༄༅།། ལོ་རྒྱུས་བྱ་བའི་བརྡ་དོན་དང་འབྲེལ་བའི་ཐ་སྙད་འགའི་རགས་འགྲེལ།

རྨེ་རུ་ཡུལ་ལྷ་ཐར། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 11-19



 རྨེ་རུ་ཡུལ་ལྷ་ཐར།
[ནང་དོན་གནད་བསྡུས།]དཔྱད་རྩོམ་འདིའི་ནང་བོད་ཀྱི་ལོ་རྒྱུས་ཡིག་ཚང་བྱུང་འཕེལ་གྱི་བརྒྱུད་རིམ་ཁྲོད། ལོ་རྒྱུས་བྱ་བའི་མ་གཞིའི་བརྡ་ཆད་འདི་ལ་གོ་བ་ལེན་སྟངས་གཏན་འཁེལ་བ་ཞིག་བྱུང་ཡོད་ཚུལ་དང་།  དེ་འབྲེལ་གྱི་ཐ་སྙད་མི་འདྲ་བ་ལ་ཡང་སྐད་ཆའི་གནས་སྐབས་མི་འདྲ་བའི་ཁྲོད་གོ་བ་ལེན་སྟངས་མི་འདྲ་བ་ཡོད་སྐོར། དེ་བཞིན། དེང་རབས་ལོ་རྒྱུས་རིག་པ་དང་ལོ་རྒྱུས་དཔྱད་བརྗོད་བྱ་བའི་བརྡ་ཆད་འདི་དག་ཀྱང་བོད་ཀྱི་ལོ་རྒྱུས་རིག་པའི་རིག་གཞུང་གེ་ལེ་ལག་བསྐྲུན་པ་ལ་མེད་ཐབས་མེད་པ་ཞིག་ཡིན་ཚུལ་སོགས་ཀྱི་སྐོར་གླེང་བརྗོད་བྱས་ཡོད།
[བརྡ་ཆད་གཙོ་བོ།] ལོ་རྒྱུས། སྒྲུང་། རབས། ལོ་རྒྱུས་རིག་པ། ལོ་རྒྱུས་དཔྱད་བརྗོད།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]K874
[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2018)0] -011 -08   
             ལོ་རྒྱུས་དང་འབྲེལ་བའི་དཔྱད་པ་ཡོད་མེད་ནི་མི་རིགས་ཤིག་ལ་མཚོན་ན་ལོ་རྒྱུས་རིག་གཞུང་དར་འཕེལ་བྱུང་ཡོད་མེད་ལ་བརྟག་པའི་ཚད་གཞི་གཙོ་ཆེ་བ་ཞིག་ལགས་ཤིང་།  མི་རིགས་ཤིག་ལ་ལོ་རྒྱུས་ཀྱི་དཔྱད་པའི་རྣམ་པ་རྒྱུན་རིམ་ལྡན་ཞིང་དཔྱད་ཐབས་སྣ་མང་ཞིག་མཆིས་པ་ཡིན་ན། མི་རིགས་གང་དེའི་ལོ་རྒྱུས་རིག་གཞུང་ནི་གཞུང་ལུགས་ཀྱི་ཆ་དང་རྩོམ་འབྲིའི་ལག་ལེན་གྱི་ཆ་ནས་ཚད་མཐོན་པོར་སོན་ཡོད་པ་རྒྱུ་འབྲས་ཀྱི་འབྲེལ་བས་ཤེས་ནུས། སྤྱིར་བཏང་ཡིག་རིགས་མི་འདྲ་བར་ལོ་རྒྱུས་ཀྱི་བསྟན་བཅོས་དང་ཡིག་ཆ་ཡོད་པ་ཁོ་ནས་ཡིག་རིགས་གང་དེ་མངའ་བའི་མི་རིགས་དེར་དེ་འབྲེལ་གྱི་ལོ་རྒྱུས་རིག་གཞུང་གི་རིག་ཚན་ཕུན་སུམ་ཚོགས་པོ་ཡོད་པ་ཐད་ཀར་མཚོན་མི་ནུས་རུང་། གལ་ཏེ་ཡིག་རིགས་ཤིག་ལ་ལོ་རྒྱུས་ཀྱི་རྣམ་པ་ཤུགས་ཆེར་འབྱུང་གིན་ཡོད་ཚེ། ཡིག་རིགས་དེ་ཉིད་ཀྱི་བདག་པོ་མི་རིགས་དེར་ལོ་རྒྱུས་རིག་གཞུང་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་ཚད་མས་གྲུབ།   
             བོད་མི་རིགས་མཚོན་ན། མ་མཐར་ཡང་སྤྱི་ལོའི་དུས་རབས་བདུན་པའི་ནང་དེང་སྐབས་སྤྱི་མཐུན་དུ་བེད་སྤྱོད་བྱེད་པའི་བོད་ཡིག་འདི་བྱུང་བ་ཡིན་པས། ལོ་རྒྱུས་འཁོད་པའི་ཟིན་ཐོའང་དུས་དེ་ཙམ་ནས་བཟུང་བྱུང་བ་ཡིན་ཞིང་། ལོ་རྒྱུས་ཀྱི་རིག་གཞུང་ཡང་དུས་དེ་ཙམ་ནས་འཕེལ་རྒྱས་འགྲོ་བའི་དབུ་བརྩམས་པ་ཡིན། དེས་ན་བཙན་པོའི་རྒྱལ་རབས་ཀྱི་དུས་ལ་ལོ་རྒྱུས་ཀྱི་བྱུང་བ་འཁོད་པའི་ཡིག་ཚང་ཐོག་མར་བྱུང་བ་ནས་དུས་ད་ལྟ་ལ་ཐུག་གི་བར་བོད་མི་ཤེས་ལྡན་པ་དག་གིས་ལོ་རྒྱུས་ཀྱི་སྣང་ཚུལ་འདྲ་མིན་སྣ་ཚོགས་བོད་ཡིག་ཏུ་བཀོད་ཡོད་པ་དང་།  དེར་དབྱེ་ཞིབ་གདེང་འཇོག་དང་དཔྱད་བརྗོད་འདོར་ལེན་བས་པའི་ཆའང་ཧ་ཅང་མང་དུ་བྱུང་ལ། དེ་འབྲེལ་གྱི་ལོ་རྒྱུས་སྐོར་གྱི་ཡིག་ཆའང་འབེལ་པོ་ཞིག་བྱུང་ཡོད་པ་དེས། བོད་རང་གི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་རིག་གཞུང་གི་མ་ལག་ཅུང་ཆ་ཚང་བ་ཞིག་གྲུབ་ཡོད།   
             བོད་ཀྱི་གནའ་རབས་ལོ་རྒྱུས་རིག་གཞུང་ལ་ཞིབ་འཇུག་བྱེད་པར། གལ་གནད་ཆེ་བའི་རིག་གཞུང་གི་ལས་ཀ་ཇི་སྙེད་ཅིག་རིམ་པ་རིམ་པར་སྒྲུབ་དགོས་ལས། འདིར་བོད་ཀྱི་ཡིག་ཚང་དུ་བྱུང་བའི་ལོ་རྒྱུས་བྱ་བའི་ཐ་སྙད་དང་། དེ་འབྲེལ་གྱི་ཐ་སྙད་གལ་ཆེན་འགའ་ཞིག་སྟེ། དེང་གི་ལོ་རྒྱུས་རིག་གཞུང་སྟེང་གི་བརྡ་ཆད་འགའ་ཞིག་ལ་དབྱེ་ཞིབ་ཀྱིས་སྤྱི་བམ་གྱི་ཐོག་ནས་བོད་ཀྱི་གནའ་རབས་ལོ་རྒྱུས་རིག་གཞུང་གི་འཇུག་ཡུལ་དུ་གྱུར་བའི་ལོ་རྒྱུས་བྱ་བའི་བརྡ་དོན་རྣམ་པར་འགྲེལ་བར་བྱའོ།   
དང་པོ། ལོ་རྒྱུས་དང་དེ་འབྲེལ་གྱི་ཐ་སྙད་གཞན་དག   
             གཅིག ལོ་རྒྱུས་བྱ་བའི་བརྡ་ཆད་ཀྱི་གོ་བ་ལེན་སྟངས།   
             སྤྱིར་བཏང་ནས་བརྗོད་ན། ལོ་རྒྱུས་ཞེས་པ་ནི་མིའི་རིགས་སྤྱི་ཚོགས་ཀྱི་འདས་པའི་དུས་ཀྱི་དོན་རྐྱེན་དང་འགུལ་སྐྱོད་སྣ་ཚོགས་ལ་བརྗོད་པ་དང་། བྱ་དངོས་འཕེལ་འགྱུར་གྱི་གོ་རིམ་ཡོད་ཚད་ལ་ལོ་རྒྱུས་ཞེས་འབོད་པ་ཡིན། ལོ་རྒྱུས་ཞེས་པར་མི་ཆོས་ཚན་རིག་(人文科学)གི་ཁྲོད་སྒྲ་ཡངས་འཇུག་དང་དོག་འཇུག་གི་གོ་བ་ལེན་སྟངས་གཉིས་ཡོད་པ་སྟེ། སྒྲ་ཡངས་འཇུག་གི་གོ་བ་ལེན་སྟངས་ལྟར་ན། འདས་ཟིན་པའི་དུས་ཚོད་ནང་བྱུང་ཟིན་པའི་དོན་དག་ཡོད་ཚད་ལ་གོ་བས། དེ་ཉིད་མིའི་རིགས་ཀྱི་སྤྱི་ཚོགས་ལོ་རྒྱུས་དང་མི་འདྲ་བར་དེ་ལས་རྒྱ་ཆེ་བ་ཡོད་པ་དང་།  སྒྲ་དོག་འཇུག་ལྟར་ན། ཡི་གེ་བྱུང་བའི་རྗེས་ཀྱི་མིའི་རིགས་ཀྱི་ལོ་རྒྱུས་ལ་བརྗོད་ཅིང་།  དེའི་ཡར་སྔོན་གྱི་ལོ་རྒྱུས་ལ་ལོ་རྒྱུས་སྔོན་གྱི་དུས་སྐབས་ཟེར། དེ་ཡང་སྒྲ་དོག་འཇུག་གི་གོ་བ་ལེན་སྟངས་འདི་ཀུན་ལ་གྲགས་ཆེ་བས་རྟོགས་སླ་ཞིང་། སྒྲ་ཡངས་འཇུག་ལྟར་ན། འཇིག་རྟེན་གྱི་ཁམས་ཆེན་པོའི་ལོ་རྒྱུས་དང་སྲོག་ཆགས་ཀྱི་ལོ་རྒྱུས། སའི་གོ་ལའི་ལོ་རྒྱུས་ལྟ་བུའང་ལོ་རྒྱུས་སུ་གཏོགས་པ་ཡིན། དེང་སྐབས་ལོ་རྒྱུས་རིག་པར་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། ལོ་རྒྱུས་རིག་ཚན་ལ་ནང་གསེས་ཀྱི་དབྱེ་བ་མང་དུ་བྱུང་བ་ལས། གོ་ལའི་ལོ་རྒྱུས་(全球史)དང་རང་བྱུང་ཁམས་ཀྱི་ལོ་རྒྱུས་སོགས་མིའི་རིགས་ཀྱི་སྤྱི་ཚོགས་ལས་འདས་པའི་ལོ་རྒྱུས་སྣ་ཚོགས་ལ་ཞིབ་འཇུག་གཏིང་ཟབ་སྤེལ་བཞིན་པ་ནི་དོན་ལ་སྒྲ་ཡངས་འཇུག་གི་ལོ་རྒྱུས་ཡིན།   
             ལོ་རྒྱུས་རིག་ཚན་གྱི་ངོས་ནས་བརྗོད་ན། ལོ་རྒྱུས་ཞེས་པ་ནི་ལོ་རྒྱུས་མཁན་པོས་ཕྱོགས་བསྡུས་དང་དག་སྒྲིག ལས་སྣོན། སྒྲིག་རྩོམ་བཅས་བྱས་པའི་ལོ་རྒྱུས་ཀྱི་ཟིན་ཐོའམ་ཞིབ་བརྗོད་བྱས་རིགས་ལ་གོ་བ་དང་།  དག་སྒྲིག་མ་བྱས་པའི་གདོད་མའི་ཟིན་ཐོར་ལོ་རྒྱུས་ཞེས་མི་བརྗོད། དེ་ཡང་ལོ་རྒྱུས་ཞེས་པར་གོ་བ་རིམ་པ་གསུམ་ཡོད་པ་སྟེ། གཅིག་ནི་མིའི་རིགས་ཀྱི་འདས་པའི་དུས་ཀྱི་བརྒྱུད་མྱོང་བའི་དུས་ལ་ཟེར་བ་དང་། གཉིས་ནི་འདས་པའི་བརྒྱུད་རིམ་ལ་ཞིབ་བརྗོད་བྱེད་པའི་ལོ་རྒྱུས་བསྟན་བཅོས་ལ་གོ་བ། གསུམ་ནི་མིའི་རིགས་ཀྱི་འདས་པའི་བརྒྱུད་རིམ་དེ་ཞིབ་འཇུག་བྱ་ཡུལ་དུ་བྱེད་པའི་ལོ་རྒྱུས་རིག་པར་བརྗོད་པ་བཅས་ཡིན།   
             བྱེ་བྲག་ཏུ།  ལོ་རྒྱུས་ནི་རང་བྱུང་ཁམས་དང་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་འཕེལ་རིམ་ལ་གོ་བ་དང་།  འདས་པའི་དོན་རྐྱེན་ལ་གོ་བ། འདས་དོན་བཀོད་པའི་ཟིན་ཐོར་གོ་བ། ལོ་རྒྱུས་ཚན་རིག་ལ་གོ་བ། ལོ་རྒྱུས་བསྟན་བཅོས་ལ་གོ་བ་བཅས་གོ་བ་ལེན་སྟངས་མི་འདྲ་བ་ལྔ་ཙམ་མཆིས་ཤིང་།  སྐད་ཆ་ཤོད་པའི་གནས་སྐབས་མི་འདྲ་བ་ལས། “ལོ་རྒྱུས་”བྱ་བར་གོ་བ་ལེན་པའི་ཚུལ་ཡང་མི་འདྲ། དེས་ན་ལོ་རྒྱུས་ཞེས་པ་མཐའ་གཅིག་ཏུ་དོན་འདི་ལ་གོ་བ་ཡིན་ཞེས་བརྗོད་དུ་མེད་པར།  གཙོ་བོ་སྐད་ཆ་ཤོད་པའི་གནས་སྐབས་ལ་བསྟུན་ནས་གོ་བ་ལེན་དགོས་པ་ཡིན།   
             དེ་བས། ལོ་རྒྱུས་ནི་འདས་ཟིན་པའི་དོན་དངོས་ལ་བརྗོད་པ་དང་། དེའི་ནང་ནས་ཀྱང་འདས་པའི་དོན་དངོས་ལ་བསམ་གཞིག་དང་བདམ་གསེས་ཡོད་པའི་སྒོ་ནས་འདོར་ལེན་བྱས་པའི་ཟིན་ཐོར་གོ    ལོ་རྒྱུས་ལ་ཆེད་དུ་ཞིབ་འཇུག་བྱེད་པའི་ཚན་རིག་ལ་ལོ་རྒྱུས་རིག་པ་ཞེས་བརྗོད་ཅིང་། ལོ་རྒྱུས་ཚན་རིག་ཅེས་ཀྱང་ཟེར། དེའི་ནང་ལོ་རྒྱུས་དངོས་འདུ་བ་མ་ཟད། ད་དུང་ལོ་རྒྱུས་དངོས་ཀྱི་རྨང་གཞིའི་སྟེང་ཞིབ་འཇུག་དང་ཕྱོགས་བསྡོམས་བྱས་པའི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་། ལོ་རྒྱུས་ཞིབ་འཇུག་གི་ཐབས་ལམ་དང་གཞུང་ལུགས་ལ་ཕྱོགས་བསྡོམས་བྱས་པའི་ནང་དོན་ཡང་འདུ།  སྤྱིར་བཏང་ལོ་རྒྱུས་ལ་རྩོམ་རིག་གི་རྣམ་པར་འགྱུར་བའི་ལོ་རྒྱུས་དང་།  དམངས་ཁྲོད་ཀྱི་རྣམ་པར་འགྱུར་བའི་ལོ་རྒྱུས། ལོ་རྒྱུས་སྨྲ་བ་དག་གིས་བརྟག་ཅིང་དཔྱད་པ་ལས་བྱུང་བའི་ལོ་རྒྱུས་དངོས་བཅས་རིགས་གསུམ་དུ་དགར་ཆོག   
             ལོ་རྒྱུས་ལ་ཚད་གཞི་མི་འདྲ་བའི་ཆ་ནས་དབྱེ་ན།  གཤམ་ལྟར་ཏེ། དུས་ཚོད་ཀྱི་ཆ་ནས། རིམ་བྱུང་ལོ་རྒྱུས་(通史)དང་རིམ་བཅད་ལོ་རྒྱུས།(断代史) དུས་རིམ་ལོ་རྒྱུས་(阶段史)བཅས་ལྟ་བུ་ཡོད་པ་དང་། གནས་ཀྱི་ཆ་ནས།   འཛམ་གླིང་ལོ་རྒྱུས་དང་རྒྱལ་ཁབ་ལོ་རྒྱུས། ས་གནས་ལོ་རྒྱུས་ལྟ་བུ།  མི་སྣའི་ཆ་ནས། སྒེར་གྱི་ལོ་རྒྱུས་དང་གདུང་རབས།  གདན་རབས། མི་རབས། ས་གནས་ཚོགས་སྤྱིའི་ལོ་རྒྱུས།  ཁྱད་པར་ཅན་གྱི་ཚོགས་སྤྱིའི་ལོ་རྒྱུས་ལྟ་བུ་སོགས་རིགས་མི་འདྲ་བ་དུ་མ་ཡོད་ཅིང་། དེ་མིན་ལོ་རྒྱུས་ཀྱི་རིགས་གཞན་པའི་ཆ་ནས། རྩོམ་རིག་སྒྱུ་རྩལ་དང་ཆོས་ལུགས། ལྷ་སྒྲུང་། རོལ་དབྱངས། ཟློས་གར། དམངས་ཁྲོད་གཏམ་རྒྱུད་སོགས་ཡོད་ལ། དེ་དག་ཀྱང་ལོ་རྒྱུས་ཀྱི་རྣམ་པར་སོང་བ་ཡོད།   
             ནུབ་གླིང་དུ་ལོ་རྒྱུས་ཀྱི་ཐ་སྙད་ནི་“history”ཞེས་པ་འདི་ཡིན་ཞིང་།  འདི་ཉིད་ལ་སྐད་ཆའི་གནས་སྐབས་མི་འདྲ་བར་གོ་བ་ལེན་སྟངས་ཀྱང་མི་འདྲ་སྟེ། འདི་ནི་གོང་འཁོད་གོ་བ་ལེན་སྟངས་སྣ་ཚོགས་ཀྱིས་མཚོན་ཐུབ་པ་ཡིན་ལ། རྒྱ་ཡིག་གི་“历史”ཞེས་པ་ནི་ཉེ་རབས་སུ་ཉི་ཧོང་མིས་དབྱིན་ཡིག་གི་“history”ཞེས་པ་བསྒྱུར་བ་ལས་གསར་གཏོད་བྱས་པ་ཞིག་ཡིན་ཞིང་།  ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་བྱུང་།   
             གཉིས། ལོ་རྒྱུས་བྱ་བའི་ཐ་སྙད་ཀྱི་ཁུངས།  
             ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ནས་དབྱེ་ཞིབ་གནང་བ་ལྟར་ན། བོད་དུ་“ལོ་རྒྱུས་”བྱ་བའི་ཐད་སྙད་ནི་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་《ལོ་རྒྱུས་ཆེན་མོ་》བ་བའི་བསྟན་བཅོས་བརྩམས་པ་ནས་བཟུང་བྱུང་བ་ཞིག་ཡིན་མོད།①ཐ་སྙད་འདི་བོད་བཙན་པོའི་རྒྱལ་རབས་ཀྱི་དུས་སུའང་བྱུང་ཡོད་པ་ནི་《སྟོད་ལུང་མཚུར་ཕུ་དགོན་གྱི་རྡོ་རིང་ཡི་གེ་》ལས།“ཞང་ཚེས་པོང་སྟག་བཟང་ཉ་སྟོས། སྟོད་ཀྱི་ལྕང་བུར། གཙུག་ལག་ཁང་བརྩྀགས་པའི་ལོ་རྒྱུས། །རྡོ་རིངས་ལ་བྲྀ་བར༔།  བརྩན་པོའི་བཀའ་གནང་སྟེ་བྲིས་པའ།༔། ②ཞེས་བྱུང་བས་མཚོན་ཞིང་།  རྡོ་རིང་འདི་བཙན་པོ་ཁྲི་གཙུག་ལྡེ་བཙན་ཁྲིར་བཞུགས་དུས་སུ་བཞེངས་པ་ཞིག་ཡིན་པ་རྡོ་རིང་གི་ཡི་གེ་དངོས་ལས་ཤེས་པས།  ཐ་སྙད་འདི་མ་མཐར་ཡང་སྤྱི་ལོ་༨༡༥ནས་སྤྱི་ལོ་༨༤༡ལོའི་ནང་བེད་སྤྱོད་བྱེད་ཀྱིན་ཡོད་པ་རྟོགས་ཐུབ། དེས་ན་“ལོ་རྒྱུས་”བྱ་བའི་ཐ་སྙད་དང་དེའི་བསྟན་དོན་ནི་མ་མཐར་ཡང་སྤྱི་ལོའི་དུས་རབས་དགུ་པའི་ནང་བོད་དུ་བྱུང་ཟིན་པ་ཁས་ལེན་དགོས་སོ།   
             དེ་བཞིན་ཆབ་སྤེལ་ཉིད་ནས་“ལོ་སྒྲུང་”ཞེས་པ་འདི་བོད་བཙན་པོའི་རྒྱལ་རབས་ཀྱི་དུས་སུ་ལོ་རྒྱུས་ཀྱི་ཚབ་ཏུ་སྤྱོད་པའི་ཐ་སྙད་ཅིག་ཡིན་པར་གསུངས་ཏེ། “ཆོས་འབྱུང་ལོ་རྒྱུས་རྙིང་མ་རྣམས་སུ་ལོ་རྒྱུས་ཞེས་པའི་ཐ་སྙད་དེར་དམིགས་སུ་འགྲེལ་པ་བྱས་པ་མ་མཐོང་མོད། ཐ་སྙད་དེའི་ཐོག་མའི་འབྱུང་ཁུངས་ནི”ལོ་སྒྲུང་” ཞེས་པའི་ཐ་སྙད་དེར་གཏུགས་དགོས་པར་མཐོང་”③ཞེས་དང་།  འདིའི་ཁུངས་ནི་བཙན་པོའི་དུས་ཀྱི་བཀའ་གཅིགས་ཡི་གེར་གཏུགས་ཏེ་དེར་“བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུའི་རིང་ལ་ཆོས་བྱུང་བའི་(ལོ་སྒྲུང་)གི་ཡི་གེ་བཀའ་གཅིགས་ཀྱི་ཡི་གེའི་ཟླ་ལ་བཞག་པ་ཕྲ་མན་(ཕྲ་མེན་)གྱིས་བྲིས་ཏེ་གསེར་གྱི་སྒྲོམ་བུར་བསྩལ་ནས་དཔལ་གྱི་བསམ་ཡས་ཀྱི་དཀོར་མཇོད་དུ་བཞག་པ་ལ་དཔེ་བགྱིས་ནས་བྲིས་སོ་”④ཞེས་འཁོད་པར་གསུངས། འོན་ཀྱང་། ཡིག་ཚང་གི་ཁུངས་དངོས་ལ་གཏུགས་སྐབས། ཆབ་སྤེལ་གྱི་ཚིག་དེར་ཞིབ་ཆ་མ་ཐོན་པའི་སྐྱོན་དང་ཁུངས་མ་ཇི་བཞིན་མ་བཤུས་པའི་སྐྱོན་ཞིག་འདུག་སྟེ། ཚིག་དུམ་དེའི་ཁུངས་དངོས་ནི་《ཁྲི་སྲོང་ལྡེ་བཙན་རིང་ཆོས་མི་བསྣུབ་པའི་ཕྱིར་རྗེ་བློན་མནས་བསྒགས་པའི་བཀའ་གཅིགས་ཀྱི་ཡི་གེ་》གཉིས་ཡོད་པ་ལས་གཉིས་པ་དེར་གསལ་ཞིང་། དེ་ཉིད་ཕྱིས་བདག་ཅག་གི་མཐོང་ལམ་ལས་ཡལ་བ་དཔའ་བོ་གཙུག་ལག་ཕྲེང་བས་ཇི་བཞིན་ལུང་ཁུངས་སུ་དྲངས་གནང་བ་ལས་ལྷག་ལུས་བྱུང་བ་ཡིན། དེ་ཉིད་རྒན་གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་ཡི་གེར་ཕབ་པ་འདི་ལྟར། “གནའ་ད་ཆད་བོད་ཡུལ་དུ་དཀོནད་ཅོག་གསུམ་གྱི་རྟེན་བཅས་ཏེ། སངས་རྒྱས་ཀྱི་ཆོས་མཛད་པའི་ལོ་དྲུང་གི་ཡི་གེར་བྲིས་པ། སྒྲོམ་བུའི་ནང་ན་མཆིས་པའི་དཔེའ་”ཞེས་བྱུང་།  དེས་ན་ཆབ་སྤེལ་ནས་ལུང་དུ་དྲངས་པ་དེར་ཚིག་འགྲོས་གཅིག་མཐུན་མིན་པའི་སྐྱོན་མཆིས་པའི་སྟེང་། ཆབ་སྤེལ་ནས་དེའི་“ལོ་དྲུང་”ཞེས་པ་“ལོ་སྒྲུང་”ཡིན་དགོས་པའི་བཞེད་ཚུལ་བཏོན་འདུག་པ་གསལ་པོར་རྟོགས་ཐུབ། དེ་ལ་དཔའ་བོ་གཙུག་ཕྲེང་གི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ལྕགས་དཔར་མར།  “གནའ་ད་ཆད་བོད་ཡུལ་དུ་དཀོནད་ཅོག་གསུམ་གྱི་རྟེན་བཅས་ཏེ། སངས་རྒྱས་ཀྱི་ཆོས་མཛད་པའི་ལོ་དྲུང་གི་ཡི་གེར་བྲིས་པ། སྒྲོམ་བུའི་ནང་ན་མཆིས་པའི་དཔེ་”⑤ཞེས་འདུག མ་ཡིག་ངོ་མ་ཅི་ཡིན་རྟོགས་རྒྱུ་གལ་ཆེ་བས། དཔའ་བོ་གཙུག་ཕྲེང་ཁོང་གིས་མཛད་པའི་ཆོས་འབྱུང་ལོ་རྒྱུས་འདིའི་ལག་བྲིས་མ་དང་བསྡུར་བ་ལས་འོས་མ་མཆིས། ལག་བྲིས་མ་ལས་ཐ་སྙད་དེ་སྔར་བཞིན་“ལོ་དྲུང་”ཞེས་བྱུང་བས།  དེར་ཡིད་ཆེས་དགོས་པ་ཆོས་ཉིད་དུ་གྱུར།  འོན་ཀྱང་འདིར་བསམ་དགོས་པ་ཞིག་ནི། དཔའ་བོ་གཙུག་ཕྲེང་གིས་བཀའ་གཅིགས་ཀྱི་ཡི་གེ་དེ་དག་འབྲི་བཤུ་གནང་སྐབས། བོད་བཙན་པོའི་རྒྱལ་རབས་དུས་ཀྱི་ཡི་གེ་ཇི་བཞིན་དུ་བཤུས་གནང་མེད་པ་ནི་ཡིག་གཟུགས་དང་ཡི་གེའི་ཐོབ་ཐང་སོགས་སྐབས་དེའི་ཡིག་ཆ་རྣམས་དང་ཁྱད་པར་ཆེ་བ་ལས་རྟོགས་པས། ཧ་ལམ་དཔའ་བོ་གཙུག་ཕྲེང་མཆོག་ནས་ཁོང་སྐུ་འཚོ་བཞུགས་སྐབས་ཀྱི་སྐད་གསར་བཅད་ཀྱི་ལུགས་དང་བསྟུན་ཏེ་བཅོས་འབྲི་ཕྲན་ཙམ་མཛད་པ་ཞིག་ཡིན་པར་སྣང་།  དེ་འདྲ་ཡིན་ཕྱིན། ང་ཚོས་བཀའ་གཅིགས་ཀྱི་ཕྱི་མོའི་ཡི་གེར་“ལོ་དྲུང་”ངམ་“ལོ་སྒྲུང་”ཞེས་ཅི་འཁོད་རྩོད་པར་ཡང་ཁུངས་རྣམ་དག་ཅིག་མེད་པ་དང་། ཕྱི་མོ་དངོས་ལ་གང་འདྲ་ཐོན་པ་རྟོགས་ཐབས་བྲལ་བ་རེད། རྒྱུ་མཚན་དེའི་ཕྱིར་ན། “ལོ་སྒྲུང་”ཞེས་པ་བཙན་པོའི་རྒྱལ་རབས་ཀྱི་དུས་སུ་“ལོ་རྒྱུས་”ཀྱི་ཚབ་ཏུ་སྤྱོད་ཀྱི་ཡོད་མིན་ད་དུང་ཁ་གསལ་ཞིག་སྒྲུབ་མི་ཐུབ་པས། བོད་བཙན་པོའི་རྒྱལ་རབས་ཀྱི་དུས་མཇུག་ལ་“ལོ་རྒྱུས་”ཞེས་པའི་ཐ་སྙད་བྱུང་ཡོད་པ་བཞིན་ཐ་སྙད་འདི་སྐབས་དེར་ཡོངས་ཁྱབ་ཏུ་སྤྱོད་ཀྱིན་ཡོད་པར་ཚོད་དཔག་བྱས་ན་འགྲིག་པར་སྣང་ངོ་།   
             གསུམ། ལོ་རྒྱུས་ཀྱི་དོན་མཚོན་པའི་ཐ་སྙད་གཞན་དག   
             ཁོ་བོའི་བསམ་པར།  བོད་དུ་ཐོག་མའི་དུས་ལ་“སྒྲུང་”ཞེས་པ་ནི་ལོ་རྒྱུས་བྱ་བའི་ཐ་སྙད་ཀྱི་གདགས་གཞི་དང་དོན་གཅིག་པར་འདོད་ཅིང་།  དེ་ཡང་སྔོན་དུས་འདས་པའི་བྱུང་བ་བརྗོད་པའི་ལྷ་སྒྲུང་དང་གཏམ་རྒྱུད། ངག་རྒྱུན། ལོ་རྒྱུས་ཟིན་ཐོ་སོགས་ཡོད་ཚད་ལ་སྒྲུང་གི་ཐ་སྙད་ཀྱིས་འཐུས་པར་བྱེད་པས།  བཙན་པོའི་རྒྱལ་རབས་ཀྱི་ཡར་སྔོན་ལ་སྒྲུང་ནི་ལོ་རྒྱུས་ཀྱི་དོད་དུ་བྱེད་པར་སྙམ། ཕྱིས་བཙན་པོའི་རྒྱལ་རབས་ཙམ་ནས་བཟུང་“ལོ་རྒྱུས་”ཞེས་པའི་བརྡ་ཆད་འདི་བྱུང་ཞིང་བེད་སྤྱད་པ་ལས།  རིམ་བཞིན་བོད་དུ་“ལོ་རྒྱུས་”ཞེས་པ་འདི་རིག་གཞུང་བརྡ་ཆད་གལ་ཆེན་ཞིག་ཏུ་གྱུར་ཏེ། དེང་གི་གོ་བ་ལེན་སྟངས་དང་གཅིག་ཏུ་མཐུན་པའི་རྣམ་པ་འདི་བྱུང་བར་སྙམ།   
             ལོ་རྒྱུས་ཀྱི་ཐ་སྙད་འདི་གཏན་ཆགས་མ་བྱུང་བའི་སྔོན་ལ། གོང་སྨོས་སྒྲུང་ལས་གཞན། “རབས་”ཞེས་པ་འདི་ཡང་ལོ་རྒྱུས་བྱ་བའི་དོན་དང་གཅིག་ཏུ་སོང་བའི་བརྡ་ཆད་ཅིག་ཡིན་པར་སེམས་ཏེ། བོད་ཀྱི་སྔ་དུས་ཀྱི་ལོ་རྒྱུས་ཡིག་ཚང་ཁག་དང་། བོན་འབྲེལ་ལོ་རྒྱུས་ཡིག་ཚང་ཁག་ཏུ་ལོ་རྒྱུས་ཀྱི་ཚབ་ཏུ་“རབས་”ཞེས་པ་འདི་སྤྱོད་པའི་སྣང་ཚུལ་རྒྱུན་པར་མཐོང་ཐུབ་ཅིང་། དེའང་“རབས་”ནི་མ་གཞི་ནས་བྱུང་རིམ་བརྗོད་པའི་ལོ་རྒྱུས་སྟོན་པ་གཞིར་བཅས། བོད་ཀྱི་ཡིག་རྙིང་ཁག་གི་བརྡ་དོན་ལས་ཀྱང་།  “རབས་”ནི་ལོ་རྒྱུས་དང་གཅིག་ཏུ་གྱུར་ཡོད་པ་དཔེར་ན།  གནའ་བོའི་བོད་ཀྱི་ཡིག་རྙིང་ཁག་ཏུ“སྒྲུང་རབས་”ཞེས་པ་དང་“ལྷ་རབས་”ཞེས་པ་མཐའ་དག་ལོ་རྒྱུས་སྟོན་པའི་ཚིག་ཡིན་པ་ལྟ་བུ་དང་། ལྷག་པར་“ལྷ་རབས་”ཞེས་པར་མཆོན་ན། བཙན་པོའི་རྒྱལ་རབས་ཡར་སྔོན་གྱི་ལོ་རྒྱུས་ལ་ཆེད་དུ་འབོད་པའི་བརྡ་རུ་སྤྱད་ཡོད། སྲིད་པའི་བོན་གྱི་ཡིག་རྙིང་ཁག་ཏུ་བོན་ལུགས་ཆོ་གའི་སྐོར་འགོད་སྐབས་“རབས་”ཞེས་པའི་ཚན་པ་མང་པོ་ཞིག་བཀོད་ཡོད་པའང་།  དོན་ལ་ཆོ་ག་དེ་དག་དང་འབྲེལ་བའི་གནའ་བོའི་ངག་རྒྱུན་ལོ་རྒྱུསམ་ཆོན་པའི་སྒྲུང་ཡིན།  
             བོད་གནའ་རབས་སུ། སྤྱིར་བཏང་“རྣམ་ཐར་”ཞེས་པའི་བརྡ་འདི་ཡང་“ལོ་རྒྱུས་”དང་དོན་མཚུངས་སུ་སྤྱོད་ཚུལ་མང་ཞིང་།  མཚམས་རེ་“ལོ་རྒྱུས་”ཞེས་པ་གནས་ཚུལ་ལའང་འཇུག་ལ། ལན་རེ་མཛད་སྤྱོད་དམ་མཛད་རྣམ་ལའང་འཇུག་པ་འདྲ། དེ་བཞིན་“ལོ་རྒྱུས་”ཞེས་པ་ལོ་རྒྱུས་ཡིག་ཆའམ་བསྟན་བཅོས་ལ་འཇུག་པའི་སྐབས་ཀྱང་མཆིས་པ་“ལོ་རྒྱུས་རྙིང་པ་”ཞེས་སྔ་རབས་མཁས་པའི་བསྟན་བཅོས་སུ་མང་དུ་ཐོན་པ་ལྟ་བུས་མཚོན་ཐུབ།  
             བོད་ཡིག་ཏུ སྐབས་རེ་“གཏམ་རྒྱུད་”ཅེས་པ་ལོ་རྒྱུས་ཀྱི་བྱུང་རིམ་ལ་བརྗོད་པའི་དུས་ཀྱང་ཡོད་པས། མཐའ་གཅིག་ཏུ་གཏམ་རྒྱུད་ཡིན་ན་རྟོག་བཟོ་ཁོ་ནས་ཁྱབ་པའམ་རྟོག་བཟོས་བསླད་པ་ཞིག་ཏུ་མཐོང་བར་མི་བྱ་ཞིང་།  ལྷག་པར་ལོ་རྒྱུས་ཡིག་ཚང་ཁག་ཏུ་འདི་དང་ཆ་འདྲ་བའི་ཐ་སྙད་མཐོང་སྐབས་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པའི་རིམ་པ་ལ་གོ་དགོས་པ་ཡིན་ནོ།   བཙན་པོའི་རྒྱལ་རབས་ཀྱི་དུས་སྐབས་སུ། སྐབས་རེ་“གཏམ་གྱི་ཡི་གེ་”ཞེས་པའང་ལོ་རྒྱུས་དང་ཆ་མཚུངས་སུ་ཡོད་དེ། 《འཕྱོངས་རྒྱས་སྟག་རྩེ་ཟམ་སྣེའི་རྡོ་རིང་ཡི་གེ་》ལས།“ཆོས་རྒྱལ་ཆེན་པོས་ཕྲིན་ལས་སུ་ཅི་མཛད་པ་དང་།  དབུག་རྨོག་བརྩན་པོའི་བྱྀན་གྱིས། ཆབ་སྲིད་སྐྱེས་པ་ལས་སྩོགས་པའི་གཏམ་གྱི་ཡྀ་གེ །ཞིབ་མོ་གཅྀག་ནི། གུད་ན་ཡོད་དོ་”⑥ཞེས་ལོ་རྒྱུས་ཞིབ་མོའི་ཚབ་ཏུ་“གཏམ་གྱི་ཡི་གེ་”ཞེས་པ་སྤྱད་འདུག་པས་མཚོན། གཏམ་ཞེས་པའང་གོང་སྨོས་གཏམ་རྒྱུད་དང་མཚུངས་པམ སྐབས་རེ་ལོ་རྒྱུས་ཀྱི་དོད་དུ་སྤྱོད་པ་མཐོང་།    
             གཞན་ཡང་།  བོད་སྔ་རབས་སུ་“ཡི་གེ་”ཞེས་པའང་ལོ་རྒྱུས་དང་དོན་མཚུངས་སུ་སྤྱོད་པའི་ཚུལ་རྒྱ་ཆེ་ཞིང་།  ནང་དོན་ཧ་ལམ་“ཡིག་ཆ་”ཞེས་པ་དང་འདྲ་བའི་ཆ་ཞིག་ཀྱང་མཆིས།   
གཉིས་པ། ལོ་རྒྱུས་རིག་པའམ་ལོ་རྒྱུས་རིག་གཞུང་།   
             མང་མང་གི་གོ་བ་ལྟར་ན། ལོ་རྒྱུས་རིག་པ་བྱ་བ་ནི་ལོ་རྒྱུས་ལ་ཞིབ་འཇུག་དབྱེ་ཞིབ་དང་གཞུང་ལུགས་ཀྱིས་ཕྱོགས་བསྡོམས་བྱེད་པའི་རིག་པ་ལ་བརྗོད་པ་དང་།  རིག་གཞུང་བརྡ་ཆད་ཀྱི་ངོས་ནས་དཔགས་ན། ལོ་རྒྱུས་རིག་པ་ཞེས་པར་ཡང་ལོ་རྒྱུས་དང་མཚུངས་པར་སྒྲ་ཡངས་འཇུག་དང་སྒྲ་དོག་འཇུག་གི་གོ་བ་ལེན་སྟངས་གཉིས་ཡོད་པ་སྟེ། སྒྲ་ཡངས་འཇུག་གི་གོ་བ་ལེན་སྟངས་ལྟར་ན། དེ་ནི་ལོ་རྒྱུས་ལ་དམིགས་ཏེ་བྱུང་ཞིང་ལོ་རྒྱུས་དང་མཉམ་འདྲེས་སུ་ཡོད་པའི་རིག་པ་ཞིག་ཡིན་ལ། མི་རྣམས་ཀྱི་འདུ་ཤེས་ཀྱིས་ཚོད་འཛིན་མི་ནུས་པའི་མིའི་རིགས་ཀྱི་འདས་པའི་སྤྱི་ཚོགས་ཀྱི་དངོས་ཡོད་རྣམ་པ་དང་འཕེལ་རིམ་ལ་བརྗོད་པ་དང་། ལོ་རྒྱུས་སྨྲ་བས་དངོས་སྣང་དུ་ཡོད་པའི་ལོ་རྒྱུས་འཕེལ་རིམ་དང་ཆོས་ཉིད་ལ་ཞིབ་དཔྱོད་འཚོལ་ཞིབ་བྱེད་པའམ་དེ་ལས་ཐོན་པའི་འབྲས་བུ་དག་ལ་གོ་ཞིང་།  སྒྲ་དོག་འཇུག་ལྟར་ན། ལོ་རྒྱུས་སྨྲ་བས་དངོས་སྣང་དུ་ཡོད་པའི་ལོ་རྒྱུས་འཕེལ་རིམ་དང་ཆོས་ཉིད་ལ་ཞིབ་དཔྱོད་འཚོལ་ཞིབ་བྱེད་པའམ་དེ་ལས་ཐོན་པའི་འབྲས་བུ་ཁོ་ནར་གོ   སྒྲ་དོག་འཇུག་གི་ལོ་རྒྱུས་དེ་ནི་དོན་ལ་ཤེས་རིག་གསར་གཏོད་ཀྱི་ལག་ལེན་ཞིག་དང་།  ཤེས་རིག་གསར་གཏོད་ཀྱི་ལག་ལེན་ལས་ཐོབ་པའི་འདུ་ཤེས་རྣམ་པའི་དོན་ཅན་་ཞིག་ཡིན་ལ། དེ་ནི་ལོ་རྒྱུས་དང་ཚན་རིག  མཚན་ཉིད་རིག་པ། མི་གཤིས་རིག་པ། དུས་བར་བཅས་ཁག་ལྔ་མཉམ་འདུས་ལས་གྲུབ་པ་ཞིག་ཏུ་འདོད།  
             ལོ་རྒྱུས་རིག་པའི་གཞུང་ལུགས་དང་འབྲེལ་ཡོད་རིག་ཚན་ནི་ཉེ་རབས་སུ་ནུབ་གླིང་ནས་དར་བ་ཞིག་ཡིན་ཞིང་། ཡོངས་གྲགས་སུ་དུས་རབས་བཅོ་བརྒྱད་པར་བྱོན་པའི་དབྱིན་ཇིའི་ལོ་རྒྱུས་སྨྲ་བ་ཨད་ཏི་ཝོར་ཊེ་པིན་(Edward  Gibbon.吉本,སྤྱི་ལོ་༡༧༣༢ནས་༡༧༩༤བར་)ནི་ཆེད་ལས་ཅན་གྱི་ལོ་རྒྱུས་སྨྲ་བ་དང་པོ་དེ་ཡིན་པར་སྨྲ།  དེའི་སྔ་རྗེས་ནས་ནུབ་གླིང་དུ་ལོ་རྒྱུས་ཆེད་གཉེར་གྱི་མཁས་པ་མང་དུ་བྱུང་ཞིང་།  ལོ་རྒྱུས་དེ་བསླབ་ཚན་གཙོ་བོ་ཞིག་ཏུ་བྱས་ཏེ་སློབ་ཆེན་སོ་སོར་རྒྱ་ཁྱབ་ངང་སློབ་ཁྲིད་བྱས་པ་ལས། དེང་རབས་ལོ་རྒྱུས་རིག་པའི་རིག་ཚན་གྱི་གཞུང་ལུགས་རིམ་བཞིན་བྱུང་བ་ཡིན།   
             དེང་རབས་ལོ་རྒྱུས་རིག་པའམ་ལོ་རྒྱུས་རིག་གཞུང་ནི། གཙོ་བོ་ལོ་རྒྱུས་ལ་ཞིབ་འཇུག་དང་འགྲེལ་བརྗོད་བྱེད་པའི་རིག་པ་དང་འབྲེལ་ཡོད་གཞུང་ལུགས་ལ་བྱ་བ་ཡིན་ཞིང་། དེང་རབས་མི་ཆོས་རིག་ཚན་(人文学科)གྱི་ཐུན་མོང་མ་ཡིན་པའི་རིག་པ་ཞིག་ཏུ་གྱུར་ཡོད།   
             ཁྱད་གཤིས་ཀྱི་ཆ་ནས་བརྗོད་ན། ལོ་རྒྱུས་རིག་པར་སྤྱི་ཚོགས་ཚན་རིག་དང་མི་ཆོས་རིག་ཚན་གྱི་ཐུན་མོང་ཁྱད་ཆོས་ལྡན་ལ། ཁྱད་པར་ཅན་གྱི་ཚུགས་ཐུབ་རིག་ཚན་ཞིག་ཡིན་པའི་ཆ་ནས། ཞིབ་འཇུག་གི་ཁ་ཕྱོགས་ཡུལ་དང་འགན་ནུས་ལ་སྤྱི་ཚོགས་ཚན་རིག་དང་མི་ཆོས་རིག་ཚན་ལས་ཡན་གར་བའི་ཆའང་མཆིས་ཏེ། མཚན་ཉིད་རིག་པ་དང་བསྡུར་ན། དེར་དམིགས་བསལ་རང་བཞིན་ལྡན་པ་དང་།  སྤྱི་ཚོགས་ཚན་རིག་དང་བསྡུར་ན། ཕྱོགས་བསྡུས་རང་བཞིན་དང་ཧྲིལ་གཟུགས་རང་བཞིན་ལྡན་པ། རྩོམ་རིག་དང་བསྡུར་ན། དོན་དངོས་རང་བཞིན་ལྡན་པ་བཅས།⑦ ལོ་རྒྱུས་རིག་པ་ནི་ཚན་རིག་ཅིག་ཡིན་ཏེ།  དེའི་ཞིབ་འཇུག་བྱ་ཡུལ་དང་ཁ་ཕྱོགས་ཡུལ་ནི་དངོས་དོན་གྱི་རྣམ་པ་ཅན་དང་དངོས་སྣང་ཅན་ཡིན་ལ། འགན་ནུས་ཀྱི་ཕྱོགས་ནས་ལོ་རྒྱུས་ཀྱི་དངོས་མའི་ཆ་དེ་ཕྱིར་མངོན་པར་བྱེད་དགོས་པ་དེ་ཡིན། འོན་ཀྱང་།  ལོ་རྒྱུས་རིག་པ་དེ་ཉིད་མི་ཆོས་རིག་ཚན་གྱི་ཁྱབ་ཁོངས་སུ་གཏོགས་པ་ཞིག་ཀྱང་ཡིན་ཏེ། ལོ་རྒྱུས་རིག་པའི་ཞིབ་འཇུག་འབྲས་བུ་གང་ཞིག་ཡིན་རུང་། མིའི་བསམ་བློའི་འདུ་ཤེས་ཀྱི་རྒྱས་མ་ཐེབས་པ་ཞིག་མེད་ཅིང་། དོན་དངོས་ཐོག་དེ་ནི་འདུ་ཤེས་ཀྱིས་བསྩལ་བའི་འབྲས་བུ་ཞིག་ཏུ་བརྩི་ཆོག དེར་བརྟེན། ལོ་རྒྱུས་རིག་པ་ནི་ཐབས་ཤེས་ཀྱི་ཆ་ནས་རང་བྱུང་ཚན་རིག་གི་རྣམ་པ་ཅན་ཞིག་དང་།  ནང་དོན་གྱི་ཆ་ནས་སྤྱི་ཚོགས་ཚན་རིག་གི་ཁྱད་ཆོས་ཡོད་པ། རང་བཞིན་གྱི་ཆ་ནས་མི་ཆོས་ཚན་རིག་གི་ཁོངས་སུ་གཏོགས་པ་ཡིན། མདོར་ན། ལོ་རྒྱུས་རིག་པ་ནི་ཚན་རིག་རང་བཞིན་དང་སྒྱུ་རྩལ་རང་བཞིན་གྱི་བར་དུ་འགྲོ་ལྡོག་བྱེད་པའི་མི་ཆོས་རིག་ཚན་ཞིག་གོ⑧   
གསུམ་པ། ལོ་རྒྱུས་དཔྱད་བརྗོད།   
             ལོ་རྒྱུས་རིག་གཞུང་གི་ངོས་ནས་གླེང་ན། ལོ་རྒྱུས་དཔྱད་བརྗོད་(史论)ལ་ལོ་རྒྱུས་དཔྱད་བརྗོད་(历史评论)དང་ལོ་རྒྱུས་རིག་པའི་དཔྱད་བརྗོད་(史学评论)ཞེས་གཉིས་ཡོད་ཅིང་།  དེ་གཉིས་ཀྱང་ཡོངས་སུ་མཚུངས་པ་ཞིག་མ་ཡིན་ཏེ། སྔ་མ་ནི་ལོ་རྒྱུས་དོན་རྐྱེན་དང་ལོ་རྒྱུས་མི་སྣ། ལོ་རྒྱུས་རྒྱབ་ལྗོངས། ལོ་རྒྱུས་བསྟན་བཅོས། ལོ་རྒྱུས་བཤད་རྒྱུན། ལོ་རྒྱུས་ལྟ་བ། ལོ་རྒྱུས་འདུ་ཤེས་སོགས་ལ་དངོས་ཤུགས་གང་ཐད་ནས་དཔྱད་པ་བརྗོད་པ་ཞིག་དང་།  ཕྱི་མ་ནི་གཞུང་ལུགས་སམ་རིག་གཞུང་གི་ཐད་ནས་ལོ་རྒྱུས་ཀྱི་གནས་སྟངས་ཁག་ལ་དཔྱད་བརྗོད་སྤེལ་བ་ཞིག་ཡིན། སྔ་མས་ལོ་རྒྱུས་ཀྱི་གནས་སྟངས་མང་པོར་དབྱེ་ཞིབ་ཀྱིས་ལྟ་ཚུལ་འདོན་པ་དང་། ཕྱི་མས་ལོ་རྒྱུས་རིག་པར་དབྱེ་ཞིབ་ཀྱིས་དཔྱད་བརྗོད་དང་ཕྱོགས་བསྡོམས་བྱེད་པ་ཡིན། དེ་ཡང་སྔ་མས་སྒེར་གྱི་ལྟ་བ་མཚོན་པ་མང་ལ། ཕྱི་མའངསྒེར་གྱི་ངག་ལས་ཐོན་པ་གང་ཞིག་དེས་སྐབས་དེའི་སྤྱི་ཚོགས་ཀྱིས་ལོ་རྒྱུས་རིག་པར་འཛིན་པའི་ལྟ་བ་དང་ལོ་རྒྱུས་རིག་པས་སྤྱི་ཚོགས་འཚོ་བའི་ཁྲོད་འཛིན་པའི་གནས་བབས་མཚོན་གྱི་ཡོད།   
             འཛམ་བུ་གླིང་གི་ཡིག་རིགས་སོ་སོར་ལོ་རྒྱུས་དཔྱད་བརྗོད་ཀྱི་རྣམ་པ་དང་དཔྱད་ཐབས་ནི་དུས་སྔ་མོ་ཞིག་ནས་བྱུང་ཡོད་ནའང་།  ལོ་རྒྱུས་དཔྱད་བརྗོད་ཀྱི་རིག་པ་དང་ལོ་རྒྱུས་དཔྱད་བརྗོད་སྐོར་གྱི་ཞིབ་འཇུག་ནི་ལོ་རྒྱུས་རིག་པའི་འཕེལ་རིམ་ཁྲོད་བྱུང་བ་འཕྱི་ལ། ཉེ་དུས་གསར་དུ་དར་བའི་རིག་ཚན་ཞིག་ཡིན། རྒྱ་ནག་ལ་མཚོན་ན། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་ཙམ་ནས་བཟུང་ད་གཟོད་ལོ་རྒྱུས་དཔྱད་བརྗོད་སྐོར་གྱི་ཞིབ་འཇུག་ལ་དོ་སྣང་དང་ལོ་རྒྱུས་གཞུང་ལུགས་ཀྱི་དཔྱད་བརྗོད་ཐད་ཤུགས་སྣོན་བརྒྱབ་པ་ཡིན་ལ། ནུབ་གླིང་དུའང་དེ་ལས་མ་འདས།   
             དེང་རབས་རྒྱ་ནག་གི་ལོ་རྒྱུས་རིག་པའི་གཞུང་ལུགས་ཞིབ་འཇུག་པ་མཁས་ཅན་ཆི་ལེན་ཏུང་(瞿林东,༡༩༣༧ལོ་ནས་)གིས་རྒྱ་ནག་གི་གནའ་རབས་ལོ་རྒྱུས་ཡིག་ཚང་ཁག་ལ་གཞི་བཅོལ་ཏེ་ལོ་རྒྱུས་དཔྱད་བརྗོད་དེ་ལོ་རྒྱུས་དཔྱད་བརྗོད་(史论)དང་ལོ་རྒྱུས་དགག་གཞག་(史评)ཅེས་རིགས་གཉིས་སུ་བཀར་ནས་གླེང་ཡོད། དེའང་ཁོང་གིས། ལོ་རྒྱུས་དཔྱད་བརྗོད་དམ་ལོ་རྒྱུས་དཔྱད་པ་བྱ་བ་ནི་“ལོ་རྒྱུས་དོན་རྐྱེན་དང་ལོ་རྒྱུས་མི་སྣ། ལོ་རྒྱུས་སྣང་ཚུལ་སོགས་ལ་དཔྱད་བརྗོད་སྤེལ་བའི་བརྩམས་ཆོས་(ཆེད་རྩོམ་དང་ཆེད་དེབ། དེ་མིན་འབྲེལ་ཡོད་ཚིག་དུམ་སོགས་འདུ་)ཡིན་”ལ། ལོ་རྒྱུས་དགག་གཞག་ནི་“ལོ་རྒྱུས་སྨྲ་བ་དང་ལོ་རྒྱུས་བསྟན་བཅོས། ལོ་རྒྱུས་རིག་པའི་སྣང་ཚུལ་སོགས་ལ་དགག་སྒྲུབ་བྱས་པའི་བརྩམས་ཆོས་(ཆེད་རྩོམ་དང་ཆེད་དེབ། དེ་མིན་འབྲེལ་ཡོད་ཚིག་དུམ་སོགས་འདུ་)ཡིན་”པར་བརྗོད་ཅིང་།  རིགས་འདི་གཉིས་ཕན་ཚུན་མི་འཁྲུག་པའི་ཆེད་རྒྱ་ཡིག་གི་ཚིག་ཏུ་སྔ་མར་“历史评论”(ལོ་རྒྱུས་དཔྱད་བརྗོད་)དང་ཕྱི་མར་“史学批评”(ལོ་རྒྱུས་རིག་པའི་དགག་གཞག་) ཅེས་མིང་ཁ་གསལ་དུ་བཀོད་ཡོད།⑨ ཁོང་གི་ལྟ་བ་ལྟར་ན། ལོ་རྒྱུས་དཔྱད་བརྗོད་ནི་ལོ་རྒྱུས་ཀྱི་སྣང་ཚུལ་དག་ལ་དཔྱད་པ་གླེང་བརྗོད་བྱས་པ་ཞིག་དང་།  ལོ་རྒྱུས་དགག་གཞག་ནི་ལོ་རྒྱུས་རིག་གཞུང་གི་ཐད་ནས་དགག་སྒྲུབ་བྱས་ཏེ་གཞུང་ལུགས་ཀྱི་མེ་སྟག་སྤར་བ་ཞིག་ཏུ་ངེས།  འོན་ཀྱང་། རང་རེ་ལ་ནི་ལོ་རྒྱུས་རིག་གཞུང་གི་ཐད་ནས་ལོ་རྒྱུས་གླེང་སྟེ་ལོ་རྒྱུས་གཞུང་ལུགས་ཀྱི་དགག་གཞག་སྤེལ་བའི་གནའ་བོའི་ལོ་རྒྱུས་རྩོམ་ཡིག་ཧ་ལམ་མཐོང་དུ་མེད་པའི་དབང་གིས། ཆེད་རྩོམ་འདིར་ཡང་སྔ་མ་གཙོ་བོར་བཟུང་ནས་གླེང་བ་ཡིན་ལ། གཉི་ག་ཁག་བཀར་ཏེ་དཔྱད་མི་བཟོད་པའང་དེང་གི་ལོ་རྒྱུས་རིག་གཞུང་ལས་རིགས་ཀྱི་ཁྲོད་དུ་ཡོངས་ཁྱབ་ཀྱིས་ཁས་ལེན་པས་ན། འདིར་ཡང་དེ་ལས་མི་འདའ་བར་སྦྲེལ་མར་བརྗོད་པ་ཡིན།   
             མཇུག་བསྡུའི་གཏམ།  
             གོང་དུ་ཁོ་བོས་བོད་ཀྱི་ལོ་རྒྱུས་བྱ་བའི་ཐ་སྙད་དང་དེ་འབྲེལ་གྱི་ཐ་སྙད་གཞན་དག་སྐོར་ཞིག་ལ་དབྱེ་ཞིབ་ཀྱིས་འགྲེལ་པ་སྟབས་བདེ་ཞིག་བྱས་ཤིང་།  དེའི་སྟེང་།  དེང་རབས་ལོ་རྒྱུས་རིག་པའི་བརྡ་ཆད་གལ་ཆེན་ཏེ། ལོ་རྒྱུས་རིག་པ་དང་ལོ་རྒྱུས་དཔྱད་བརྗོད་གཉིས་ལ་རགས་འགྲེལ་ཙམ་བྱས་པ་དེའང་། བོད་ཀྱི་ལོ་རྒྱུས་རིག་གཞུང་གི་རིག་ཚན་ལེ་ལག་བསྐྲུན་པ་ལ་བརྡ་ཆད་དེ་དག་གི་གོ་བ་ལེན་སྟངས་གནད་ཆེ་བར་བརྟེན། ལོ་རྒྱུས་རིག་པའི་ལས་དང་པོ་བ་དང་ལོ་རྒྱུས་ལ་མོས་པའི་ཤེས་ལྡན་ཀུན་ལ་མཛུབ་མོས་རི་སྟོན་གྱི་ཚུལ་གྱིས་བརྡ་དོན་འགྲེལ་པ་ལམ་ཙམ་བྱས་པ་ལགས་སོ། །
             ལུང་འདྲེན་དཔྱད་ཡིག
             ①③④ཆབ་སྤེལ་རིག་གཞུང་བསམ་བློའི་ཞིབ་འཇུག་ཚོགས་ཆུང་།  《ལོ་རྒྱུས་ཀྱི་ཉམས་དཔྱོད་མཁན་པོ་》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་དང་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༨ལོ།  ཤ་༥༥ ༥༤ ༥༤
             ②⑥པ་ཚབ་པ་སངས་དབང་འདུས། 《སྤུ་རྒྱལ་བོད་ཀྱི་རྡོ་བརྐོས་ཡི་གེ་ཕྱོགས་བསྒྲིགས་ཀྱི་མ་ཡིག་དག་བཤེར་དང་དེའི་ཚིག་འགྲེལ་དྲངས་སང་གངས་ཆུ་》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ལོ། ཤ་༢༠༣ནས་༢༠༤ ༣༢
             ⑤དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》 མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོ། ཤ་༡༩༦
             ⑦李振宏:《历史学的理论与方法》,河南大学出版社2008 年版,第55 -62 页 o
             ⑧李隆国:《史学概论》,北京大学出版社2009 年版,第17 页 o
             ⑨霍林东:《谈中国古代的史论和史评》,载于《东岳论丛》2008 年7 月(第29卷、第4 期).
             [གསལ་བཤད།]དཔྱད་རྩོམ་འདི་ནི་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་ཆེན་པོ་“ཀན་སུའུ་མཚོ་སྔོན་ཟི་ཁྲོན་ཡུན་ནན་བཅས་བོད་རིགས་གནས་སྡོད་ཁུལ་གྱི་བོད་ཡིག་གི་ས་གནས་ལོ་རྒྱུས་ཡིག་ཆ་འཚོལ་བསྡུ་ལེགས་སྒྲིག་སྟེ། 《མདོ་ཁམས་བོད་རིགས་ལོ་རྒྱུས་》”(ཆོག་མཆན་ཨང་རྟགས་17ZDA209)ཞེས་པ་དང་། ༢༠༡༤ལོའི་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་དཀྱུས་མ་“ཏུན་ཧོང་བོད་རིག་པའི་རིག་གཞུང་ལོ་རྒྱུས་ཞིབ་འཇག་(ཆོག་མཆན་ཨང་རྟགས་14BZS058) ”ཞེས་པ། མཚོ་སྔོན་ཞིང་ཆེན་“རྩེར་སོན་གསར་གཏོད་མི་སྣའི་མི་སྟོང་གི་འཆར་གཞི་”ཡི་སྣེ་ཁྲིད་ཤེས་ལྡན་མི་སྣ་དང་མཚོ་སྔོན་ཞིང་ཆེན་“མཐོ་རིམ་ཤེས་ལྡན་མི་སྣའི་གསོ་སྐྱོང་ལས་གྲྭ་༡༣༥”ཡི་རིག་གཞུང་སྣེ་ཁྲིད་ཤེས་ལྡན་པའི་རོགས་དངུལ་རྣམ་གྲངས་བཅས་ཀྱི་བར་སྐབས་དཔྱད་འབྲས་ཤིག་ཡིན། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1