སུལ་གང་གོ་ཏི་རི་ནས། བྷ་ཝལ། ཧ་གྷ་ཝར། ཝ་ར་ཎ་སི་བཅས་ནས་བི་ཧར་དང་། བྷེ་གོལ་གྱི་གཞུང་གཤགས་ཏེ་རྒྱ་གར་ཤར་ཕྱོགས་ཀྱི་རྒྱ་གར་རྒྱ་མཚོར་འབབ་པ་དེ་ཡིན། འདིའི་ཆུ་འགོ་གང་ནས་འབྱུང་བའི་སྐོར་ལ་བཤད་ཚུལ་མི་འདྲ་བ་སྣ་ཚོགས་ཡོད་ཀྱང་གྲུབ་ཐོབ་ཨོ་རྒྱན་པ་རིན་ཆེན་དཔལ་གྱི་རྣམ་ཐར་ལོ་ཆེན་བསོད་ནམས་འོད་ཟེར་གྱིས་མཛད་པ་ཤོག་གྲངས༡༠༤ཡོད་པ་དེ་དང<<ལྷོ་རོང་ཆོས་འབྱུང>>ལྕགས་དཔར་མའི་ཤོག་གྲངས༧༣༦ནང་གསལ་བ་དེ་གཉིས་བཞེད་པ་གཅིག་མཐུན་དུ་སྣང་།


ཆུ་བོ་གངྒཱ།

ཆུ་བོ་གངྒཱ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1