ཞི་ཅིན་ཕིང་ནས་ཀེ་རི་སིའི་དེ་སྔའི་ཙུང་ལི་དང་མཇལ་འཕྲད་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 11-14



             ཞི་ཅིན་ཕིང་ནས་ཀེ་རི་སིའི་དེ་སྔའི་ཙུང་ལི་ཆི་ཕུ་ལ་སི་དང་མཇལ་འཕྲད་གནང་བ།
             ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་11ཚེས་12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཏན་སིར་ཀེ་རི་སིའི་དེ་སྔའི་ཙུང་ལི་ཆི་ཕུ་ལ་སི་དང་མཇལ་འཕྲད་གནང་ཡོད། ཞི་ཅིན་ཕིང་གིས། ཆི་ཕུ་ལ་སིས་ཀེ་རི་སིའི་ཙུང་ལིའི་འགན་གནས་བཞེས་རིང་ཀྲུང་གོ་དང་ཀེ་རི་སིའི་མཛའ་གྲོགས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་འབད་བརྩོན་གནང་བར་བསྔགས་བརྗོད་ཞུས་པ་རེད། ཞི་ཅིན་ཕིང་གིས། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འགྲོ་འོང་བར་གཅིག་ནས་ཁེ་ཕན་གླེང་དགོས་ལ། གཉིས་ནས་གཞུང་དྲང་ལ་བརྩི་མཐོང་བྱེད་དགོས། ཀྲུང་གོས་ཀེ་རི་སིའི་སྲིད་གཞུང་ནས་དངུལ་རྩའི་ཉམས་ཉེན་གྱི་ཤུགས་རྐྱེན་ལ་ཁ་གཏད་གཅོག་རྒྱུའི་ཐད་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུས་པ་དང་། རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་མཐའ་གཅིག་ཏུ་གཏོང་བཞིན་ཡོད། ཀེ་རི་སི་དཀའ་ངལ་ལས་གྲོལ་ཞིང་འཕར་སྣོན་སླར་གསོ་ཐུབ་ཁར། ཀྲུང་གོ་དང་ཀེ་རི་སིའི་མཉམ་ལས་ལའང་གྲུབ་འབྲས་ཆེན་པོ་ཐོབ་པ་སྤྱི་དང་། ལྷག་དོན་དུ་པི་ལེ་ཨའེ་ཧྥུ་སི་གྲུ་ཁའི་རྣམ་གྲངས་ལ་འཕེལ་རིམ་གསར་པ་ཐོན་ནས་གཉིས་ཕན་མཉམ་རྒྱལ་བྱུང་བ་མཐོང་བས་ང་རང་དགའ་ཚོར་ཆེན་པོ་བྱུང་། ཀྲུང་གོ་དང་ཀེ་རི་སིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དེས་ཀེ་རི་སིས་ས་ཁོངས་འགྲིམ་འགྲུལ་ཟོག་འདྲེན་གྱི་སྦྲེལ་ཟམ་གཏོད་པའི་དམིགས་འབེན་མངོན་འགྱུར་བྱ་རྒྱུར་ཕན་པ་ཐོབ་རྒྱུ་དང་། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ལ་སྐུལ་འདེད་ཐེབས་ནས་རྒྱལ་ཁབ་གཉིས་པོའི་འབྱུང་འགྱུར་མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེ་རུ་འགྲོ་རྒྱུར་ཡིད་ཆེས་ཡོད། ཁྱེད་དང་ཁྱེད་རང་ནས་སྣེ་ཁྲིད་པའི་སྲིད་ཏང་གིས་མུ་མཐུད་དེ་ཀྲུང་གོ་དང་ཀེ་རི་སིའི་འབྲེལ་བའི་གོང་འཕེལ་ལ་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
             ཆི་ཕུ་ལ་སིས། ང་རང་ནས་ཀེ་རི་སིའི་ཙུང་ལིའི་འགན་ཁུར་རིང་། ཀེ་རི་སི་ཉིད་བུ་ལོན་གྱི་ཉམས་ཉེན་ནང་ལྷུང་ནས་དཀའ་ངལ་ཆེ་ཤོས་ཀྱི་དུས་སྐབས་དང་འཁེལ་ཡོད། སྐབས་དེ་དུས་ཀྲུང་གོས་ཀེ་རི་སི་ཉིད་ཉམས་ཉེན་ལ་གྲོལ་བ་བྱ་རྒྱུར་རོགས་རམ་གནང་བྱུང་། དཀའ་བའི་དུས་སུ་བརྩེ་བ་ངོ་མ་མཐོང་ཞེས་པ་བཞིན། ཀེ་རི་སིའི་མི་དམངས་ཀྱིས་ཀྲུང་གོའི་ཟོལ་མེད་རོགས་སྐྱོར་ནམ་ཡང་སེམས་ཁོངས་སུ་བཞག་སྟེ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོའི་མི་དམངས་ཉིད་གྲོགས་པོ་བཟང་པོར་བརྩི་རྒྱུ་ཡིན། ཀེ་རི་སིའི་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོར་ཚད་མཐོའི་བསྔགས་བརྗོད་ཞུ་རྒྱུ་དང་། བར་ཐག་རིང་འབྲིང་གི་མཚོ་ཐོག་སྐྱེལ་འདྲེན་གྱི་པི་ལེ་ཨའེ་ཧྥུ་སི་གྲུ་ཁའི་རྣམ་གྲངས་ལ་གྲུབ་འབྲས་བཟང་པོ་ཟམ་མིད་པར་ཐོབ་བཞིན་པ་མཐོང་དུས་དགའ་ཚོར་ཆེན་པོ་སྐྱེ་ཡིའདུག ང་རང་དང་ང་རང་ནས་སྣེ་ཁྲིད་པའི་སྲིད་ཏང་གིས་ཀྲུང་གོའི་གུང་ཁྲན་ཏང་བར་གྱི་ཏང་སྤྱིའི་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུ་དང་། མུ་མཐུད་དེ་ཀེ་རི་སི་དང་ཀྲུང་གོ་དང་། ཡོ་རོབ་དབུས་ཤར་དང་ཀྲུང་གོའི་འབྲེལ་བའི་གོང་འཕེལ་ཐད་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
             ཏིང་ཞུའེ་ཞང་དང་། ཡང་ཅེ་ཁྲེ། ཝང་དབྱི་སོགས་མཇལ་འཕྲད་ནང་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1