༄༅།། ལྷམ་རལ་སྙིང་ལ་རྗེ་པོ།

སྒྲོན་པེ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-27



སྒྲོན་པེ།
        ལྷམ་རལ་སྙིང་ལ་རྗེ་པོ་འདི་དང་ངེད་གཉིས་ལ་མི་ལོ་དུ་མའི་གཏམ་རྒྱུད་ཡོད་པས་ང་ལ་བརྩེ་བའི་བག་ཆགས་ཟབ་མོ་ཡོད། དགུན་གསུམ་ཁ་བ་བུ་ཡུག་གི་གྲང་ངར་སྐྱོབ་མྱོང་ལ་དབྱར་གསུམ་ཆར་པ་རླུང་བུ་མཉམ་གྱིས་ཁུར་མྱོང་།
        ད་ལྟ་ཕྱིར་དྲན་དང་ཕྱིར་འདང་རེ་བྱས་ན་ལྷམ་རལ་སྙིང་ལ་རྗེ་པོ་འདི་ནི་སྔོན་དེང་མ་ཚོང་རའི་ལྷམ་བརྒྱ་བརྒྱ་སྟོང་སྟོང་ལས་ཆེས་མིག་དབང་འཕྲོག་ཅིང་ཡིད་སེམས་ཤོར་ས་དེ་ཡིན། སྐབས་དེར་ལྷམ་འདིར་བལྟས་ན་མིག་ལ་མཛེས་ཤིང་གྱོན་ན་རྐང་ལ་འགྲིག་པས་རང་འདོད་ཅན་གྱི་ངས་ཚོང་ར་ནས་ཉོས་ཏེ་རང་ཁྱིམ་ལ་ཁྱེར་ནས་ནམ་རྒྱུན་རྟགས་སྟོན་མོར་འགྲོ་ན་ཤོམ་གྱིས་འགོ་མ་གྱོན། གཡང་དཀར་མོ་ལུག་རྫི་ཡིན་དུས་ངས་སེམས་ཀྱི་གནའ་གཏམ་ཁྱེད་ཀྱིས་ཤེས། སྒོ་ཕྱུག་གི་ནོར་རྫི་བྱེད་དུས་ངས་སེམས་ཀྱི་རྫི་གླུ་ཁྱེད་ལ་བླངས། ཕུགས་བསམ་འཚོལ་རོགས་ཡིན་ལ་སྙིང་གཏམ་གླེང་རོགས་ཀྱི་ང་ཡི་སེམས་ཀྱི་སྙིང་ལ་རྗེ་པོ་དེ་ཡིན།
        དབྱར་གསུམ་ཆར་ཆུའི་ཐིགས་པ་མཉམ་དུ་འཐུང་ཞིང་དགུན་གསུམ་ཁ་བའི་གྲང་ངར་ལྷན་དུ་མྱོང་བའི་རེ་སྐྱིད་རེ་སྡུག་གི་ལོ་ཟླའི་གཏམ་རྒྱུད་མང་དྲགས་པས་ཡིན་ནམ། གང་ལྟར་ལྷམ་རལ་སྙིང་རྗེ་བོ་འདི་ཡི་དབྱིབས་ལ་བལྟས་ན་ལྷམ་གཟུགས་མེད། མདོག་ལ་བལྟས་ན་སྔོན་གྱི་ཁ་དོག་ཤོར་ནས་གོན་འདོད་པའི་ལྷམ་ཞིག་གི་དབྱིབས་དང་ཁ་དོག་ལར་ནས་མེད་ནའང་། ངས་ལྷམ་འདིར་བལྟ་བཞིན་བལྟ་བཞིན་བརྗོད་མི་ཤེས་བའི་ཚོར་བ་ཞིག་སྐྱེས་བྱུང་།
        བོད་ཀྱི་གཏམ་དཔེ་ཞིག་ལ་གྲོགས་རྙིང་པ་དགའ། གོས་གསར་པ་དགའ་ཞེས་གསུངས་ན་ཡང་གྲོགས་རྙིང་པ་དགའ་བ་བདེན་མོད་གོས་ཡོད་ཚད་གསར་པ་དགའ་ཟེར་ན་བཤད་དཀའ། ངའི་ལྷམ་རལ་སྙིང་ལ་རྗེ་པོ་འདི་སེམས་ཀྱི་རྟེན་ས་བྱེད་མྱོང་ལ་ལུས་ཀྱི་དྲོད་ཐིགས་ཡིན་མྱོང་།
        མ་གཞི་གོས་རྙིང་དུས་ཕྱིར་གད་སྙིགས་དུ་འཕེན་དགོས་པ་ལྟར་ཡིན་ན་ཡང་ལྷམ་འདིའི་ལོ་དང་ཟླ་བ་རེ་རེ། དབྱར་དགུན་སྟོན་དཔྱིད་རེ་རེར། ཉིན་དཀར་གྱི་ཟས་བཅགས་མཚན་མོའི་གཉིད་བཅགས་ནས་ང་དང་སྐྱིད་སྡུག་མཉམ་ཁུར་མང་པོ་བྱས་སོང་། ཁྱེད་ཡོད་པས་དགུན་གསུམ་གྱི་ཁ་བའི་ཁྲོད་ནས་ངའི་རྐང་པ་འཁྱག་མ་དགོས་ལ། དབྱར་གསུམ་གྱི་ཆར་པའི་ཁྲོད་ནས་ངའི་རྐང་པ་རླན་མ་དགོས། ཡིན་ཡང་ཁྱེད་ཀྱི་རང་མདངས་ཤོར་འདུག་རྣམ་པ་འགྱུར་སོང་། ལྷམ་རལ་དུ་གྱུར་འདུག །ཕན་ཐོགས་མེད་ལ་རང་མདངས་མེད་པའི་ལྷམ་རལ་ཁྱོད་གད་སྙིགས་ནང་དུ་འཕེན་རྒྱུ་ཡིན་ནའང་། ངས་བསམ་བློ་བཏང་བཞིན་བཏང་བཞིན་ཁྱེད་རང་གད་སྙིགས་དུ་འཕེན་མི་འདོད།
        ཁྱེད་ལ་བརྩེ་བ་དག་མ་ཞིག་ཆགས་འདུག དུང་བ་ཟབ་མོ་ཞིག་བཞག་འདུག །ཁྱེད་མེད་ན་ངས་རི་ལུང་ཐང་གསུམ་ཇི་ལྟར་བསྐྱོད། ཁྱེད་མེད་ན་ངས་ཁ་ཆར་བུ་ཡུག་ཇི་ལྟར་བརྒལ། ཁྱེད་མེད་ན་ངའི་རྐང་པ་འདི་འདྲའི་བདེ་ཐང་ཞིག་གང་ནས་ཡིན། དེའི་ཕྱིར་ཁྱེད་ང་ལ་མཁོ། ང་ཁྱེད་ལ་མི་མཁོ་ཡང་ངེད་གཉིས་བར་ལ་བདག་པོ་དང་དངོས་རྫས་བར་གྱི་བརྩེ་བ་ངོ་མ་ཞིག་ཡོད་པའི་རྐྱེན་གྱིས་ངས་ཁྱེད་གད་སྙིགས་དུ་འཕེན་མི་འདོད།
        བོད་མིའི་གཏམ་དཔེ་ཞིག་ལ་སྐྱིད་ན་སྐྱིད་རོགས་དང་སྡུག་ན་སྡུག་རོགས་ཟེར་བ་ལྟར། ཁྱེད་ཀྱི་འབྱུང་བཞི་རྒུད། རང་མདངས་ཤོར། རྣམ་པ་འགྱུར་དུས་ངས་ཁྱེད་རང་འཕེན་ཆོག་ཆོག་ཡིན་ན་ཡང་། བོད་མའི་གཏམ་དཔེ་ཞིག་ལ་མཁོ་དུས་རྡོ་རྗེ་དང་མི་མཁོ་དུས་གདོན་རྫས་ག་ལ་རུང་། ལྷམ་རལ་སྙིང་ལ་རྗེ་པོ་དང་ངེད་གཉིས་ལ་བརྩེ་དུང་གི་གཏམ་རྒྱུད་ཡོད་ལ་སྐྱིད་སྡུག་གི་ལོ་ཟླ་ཡོད། དེའི་ཕྱིར་ངས་སྔར་བཞིན་གཙང་སྦྲ་ལེགས་པོ་ཞིག་བྱས་ནས་ལྷམ་སྒམ་གྱི་དཀྱིལ་དུ་འཇོག་ན་འདོད། དུས་ནམ་ཡང་། ང་ལ་རྒྱུ་མཚན་མང་པོ་ཞིག་མེད་པ་ནི་ངས་ཁྱེད་ལ་ཨ་གསར་བྱེད་མི་འདོད་པ་དང་ང་རང་ཨ་གསར་ལ་མི་དགའ་བས་ཡིན། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1