༄༅།། ངས་ཁྱེད་རང་ཇི་ལྟར་བརྗེད་ཨང་།

དབྱངས་འབུམ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 11-26



མཚོ་ལྷོ། དབྱངས་འབུམ་ཚེ་རིང་།
        མི་ཚོགས་ཀྱི་རྦ་རླབས་འཁྲིགས་པའི་དབུས་སུ་ཁྱེད་རང་གྲགས་མེད་འགུལ་མེད་དུ་ནུབ་སོང་།ལང་ཚོའི་མཁའ་དབྱིངས་ཧྲིལ་པོ་དྲན་གདུང་གི་ཆར་བས་མཚན་ཞག་སྟོང་ལ་བརྫིས་ཏེ་འུ་གཉིས་ཀྱི་བར་ལ་དུས་ཚོད་ཀྱི་སྨུག་པ་སྲབ་མོ་ཡུན་གྱིས་གཡོས་པས་ཁྱེད་ཀྱི་འཛུམ་ལ་དགའ་བའི་ངོ་གདོང་ཡང་རབ་རིབ་ནས་མག་མོག་ཏུ་གྱུར་སོང་།དྭངས་ཤིང་བསིལ་བའི་སྟོན་མཇུག་གི་ཟླ་བས་ང་ལ་འུ་གཉིས་ཀྱི་འདས་སོང་གི་རྩྭ་ཐང་སྤྲད་བྱུང་།བདག་པོ་མེད་པའི་ལུག་ཁྱུ་དང་རླུང་བུས་སྡང་སྡིགས་མི་མཐོང་བའི་སྤྲིན་དཀར་གྱ་གྱུ།འུ་གཉིས་ཀྱིས་ས་སྲོད་དག་ལ་ནམ་རྒྱུན་བལྟས་མྱོང་བའི་ཐག་རིང་གི་གངས་རི་དང་སྔོ་ལྡེམ་མེའི་མཚོ་མོ།ད་དུང་ཡུལ་ལ་ལོག་པའི་ལམ་བུ་སྙིང་ཉེ་བོ་དེའང་མཐོང་བྱུང་།ཡིན་ཡང་རི་བོའི་རྒྱབ་ལ་རི་བོ་འགྲེང་ནས་མཐོང་ལམ་དུ་ཁ་བ་བབས་བྱུང་བས།ངས་ཁྱེད་རང་མཐོང་ཐུབ་ཀྱིན་མི་འདུག ལམ་གྱི་གཏམ་རྒྱུད་ལ་གྱ་གྱུ་མང་ཞིང་ལམ་གྱི་སྣེ་མོ་ནི་འཛིང་ཞིང་སྣོལ་བས།ངས་ཁྱེད་རང་མཐོང་ཐུབ་ཀྱིན་མི་འདུག་མོད།གནས་འདིའི་རྩྭ་ཕྲན་དང་ས་རྡུལ་རེ་ལ་ཁྱེད་ཀྱི་སྐྱེ་ལུས་ཇི་སྙེད་གནས་ཏེ།གཙང་པོའི་རླབས་སྒྲ་ན་ཁྱེད་ཀྱི་དྭངས་གཙང་གི་སྐད་ངག་འཁོར་སྙམ་གྱིས་ངས་ཁྱེད་རང་ཇི་ལྟར་བརྗེད་ཨང་།
        རྡོག་སྣེ་ཤར་ནུབ་ལ་གཏད་པས་ལས་འཕྲོའི་མཚོ་ལ་དར་ཁ་འགྲིག་སོང་།ཁྱེད་ཀྱི་བྲང་གཞུང་ལ་བབས་པའི་ཁ་བ་ཡང་མོ་དེ་ཚོ།ད་ནི་ཆར་ཐིགས་ཤིག་གི་ཟོལ་གྱིས་ངའི་སྙིང་གི་སྙི་སར་ལྷུང་ནས་དྲན་པའི་གསེབ་ཏུ་ཐིམ་གྱིན་གདའ།རྨི་ལམ་གྱི་ཡལ་གར་ཐོགས་པའི་ལྗང་མདོག་གི་ལོ་མ་དེ་ཚོར་ཡུལ་དུས་ཀྱི་ས་རྡུལ་བབས་ནས།འཚོ་བར་འདུན་པའི་ཉི་འོད་ནུབ་དུས།སྙིང་པོ་རིགས་ཤིག་གས་ཆག་ཤོར་བའི་རྒྱབ་གཟུགས་ལས་བཏུས་ཏེ་ཅི་ཙམ་བསྒྲིགས་ཀྱང་རལ་བར་གྱུར་པའི་སེམས་པ་འདི་ལ་ལྷན་པ་རྒྱག་ཐབས་བྲལ།མི་ཚོགས་ཀྱི་འུར་ཟིང་དང་རླངས་འཁོར་གྱི་འཚང་ཁའི་ཁྲོད་ནས་ཁེར་རྐྱང་གི་གདུང་བ་སྐྲོད་མ་ཐུབ།སྟོན་མཇུག་འདིར་ཁྲུང་ཁྲུང་ཁྱུ་ཞིག་ལྷོ་རུ་འཕུར་ཡང་ནམ་མཁའ་རུ་གཤོག་པའི་རྗེས་ཤུལ་མི་སྣང་།སྟོན་མཇུག་གི་ས་སྲོད་འདིར་ཁེར་རྐྱང་གི་གྲིབ་རིས་ཙམ་ཡང་མི་ཐེག་པའི་རྣམ་ཤེས་ལ་དྲན་གདུང་གི་སྨག་རུམ་མཐུག་ནས་མཐུག་ཏུ་ཕྱིན།ས་རུབ་ཐེངས་རེ་རེར་ཁྱེད་ཀྱི་མིག་ཟུང་དེ་དྭངས་གཙང་གི་ཟིལ་བ་ཁྲོམ་ཁྲོམ་གྱིས་གློ་མཆིན་གྱི་གཏིང་རིམ་ནས་འགུལ་བྱུང་བས།ངས་ཁྱེད་རང་ཇི་ལྟར་བརྗེད་ཨང་།
        “མུ་མཐའ་བྲལ་བའི་འཇིག་རྟེན་ན།སྦྲང་ནག་ཆུང་ངུ་གར་སོང་ས་རུ་གདོང་ཐུག་རྒྱག”མོད།ཤིན་ཏུ་དོག་པའི་ནམ་མཁའ་འདིའི་ཐུ་འོག་ཏུ་སེམས་ཀྱི་ཚང་མལ་གཅིག་ནས་གྱེས་པའི་བྱ་གཉིས་ཀྱི་གཤོག་པ་འཕྲད་རྒྱུ་ནི་ཅི་འདྲའི་དཀའ་ཨང་།རི་རབ་ཀྱིས་བར་བཅད་ཆུ་ཀླུང་གིས་མདུན་ཁེགས་པའི་འུ་གཉིས་ཀྱི་བར་དུ་རླུང་བུ་ཁོ་ན་ཞི་འཇམ་གྱིས་ལྡིང་ཐུབ་ན།གླུ་སྐད་ཁོ་ན་ལྷང་ལྷང་གིས་འཁོར་ནུས་ན།སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་འདིར་ང་ལ་དེ་ཡིས་ཆོག་ལ་ན་རེར་ངས་མཁའ་མཐར་ལྷག་པའི་སྤྲིན་པའི་ངོས་སུ་ཁྱོད་ཀྱི་མིང་ཡིག་སེམས་ཆུང་གིས་དཔར་ཞིང་།སེམས་ཀྱི་སྐྱོ་ཡུས་དག་ཀྱང་ལྷག་ལུས་མེད་པར་དེ་ཡི་ཁུད་དུ་གཅུད་དེ།རྒྱང་ཐག་ཅི་ཙམ་དང་ཁ་ཕྱོགས་གང་ཡིན་ལ་མནོ་བསམ་བཏང་།སྐབས་རེར་འདས་སོང་གི་རབ་ཁར་ཕྱིར་དྲན་གྱི་ཀོ་གྲུ་གློད་ཀྱིན་ལས་འཕྲོའི་ཉི་མ་དམར་ཐག་ཆོད་ན།ཚེ་ཡི་ལ་མོ་ཨུ་ཚུགས་ཀྱིས་བརྒལ་དགོས་སྙམ་ཡོད།གང་ལྟར་ཐམས་ཅད་ལ་བོར་སྟོར་འབྱུང་སླ་བའི་སྨག་ནག་གི་མཚན་མོ་འདིར།ངས་ཁྱེད་རང་སྙིང་དམར་པོའི་ངོས་ཀྱི་ཕྲ་ཕུང་ཞིག་ཏུ་བསྒོམས་ནས།སེམས་པའི་དག་གཙང་གི་དབུས་ལ་དྲོད་འཇམ་གྱིས་བསྲུངས་ཡོད།མི་ཚོགས་བཞུར་བའི་ཁྲོད་དུ་ངོ་མི་ཤེས་པའི་ངོ་གདོང་མང་པོ་འཚང་ཁ་རྒྱག་མོད།རྒྱུས་ཡོད་ཀྱི་ཁྱོད་གདོང་ལན་གཅིག་མཐོང་འདོད་ཀྱིས།དགུན་བཅུ་པའི་གྲང་ངར་དང་དབྱར་དྲུག་པའི་ཚ་གདུག་གི་དཀའ་ངལ་དུས་ཀྱི་ཆོས་ཉིད་དུ་རློམ་ཡོད།སེམས་པ་སོང་བའི་མི།ངས་ཁྱེད་རང་ཇི་ལྟར་བརྗེད་ཨང་།
        འགྲོས་དལ་བའི་གདངས་དབྱངས་ཤིག་གི་འཕྱོ་འཇགས་ལས་ཁྱེད་རང་རེས་གསལ་རེས་མོག་གིས་མངོན་ཡོང་།མ་གཞིར་ཁྱེད་ཀྱིས་ལག་པ་ཉི་འོད་ཀྱི་ནང་དུ་བསྲིངས་ནས་འཁྱག་གྲང་གྲང་གི་ཁ་བ་དང་འཕྲད་པས།འཇམ་མཉེན་གྱི་སོར་མོ་འཁྱག་པ་རེ་རེ་ཕྱིར་བདག་གི་རུམ་ཁུང་དུ་བསྐུམས་ནས་ང་ཡི་སེམས་པའི་ཟབ་སར་སྦས་པའི་རོལ་ཆས་རྙིང་པ་དེའི་རྒྱུད་སྐུད་དཀྲོལ་བ་ལགས།དབྱར་ཟླ་ཞིག་ལ་རླུང་བུས་ཁྱེད་རང་ངའི་གམ་ནས་ཁུར་སོང་བ་བཞིན།འུ་གཉིས་ཀྱི་ཆ་མཉམ་པའི་རྐང་རྗེས་བསུབས་པ་བཞིན།ད་ནི་དུས་ཚིགས་བཞི་དང་ཉིན་མཚན་གཉིས་ལ་མཚམས་ཚིགས་དང་དབྱེ་བ་མེད་པར་རླུང་བུས་ཁྱེད་ཀྱི་སྐྲ་ལོའི་གསེབ་ཀྱི་དྲི་བསུང་དང་།རྩྭ་ལོའི་ཁྲོད་ཀྱི་རྐང་རྗེས་བཏུས་ཏེ་ང་ལ་རི་རབ་ལྟ་བུའི་དྲན་པ་ཁུར་འོངས།སྐྱོ་སྣང་བན་བུན་གྱིས་སེམས་པའི་རི་སྒང་ལ་སྨུག་སྤྲིན་གཏིབས་ཏེ་སྣང་ལ་མ་ངེས་པའི་ཁྱེད་རང་རྟག་བརྟན་ཐེར་ཟུག་གིས་གནས་པས།ངས་ཁྱེད་རང་ཇི་ལྟར་བརྗེད་ཨང་།
        རི་བོའི་ཕར་ཚུར་ལམ་བུ་ཞིག་གི་སྣེ་གཉིས་ཡིན་ཏེ།སྤྲིན་པ་ཡང་མོ་ཞིག་གིས་ཀྱང་ཟམ་པ་འཐེན་ནུས་ན།སེམས་སོང་འུ་གཉིས་ཀྱི་བར་ཐག་དུས་ཚོད་ཀྱིས་རྐྱོང་སྐུམ་ཐུབ་པ་ཞིག་ཡེ་ནས་མིན་པས།གཏན་ཚིགས་དང་རྒྱུ་འབྲས་རྟེན་འབྲེལ་གྱི་སྣང་སྲིད་ཡོད་དོ་ཅོག་དོར་ཏེ།ངས་ཁྱེད་རང་ཇི་ལྟར་བརྗེད་ཨང་།
        མི་ཚེ་གཅིག་ལ་ངས་ཁྱེད་ཇི་ལྟར་བརྗེད་ཨང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1