ཞི་ཅིན་ཕིང་མི་དམངས་མཁའ་དམག་བཙུགས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བརྗོད་དོན་བྱ་འགུལ་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 11-11


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་མི་དམངས་མཁའ་དམག་བཙུགས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བརྗོད་དོན་བྱ་འགུལ་ལ་ཞུགས་པར་མ་ཟད་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་མཁའ་དམག་བཙུགས་ནས་ལོ་བདུན་ཅུ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་མཁའ་དམག་གི་དཔོན་དམག་ཡོངས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།

        ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་བཅོ་ལྔའི་སྟེང་། ཞི་ཅིན་ཕིང་གིས་པེ་ཅིན་གྲོང་ཁྱེར་ཁྲང་ཕེན་ས་ཁུལ་དུ་ཡོད་པའི་ཀྲུང་གོ་མཁའ་སྐྱོད་རྟེན་མཛོད་ཁང་དུ་གཟིགས་ཞིབ་གནང་བ་དང་དེར་མཐུད་ནས་མཁའ་དམག་བཙུགས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བརྗོད་དོན་འགྲེམ་སྟོན་ལ་གཟིགས་ཞིབ་གནང་། ཁོང་གིས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་ཞོར་དུ་ནན་ཏན་སྒོས་འགྲེལ་བཤད་ལ་ཉན་པ་དང་འབྲེལ་ཡོད་གནས་ཚུལ་ཞིབ་འདྲི་བྱས།

        སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ་ཞི་ཅིན་ཕིང་གིས་ཐོག་མར་མཁའ་དམག་གི་སྔོན་ཐོན་ལས་ཁུངས་དང་དཔའ་བོ་དཔེ་ལེགས་ཅན་གྱི་འཐུས་མི་ལ་མཇལ་འཕྲད་གནང་སྟེ་ཁོ་ཚོས་གཟི་བརྗིད་ལ་གཅེས་སྤྲས་བྱེད་པ་དང་ཡང་འབད་བསྐྱར་འབད་བྱས་ནས་སྔར་ལས་མང་པོའི་གཟི་བརྗིད་བསྐྲུན་དགོས་པའི་སྐུལ་མ་བཏང་།

        ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་ཀྱི་མི་དམངས་མཁའ་དམག་དེ་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་བའི་སྟེང་ལངས་ཡོད་པས། བློ་མཐུན་རྣམས་ཀྱིས་དུས་རབས་གསར་བའི་ཏང་གི་སྟོབས་ལྡན་དམག་དཔུང་གི་དགོངས་པ་ལག་བསྟར་ནན་མོ་བྱེད་པ་དང་དུས་རབས་གསར་བའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་མཐའ་འཁྱོལ་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་། གཟི་བརྗིད་སྲོལ་རྒྱུན་དར་སྤེལ་བྱེད་པ་དང་སྤོབས་པ་ཆེན་པོས་གསར་སྐྲུན་བརྩོན་ལེན་བྱས་ནས། མཁའ་དམག་དེ་འཛམ་གླིང་སྟེང་དུ་སྙན་གྲགས་ཆེ་བའི་མཁའ་དམག་ཞིག་ཏུ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་དགོས་པར་མ་ཟད་སྔར་ལས་མང་ཞིང་སྔ་ལས་བཟང་བ་དང་སྔར་ལས་ཆེ་བའི་གྲུབ་འབྲས་གསར་སྐྲུན་བྱེད་དགོས་ཟེར། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1