༄༅།། ཉན་ཤུལ་འཇམ་དབྱངས་གྲགས་པ།

ཨོ་རྒྱན་དོན་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 11-11


སྨྲ་བའི་སེང་ཆེན་ཉན་ཤུལ་འཇམ་དབྱངས་གྲགས་པ་མཆོག་གི་སྐུ་ཚེ་ཧྲིལ་པོའི་མཛད་པ་ཉུང་བསྡུས་སུ་བརྗོད་པ།

ཨོ་རྒྱན་དོན་གྲུབ།       

སྨྲ་བའི་སེང་ཆེན་ཉན་ཤུལ་འཇམ་དབྱངས་གྲགས་པ་མཆོག་གི་སྐུ་ཚེ་ཧྲིལ་པོའི་མཛད་པ་ཉུང་བསྡུས་སུ་བརྗོད་པ།

མདོ་ཁམས་འཛིན་མའི་པང་ནས་མཚན་དཔེ་དེ་བཞད་ཅིང་།།

ཆོལ་གསུམ་དབུ་ནག་ལས་འགན་ཕྲག་སྟེང་ལ་བཞེས་ཏེ།།

གངས་རིའི་ཚེ་སྲོག་གསོ་བའི་ཟུངས་ཁྲག་དེ་འཇོ་ཕྱིར།།

མཛད་འཕྲིན་ཞབས་རྗེས་དྭངས་མ་གངས་ངོས་སུ་ཕབ་སོང་།།

        དེ་ཡང་མཁས་དབང་དམ་པ་ཉན་ཤུལ་འཇམ་དབྱངས་གྲགས་པ་མཆོག་ནི་མདོ་ཁམས་མི་ཉག་རབ་སྒང་གི་སྟོད་ཀྱི་ཆར་གནས་མགར་ཐར་ས་ཆར་མི་རབས་དུ་མར་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་རྒྱུན་མ་ཆད་པར་བྱོན་པའི་འབྲོག་དུད་ཉན་ཤུལ་ཞེས་པའི་ཁྱིམ་རྒྱུད་དུ་རབ་བྱུང་བཅུ་དྲུག་པའི་ལྕགས་སྦྲུལ་སྤྱི་ལོ༡༩༤༢ལོའི་ཟླ་བ་བརྒྱད་པའི་ཚེས་བཅུ་ཉིན་ལ་ཡབ་སྐལ་ལྡན་རྒྱ་མཚོ་དང་། ཡུམ་བསོད་ནམས་དཔལ་སྒྲོན་གཉིས་ཀྱི་སྲས་སུ་མི་ཉག་མཁས་པ་ཀུན་བཟང་བསོད་ནམས་གྱི་གདན་ས་བེ་ལོ་རི་ཁྲོད་ཀྱི་མདུན་ཕྱོགས་སུ་གནས་བདག་ཀོའུ་ལྷ་རྩེ་ཞེས་པས་བདག་ཏུ་བཟུང་བའི་ས་ཆ་བ་དན་སྟེང་ཞེས་པར་ངོ་མཚར་བའི་རྟགས་བཟང་དང་བཅས་པའི་སྒོ་ནས་སྐུ་ཡི་ལང་ཚོ་མངོན་པར་བཞད་པ་དང་། ཟླ་ངོ་གཅིག་གི་སྐབས་ལ་རྣམ་འཇོམ་སྟོང་ཁྲུས་ཐོབ་ཅིང་། མི་ཉག་དཔལ་ལྷ་སྒང་དགོན་གྱི་ཁྲི་པ་འཇམ་དབྱངས་ཐུབ་བསྟན་ཀུན་འཕེལ༼ཁྲི་པ་དབུ་དཀར་མ༽མཆོག་ནས་འཇམ་དབྱངས་གྲགས་པ་ཞེས་པའི་མཚན་གསོལ།། དེ་ནས་དུས་ཡུན་རིང་མ་ལོང་བར་ཉན་ཤུལ་ཚང་ལ་བུ་སྐྱེ་བ་མཐོན་པོ་ཞིག་འཁྲུངས་ཡོད་ཚུལ་གྱི་འཕྲིན་བཟང་དེ་ཡུལ་དེ་ནས་ས་སྟོད་སྨད་བར་གསུམ་དུ་རིམ་བཞིན་ཁྱབ་འགོ་བརྩམས།།

        དགོང་ལོ་དྲུག་ལ་སླེབས་སྐབས། ཞང་བོ་མཁྱེན་རབ་འོད་གསལ་གྱིས་མདུན་ནས་གསལ་བྱེད་སུམ་ཅུ་ལན་གསུམ་ཁྲིད་ཚེ་ཐོགས་མེད་དུ་མཁྱེན་པ་དང་། དེ་ནས་ཉན་ཤུལ་ཚང་གི་སྲོལ་རྒྱུན་བཞིན་འཇམ་དཔལ་བསྟོད་སྒྲུབ་དང་། འཇམ་དཔལ་མཚན་བརྗོད། ཞི་ཁྲོའི་ཐོས་གྲོལ། ཪྙིང་མའི་བཀའ་འབུམ་སྐོར། གདུགས་དཀར་སོགས་བསླབས་པར་ཐོགས་མེད་དུ་མཁྱེན་པས་ཀུན་གྱིས་བསྔགས་བརྗོད་ཀྱི་སྒྲ་དབྱངས་སྒྲོགས་པའི་ཡུལ་ཞིག་ཏུ་གྱུར།། སྤྱི་ལོ1947ལོར་ཟླ་བ་དགུ་པར་མི་ཉག་ཀ་བཞི་དགོན་མི་ཕམ་གླིང་གི་ཆོས་སྒོར་ཞུགས་ཏེ་ཀུན་བཟང་བསྟན་འཛིན་ཞེས་པ་སློབ་དཔོན་དུ་བསྟེན་ཏེ་སློབ་སྦྱོང་གི་མགོ་བཙུགས་ཏེ་བགྲང་བྱ་གསུམ་གྱི་རིང་ལ་རི་བོ་དགེ་ལྡན་པའི་ཆོས་སྤྱོད་མགོའི་དགའ་ལྡན་ལྷ་བརྒྱ་ནས་བཟུང་། མཐར་དཔལ་གསང་བ་འདུས་པ་དང་། གསང་འདུས་རྩ་རྒྱུད། རབ་གནས་དགེ་ལེགས་ཆར་འབེབས་བར་དུ་ཆད་ལུས་མེད་པར་ཚོགས་གྲལ་དུ་བློ་རྒྱུགས་ཕུལ་བར་ཀ་བཞི་ཆགས་དགོན་པའི་བགྲང་བྱ་བདུན་བརྒྱའི་ལོ་རྒྱུས་རིང་ལ་དེ་འདྲའི་དུས་ཐུང་ནས་བློ་རྒྱུགས་སྤྲོད་ཐུབ་པ་བྱུང་མེད་ཅེས་མཚན་སྙན་བླ་རུ་འཕགས།། རང་ལོ་བཅུ་གཉིས་པར་ཉན་ཤུལ་མཁན་པོ་ཐུབ་བསྟན་བསྟན་སྲུང་ཉི་མ་སོགས་ཀྱི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་ཞུས། རབ་བྱུང་བཅུ་དྲུག་པའི་ཤིང་ལུག་སྤྱི་ལོ1955ལོར་དགོངས་ལོ་བཅུ་བཞི་ལ་ཕེབས་སྐབས་དབུས་ལྷ་ལྡན་གྱི་ཞིང་དུ་ཞབས་ཀྱིས་བཅགས་ཤིང་དགའ་ལྡན་ཁྲི་པ་སོགས་གངས་རིའི་སྐྱེས་ཆེན་དུ་མའི་དྲུང་དུ་དབང་ལུང་དང་ཆོས་འབྲེལ་དུ་མ་གསན་བཞེས་གང་ལེགས་མནོས་པ་དང་དཔལ་ལྡན་འབྲས་སྤུངས་དགོན་པའི་ཆོས་གྲལ་དུ་ཞུགས་ནས་གཞུང་ཆེན་བཀའ་པོད་ལྔ་ལ་འབད་པ་ལྷུར་ལེན་གྱིས་སྤྱི་ལོ་1959ལོའི་བར་དུ་ཞུགས། ལོ་དེར་ཕྱིར་ལྷ་སར་ཕེབས་ནས་ཞང་པོ་མཁྱེན་རབ་འོད་གསལ་གྱི་དྲུང་དུ་སུམ་རྟགས་དག་གསུམ་དང་། དབུ་མ་སོགས་ལ་སྦྱང་པ་མཐར་ཕྱིན་མཛད། ལྕགས་ཁྱི་སྟེ་སྤྱི་ལོ1960ལོར་ནས་ལྷ་ལྡན་སྨན་རྩིས་ཁང་དུ་སྨན་སྤྱི་མཁྱེན་རབ་ནོར་བུ་དང་མཁའ་འགྲོ་དབྱངས་དགའ་སོགས་ཀྱི་དྲུང་དུ་གསོ་རིག་རྒྱུད་བཞི་དང་ལག་ལེན་གྱི་སྐོར། སྨན་གྱི་ངོས་འཛིན་གྱི་སྐོར་སོགས་ལ་སྦྱང་བ་དཔྱིས་ཕྱིན་པ་མཛད།

དུས་ཀྱི་སྨག་རྒྱ་འཛིང་བའི་བསྒྲིབས་འོག་ཏུ།།

རིགས་ཀྱི་དྭངས་མ་འདྲེན་པའི་སྒྲོན་མེ་མཆོག།

གངས་ཅན་རིག་པའི་མཛོད་འཆིང་སྡེ་སྣོད་འཛིན།།

བསྟན་པའི་མེ་རོ་གསོ་ཕྱིར་མགོན་དུ་བྱོན།།

        དུས་འགྱུར་སྐབས་ཕྱིར་ཕ་ཡུལ་དུ་བྱོན་ནས་ཡུལ་མི་ཚོར་སྒྲོ་བ་དང་ལྷམ་སོགས་འཚེམ་བཟོ་བྱས་པ་སོགས་འཇིག་རྟེན་ཐུན་མོང་གིས་མཛད་པ་བཞེས་པ་དང་། ཞིང་སྲུང་སོགས་མཛད་ནས་ཞོར་དུ་མེ་ཏོག་རེ་ལྕག་པའི་རྩ་བས་ཤོག་བུ་བླུགས་ཏེ་གཅོད་འཛིན་དང་རང་གྲོལ་སོགས་ཀྱི་ཆོས་དཔེ་པོ་ཏི་འགའ་བྲིས་གཟུགས་སུ་ཕབ། ས་བྱ་སྟེ་སྤྱི་ལོ1968ལོར་ལུང་ཕུག་ཅེས་པར་སྨན་བཅོས་བྱེད་པའི་འགོ་བཙུགས། དེའི་ཕྱི་ལོ་རྡོ་རྔ་རུ་དབུ་མཛད་ཀ་ཐོའི་དྲུང་དུ་སྐར་རྩིས་ལྔ་བསྡུས་དང་། སྒྲ་གཅན། ས་གླང་བརྟགས་ཐབས། དུས་གཟེར་སོགས་ཀྱི་ལག་ལེན་ལ་སྦྱངས་པ་བྱས་ཏེ་ལྷ་ས་སྨན་རྩིས་ཁང་གི་ལོ་ཐོ་མ་བྱུང་བར་བགྲང་བྱ་བདུན་ཙམ་གྱི་རིང་ལ་ཉི་འཛིན་དང་ཟླ་འཛིན་སོགས་ཕབ་པ་དང་བསྟན་རྩིས་རྒྱས་པ་བརྩམས་ནས་འགྲེམས་སྤེལ་གནང་། མེ་འབྲུག་ལོ་སྤྱི་ལོ1976ལོ་ནས་གསེར་ཁ་ཤང་གིས་བོད་སྨན་ཁང་བཙུགས་པར་དེ་གར་གསོ་བྱད་སྨན་གྱི་ཕྱག་ལས་གནང་ནས་བགྲང་བྱ་ཧྲིལ་པོ་དྲུག་ལ་བཞུགས། སྤྱི་ལོ1978ལོར་རང་སྐྱོང་ཁུལ་གྱི་སྨན་རྫས་ཞིབ་བྱ་བར་སྨན་སྣ་བདུན་ཅུ་ལྷག་བསྡུས་པས་སི་ཁྲོན་ཞིང་ཆེན་གྱི་བྱ་དགའ་ཐོབ། སྤྱི་ལོ1980ལོར་ཁྲིན་ཏུའུ་རུ་བོད་རྒྱ་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་གི་བྱ་བར་ཞུགས་པ་དང་། ལོ་དེར་རྟའུ་རྫོང་སྲིད་གྲོས་སྐབས་བཞི་པའི་ཨུ་ཡོན་གྱི་འཐུས་མིར་འདེམས། སྤྱི་ལོ1982ལོར་དཔལ་སྨད་དུ་ཁུལ་འཕྲོད་བསྟེན་སློབ་གྲྭའི་བོད་སྨན་ཚན་ཁག་བཙུགས་པར་གདན་དྲངས་ནས་གསོ་བ་རིག་པའི་སྐོར་གྱི་སློབ་ཁྲིད་ལོ་གཉིས་མཛད་ཅིང་། རྟའུ་མྱི་མཚོ་དགོན་པའི་གྲྭ་པ་བདུན་ཅུ་སོགས་ལ་སུམ་རྟགས་སྐོར་རྒྱས་ཁྲིད་གནང་། སྤྱི་ལོ1984ལོར་རང་སྐྱོང་ཁུལ་གྱིས་དར་མདོའི་དགེ་རྒན་ཟབ་སྦྱོང་འཛིན་གྲྭ་དག་གི་མཛུབ་ཁྲིད་དགེ་རྒན་ལ་གདན་འདྲེན་ཞུས། དར་མདོ་མི་རིགས་དགེ་འོས་སློབ་གྲྭའི་བོད་ཡིག་ཚན་ཁག་གི་འགན་ཁུར་བའི་ཐུགས་འགན་བཞེས་པ་དང་རྒྱལ་ཡོངས་བོད་ཡིག་མཐོ་རིམ་སློབ་འབྲིང་གི་སློབ་གཞི་ཞིབ་བཤེར་དང་ལྗོངས་ཞིང་ལྔའི་མཉམ་འབྲེལ་སློབ་དེབ་ཞིབ་བཤེར་སོགས་ཀྱི་མཛད་པ་བསྐྱངས། སྤྱི་ལོ1989ལོར<<མངོན་བརྗོད་ཀྱི་བསྟན་བཅོས་རྒྱ་མཚོའི་ཆུ་ཐིགས་ཀྱི་འགྲེལ་བ་ཀུ་ཤུའི་ཆུན་པོ>>བརྩམས་ཤིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཏེ་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གཉིས་ཀྱི་དགེ་འོས་སློབ་གྲྭ་བཞིས་སློབ་དེབ་ཏུ་བཀོལ། དར་མདོ་མི་རིགས་དགེ་འོས་སློབ་གྲྭའི་བོད་སྐད་ཀྱི་རྒྱང་སྒྲོག་གསར་དུ་བཙུགས་པར་སྒྲ་གདངས་སོགས་ཁྲིད་པ་དང་། སྒྲ་ཐག་གཉིས་ལ་སྒྲ་བླུགས་ཏེ་སློབ་གཞི་རུ་བཀོལ། སྤྱི་ལོ1993ལོར་མཐོ་རིམ་དགེ་རྒན་ཆེན་མོའི་མཚན་སྙན་ཐོབ། སྤྱི་ལོ1995ལོར་བརྡ་སྤྲོད་པའི་བསྟན་བཅོས<<སུམ་རྟགས་རྣམ་བཤད་ཆུ་བོ་གཅིག་འདྲེས>>བརྩམས་ཤིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་དུ་བསྐྲུན་ནས་དགེ་འོས་སློབ་གྲྭའི་སློབ་དེབ་ཏུ་བཀོལ། སྤྱི་ལོ1997ལོར<<བོད་ཀྱི་ལོ་རྒྱུས་དང་ས་ཁམས་ལས་འཕྲོས་པའི་གཏམ་བྱིས་པའི་མཛུབ་ཁྲིད>>ཅེས་པ་བརྩམས་ཏེ་དགེ་འོས་སློབ་གྲྭའི་སློབ་དེབ་ཏུ་བཀོལ་པ་དང་སི་ཁྲོན་བོད་རིག་པ་ཞིབ་འཇུག་ཁང་གི་ཁོང་མིར་འདེམས་ཏེ་ཚོགས་འདུར་ཐེངས་དུ་མར་ཞུགས། སྔ་ཕྱིར་མཚོ་སྔོན་སློབ་གསོ་སློབ་གླིང་དང་སི་ཁྲོན་མི་རིགས་སློབ་གླིང་གཙོས་པའི་བོད་རིག་པའི་སློབ་གླིང་དུ་མར་འཆད་ཁྲིད་དང་གཟབ་ཁྲིད་གནང་ཞིང་། རྟའུ་མྱི་མཚོ་དགོན་པ་གཙོས་པའི་དགོན་སྡེ་དུ་མར་ཆོས་འབྱུང་དང་ལོ་རྒྱུས་སོགས་གཟབ་ཁྲིད་གནང་བ་དང་། ལས་ཀའི་ཟླ་ཕོགས་ཆུད་ཟོས་སུ་མ་བཏང་བར་མ་འོངས་པའི་གང་ཟག་ལ་ཕན་པར་རེ་བའི་ཐུགས་འདུན་དྭངས་མས་ཀ་བཞི་ཆགས་དགོན་དུ<<གངས་ཅན་རིག་པའི་གཏེརམཛོད་ཁང>>གསར་དུ་བསྐྲུན་ཏེ་དེར་རྒྱལ་བའི་བཀའ་བསྟན་གྱིས་གཙོས་རིས་མེད་སྐྱེས་ཆེན་དུ་མའི་གསུང་པོད་སྟོང་ལྷག་བླུས་ཏེ་ཉར་ཚགས་བྱས། རྗེ་ཉིད་ཀྱིས་སྲོལ་རྒྱུན་གྱི་དཔེ་རིང་ལྟར་དུ་བྲིས་པའི་གསུང་རྩོམ་པོ་ཏི་གསུམ་དང་དེང་རབས་དཔེ་ཆའི་ལུགས་ལུགས་ལྟར་བྲིས་པའི་གསུང་རྩོམ་པོ་ཏི་བདུན་ལྷག་བརྩམས་ཤིང་ཞོར་དུ་ཐོར་རྩོམ་བརྒྱ་ཕྲག་དུ་མ་མཛད་དེ་བོད་ཁམས་ཀྱི་གཞུང་སྒེར་གཉིས་ཀྱི་དུས་དེབ་དུ་བཀོད་པ་དང་། <<རྨི་ལམ་སྒྱུ་མའི་རོལ་རྩེད་སྙིང་པོ་མེད་པའི་ཆུ་ཤིང>>ལ<<སྦྲང་ཆར>>རྩོམ་སྒྲིག་ཁང་ལོ་འཁོར་ཉི་ཤུ་འཁོར་བའི་བྱ་དགའ་ཐོབ་པ་དང་། <<ཚེ་རིང་རྣམ་དྲུག་གི་རྟོགས་བརྗོད་དྲང་སྲོང་དགྱེས་པའི་གླུ་དབྱངས>> ལ<<གངས་དཀར་རི་བོ>>རྩོམ་སྒྲིག་ཁང་ནས་བྱ་དགའ་རིམ་པ་དང་པོ་ཐོབ་པ་སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་དུ་མ་ཐོབ།

        མདོར་ན་རྗེ་དམ་པ་ཁོང་གིས་བགྲང་བྱ་ཉི་ཤུ་ལྷག་གི་རིང་ལ་བོད་སྐད་ཡིག་གི་སྲོག་ཤིང་བརྟན་པོར་འཛུགས་ཆེད་ཉིན་མཚན་ལྟོས་མེད་དུ་ནུས་ཤུགས་རྩལ་སྤྲུགས་ཀྱིས་གངས་འདབས་ཀྱི་ཤེས་ལྡན་པ་སྟོང་ལྷག་སྐྱེད་སྲིང་བྱས་ཏེ་དེ་དག་སྲིད་འཛིན་ལས་ཁུངས་དང་དགེ་རྒན་སོགས་ཀྱི་དཔུང་སྡེ་ནས་རྒྱལ་ཁབ་དང་མི་རིགས་ལ་ཞབས་འདེགས་ཞུ་མུས་སུ་མཆིས། རབ་བྱུང་བཅུ་བདུན་པའི་ལྕགས་འབྲུག་སྟེ་སྤྱི་ལོ་ཉིས་སྟོང་ལོར་ལས་འཁྱུར་ངལ་གསོ་བྱས་པའོ།།

ཉིད་ཀྱི་མཛད་འཕྲིན་ཀློང་ཆེན་ཆུ་ཡི་གཏེར།།

ཡོངས་སུ་བརྗོད་པར་བདག་གི་བློ་མིན་ཕྱིར།།

སྐལ་ལྡན་གདུལ་བྱར་སྐྱོང་བའི་ག་བུར་རྡུལ།།

ཟེགས་མའི་བདུད་རྩི་རྟེན་དུ་དབུལ་བར་བགྱི།།

        ལས་འཁྱུར་ངལ་གསོ་བྱས་རྗེས་རྟའུ་མའུ་ཇོ་དགོན་དང་གསེར་རྒྱལ་སྒོ་སོགས་སུ་ཕེབས་ནས་གཙུག་ལག་ཁང་དང་སྨན་ཁང་གསར་བཞེངས་མཛད་དེ་གྲྭ་སེར་ཇོ་མོ་དུ་མར་གསོ་རིག་རྒྱུན་ཤེས་དང་སྒྲ་རིག་པ་སོགས་ཀྱི་སློབ་ཁྲིད་ལོ་དུ་མར་མཛད་ཅིང་། <<རྗེ་བཙུན་སྒྲོལ་མའི་བསྟོད་པ་ཕྱག་འཚལ་ཉེར་གཅིག་གི་རྣམ་བཤད་དད་ལྡན་དགའ་བ་སྐྱེད་བྱེད་ཨུཏྤལ་དགོད་པའི་འཛུམ་ཟེར>>ཞེས་པ་གསར་དུ་བརྩམས་ནས་པར་དུ་བསྐྲུན་པ་དང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་གསུང་བཞིན་ཁྲིན་ཏུའུ་རུ་ཕེབས་ནས་བགྲང་བྱ་གསུམ་གྱི་རིང་ལ་གསར་བྱུང་ཐ་སྙད<<རིས་མཛོད>>དང<<མིང་མཛོད>>གཉིས་ཀྱི་རྩོམ་སྒྲིག་གི་འགན་བཞེས། དེ་བཞིན་བོད་མདོ་དབུས་ཁམས་གསུམ་གྱི་ས་ཆ་སོ་སོར་ཕེབས་ནས་བོད་ཀྱི་ལོ་རྒྱུས་འཚོལ་ཞིབ་དང་དམངས་ཁྲོད་ཀྱི་རིག་གནས་འཚོལ་བསྡུ་སོགས་ཀྱི་མཛད་འཕྲིན་དུང་གི་ཟླ་བ་སྔར་བཞིན་གསལ་བས། སྤྱི་ལོ2012ལོར<<མདོ་ཁམས་མི་ཉག་རབ་སྒང་གི་བྱུང་བ་རགས་བསྡུས་ལོ་རྒྱུས་ཀྱི་མྱུ་གུ>>ཞེས་བྱ་བའི་གསུང་རྩོམ་པོད་ཆེན་ཞིག་པར་བསྐྲུན་པས་བོད་མདོ་སྨད་མི་ཉག་ར་བ་སྒང་གི་ལོ་རྒྱུས་སྐོར་ལ་སྔར་མེད་ཀྱི་སྟོང་ཆ་ཆེན་མོ་ཞིག་གི་ཁ་བསྐངས་པས་རྒྱལ་ཕྱི་ནང་བོད་ཀྱི་ལོ་རྒྱུས་ཆེད་ཞིབ་པ་དག་གིས་མཐོང་ཆེན་དང་དགྱེས་ཚོར་ཆེན་པོའི་གནས་སུ་གྱུར། དུས་ཀྱི་འཕོ་འགྱུར་གྱི་དབང་གིས་བོད་ཀྱི་ལོ་རྒྱུས་དང་དམངས་ཁྲོད་རིག་གནས་གང་མང་ཉམས་དང་ཉམས་བཞིན་པར་གཞིགས་ནས་དཔེ་རྙིང་རྣམས་བདག་གཅེས་དང་སྲུང་སྐྱོང་། ཁྱབ་སྤེལ་སོགས་ཐུགས་ཀྱི་འགན་འཁྲི་དུ་བཟུང་ནས་བོད་ཡུལ་གྱི་ས་ཆ་སྟོད་སྨད་བར་གསུམ་དུ་སྐུ་དངོས་ཞབས་ཀྱིས་བཅགས་ཤིང་དཔེ་རྙིང་འཚོལ་བསྡུ་སོགས་ཀྱི་བྱ་བའི་མཛད་བཟང་བསྐྱངས་ཤིང་། སྔོན་མར་མི་གང་མང་གིས་མཇལ་མྱོང་མེད་པའི་དཔེ་རྙིང་སྟེ་མི་ཉག་སྙན་ལམ་དགོན་གྱི་སྙན་ལམ་བླ་མ་གྲོ་རས་མཆོག་གིས་བརྩམས་པའི་ཕྱིས་བྱོན་མི་ཉག་མཁས་པ་མི་དྲུག་ལས་བཞི་པ<<དཔལ་ལྡན་བླ་མ་དམ་པ་རྗེ་བཙུན་བློ་བཟང་བསྐལ་བཟང་ཡོན་ཏན་བཟང་པོའི་རྣམ་པར་ཐར་པ་དྲང་སྲོང་བླ་མའི་ཞལ་ལུང>>ཞེས་བྱ་བའི་རྗེ་བསྐལ་བཟང་ཡོན་ཏན་མཆོག་གི་རྣམ་ཐར་གྱི་པར་ཤིང་ཁ་འཐོར་དུ་སོང་བ་དག་གཅིག་བསྡུས་ཀྱིས་ཞིབ་བསྡུར་བྱས་ནས་ཡི་གེར་གཏགས་ཤིང་གསུང་པོད་འདི་ཉིད་སྤྱི་ལོ2016ལོའི་ཟླ་བ་དང་པོར་པར་དུ་བསྐྲུན་ནས་མི་ཉག་རབ་སྒང་གི་དགོན་སྡེ་དང་སློབ་གྲྭ་གང་མང་ལ་གཟིགས་འབུལ་བྱས་ཤིང་དཔེ་རྒྱུན་དཀོན་པའི་རིན་བྲལ་གྱི་གསུང་རྩོམ་འདིའི་རྒྱུན་ལེགས་པར་མཐུད། སྤྱི་ལོ2014ལོར<<མདོ་ཁམས་མི་ཉག་གི་བྱེ་བྲག་ཀ་བཞི་མི་ཕམ་གླིང་གི་སྣོད་བཅུད་ཀྱི་པར་རིས་འདྲེན་བྱེད་བདེ་བའི་དཔལ་སྟེར>>ཞེས་པ་པར་དུ་བསྐྲུན།

        མཛད་འཕྲིན་དེ་དག་གི་ཞོར་དུ་མི་ཉག་དཔལ་སྨད་ས་ཆར་སྒེར་གྱི་བོད་སྨན་ཁང་གསར་བཞེངས་མཛད་ནས་མི་འདོད་ནད་ཀྱིས་མནར་བའི་ཉམ་ཐག་སྐྱེ་འགྲོ་མང་པོར་གསོ་བྱད་སྨན་གྱིས་གསོས་ཤིང་འཆི་བདག་ནད་ལས་ཐར་བའི་གཞན་ཕན་གྱི་མཛད་པ་རླབས་ཆེན་བསྐྱངས། མདོར་ན་རྗེ་དམ་པ་མཁས་དབང་ཉན་ཤུལ་འཇམ་དབྱངས་གྲགས་པ་མཆོག་གིས་སྐུ་ཚེ་ཧྲིལ་པོར་གངས་རིའི་ལུགས་གཉིས་ཀྱི་མཛད་པར་ཕྱག་རྗེས་རླབས་པོ་ཆེ་བཞག་ཅིང་། མཐར་བོད་ས་མོ་ཕག་གི་ལོ་ཧོར་ཟླ་བདུན་པའི་ཡར་ཚེས་དང་པོ་སྟེ་སྤྱི་ལོ2019ལོའི་ཟླ8པའི་ཚེས31ཉིན་གྱི་སྔ་མོར་རྟེན་འབྲེལ་བཟང་པོ་དུ་མ་དང་བཅས་ཏེ་དགོངས་པ་ཆོས་དབྱིངས་སུ་འཐིམས་པའི་ཚུལ་བསྟན་ནས་ཞག་བདུན་གྱི་རིང་ལ་ཆོས་ཉིད་འགྱུར་བ་མེད་པའི་ཀློང་ལ་ཐུགས་དམ་དུ་བཞུགས། ཚེས་བརྒྱད་ཀྱི་སྔ་དྲོར་སྐུ་ཚ་སྐྱབས་རྗེ་འབྲུག་གྲགས་རྒྱ་མཚོ་མཆོག་དང་བླ་མ་དཔལ་ལྡན་དབང་ཕྱུག དགེ་བའི་བཤེས་གཉེན་ཚེ་རིང་ནད་མེད་སོགས་ཀྱིས་ཐུགས་དམ་ལས་བསླངས་ཏེ་ཧོར་ཟླ་བདུན་པའི་ཚེས་དགུ་ནས་བཅུ་གསུམ་བར་དུ་ཀ་བཞི་མི་ཕམ་གླིང་དུ་དད་ལྡན་སློབ་འབངས་ཡོངས་ལ་གདུང་མཇལ་གྱི་སྐལ་བ་བཟང་པོའི་སྒོ་ཕྱེ་ཞིང་། ཧོར་ཟླ་བདུན་པའི་ཚེས་བཅུ་གསུམ་སྟེ་སྤྱི་ཟླ9པའི་ཚེས11ཉིན་གྱི་སྔ་དྲོར་ཁོང་རང་ཉིད་ཀྱི་ཞལ་ཆེམས་ལྟར་ཀ་བཞི་མི་ཕམ་གླིང་གི་གཡས་ཕྱོགས་སུ་དགོན་པའི་དགེ་འདུན་པ་སྤྱི་དང་སྐུ་ཚ་སྐྱབས་རྗེ་འབྲུག་གྲགས་རྒྱ་མཚོ་གཙོས་རིས་མེད་གྲུབ་མཐའ་ཁག་གི་དགེ་འདུན་པ་དུ་མ་ལྷན་འཛོམས་ཐོག་སྐུ་གདུང་ཞུགས་ཕུལ་གནང་བའོ།།

ཁམས་གསུམ་མ་ལུས་ལུས་ཅན་ཐམས་ཅད་ཀུན།།

ཉམ་ཐག་གདུང་བའི་མུན་པ་རབ་བཅོམ་སྟེ།།

བདེ་ཆེན་འོག་མིན་ཆོས་དབྱིངས་ཕོ་བྲང་དུ།།

འདྲེན་པའི་དེད་དཔོན་ཆེན་པོའི་རྒྱུར་གྱུར་ཤོག།

སྐུ་ཚ་རྒྱལ་ལྡོང་ཨོ་རྒྱན་དོན་གྲུབ་ནས་བྲིས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1