༄༅།།སློབ་གྲྭར་འགྲིམ་མྱོང་མཁན་ཞིག་གི་རང་གཏམ་ཚན་པ་གསུམ།

མདའ་བཙན་པོ། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 12-09



རྨ་ལྷོ། མདའ་བཙན་པོ།
དང་པོ།
        ང་རང་སློབ་ཆུང་མཐར་ཕྱིན་དུས།དེང་རབས་ཅན་ཟེར་བའི་ཐ་སྙད་འདི་མི་ལྡོམ་ཞིག་དང་འདྲ་བར་བོད་ཡིག་གི་ཚགས་ཤོག་སྟེང་ཐོན་མོད།ཐ་སྙད་འདིའི་གསེབ་ཀྱི་གཏོད་མེད་ཆོ་མེད་དག་དང་།གཡོ་རྫུ་སླ་བཅོས་དག་དང་།འུར་ཟིང་བྲེལ་འཚུབ་དག་ཕ་ཡུལ་གྱི་སྒར་གྲོང་གཉིས་ཀར་སླེབས་མེད་པ་འདྲ།
        ང་ནི་ངག་ཐོག་རིག་གནས་ཀྱིས་བསྐྱངས་པའི་འབྲོག་ཕྲུག་ཅིག་ཡིན་པ་འདྲ་སྟེ།ཕ་ལགས་ཀྱི་ངག་ནས་ཁ་ཏོན་དང་མ་ལགས་ཀྱི་ངག་ནས་གནའ་གཏམ་ལ་གསན་ཏེ་སློབ་ཆུང་བར་སླེབས་པ་ཡིན།
        སློབ་ཆུང་གི་སྐབས་སུའང་གནས་དང་འབྲེལ་བའི་ལྷ་སྒྲུང་དང་།འདྲེ་དང་འབྲེལ་བའི་འཇིགས་སྒྲུང་།མི་དང་འབྲེལ་བའི་ཇག་སྒྲུང་སོགས་ལ་གསན་ནས་ཉི་མ་འོ་མ་འདྲ་བོ་སྣབས་སྐམ་བྱེད་དང་།མུན་པ་གཡག་ཀོ་འདྲ་བོ་གཉིད་ཐེབས་བྱེད་དུ་བཏང་བ་ཞིག་གོ། །
        ངེད་ཀྱི་ཕ་ཡུལ་གྱི་སློབ་ཆུང་ཆགས་ས་ནི་སྤང་ལ་མེ་ཏོག་གི་གོས་ལྭ་ཡག་ས་ཞིག་དང་།རྫ་ལ་སྨུག་སྤྲིན་གྱི་ཕྱིང་ཞྭ་མཐོ་ས་ཞིག་དང་།ཆུ་ལ་ཉ་གསེར་མིག་གི་གར་སྟབས་འཁྱུག་ས་ཞིག་ཡིན་པས།ཕྲན་ཆུང་ནམ་ཡང་འབྲོག་ལྗོངས་ཟེར་དུས་ཐག་ཉེ་ས་ཞིག་གི་སྣང་བ་དང་སེམས་གླན་ས་ཞིག་གི་དུངས་པ་ཆེ་དོན་ཡང་དེ་ཡིན་པ་འདྲ།
        ང་རང་སློབ་འབྲིང་དུ་ཞུགས་དུས།རྫོང་མཁར་ནི་དེང་སང་དང་བསྡུར་ན་ཐེད་པོ་ཐེད་ནག་ཅིག་སྟེ།ལས་ཁུངས་སོ་སོར་དབང་བའི་ཁང་པ་སྐྱ་ལེབ་འགའ་དང་སྲང་ལམ་ནར་མོ་ཞིག་གིས་ཡོད་ཚད་གྲུབ་ཚར་འདུག
        དེ་དུས་ཀྱི་སློབ་གསོ་ནི་ངོ་སོ་བསྟོད་རྒྱུ་ཞིག་མིན་པ་འདྲ་སྟེ།ཁྱོད་རང་སློབ་ཁྲིད་ལ་ཡོང་ནའང་ཅོག་ཙེ་གཅིག་དང་རྐུབ་སྟེགས་གཅིག་གི་འདུག་ས་ཙམ་དང་མ་ཡོང་ནའང་ཅོག་ཙེ་གཅིག་དང་རྐུབ་སྟེགས་གཅིག་སྟོང་བ་ཙམ་ཡིན་པས།དགེ་རྒན་རྣམ་པའང་ཁོམ་དྲགས་ནས་ཆང་གསོལ་མཁན་དང་བཟི་དྲགས་ནས་འཛིང་རེས་རྒྱག་མཁན་སྐོར་ཞིག་ཡིན་རབས་ཟེར།
        འོན་ཀྱང་།སྐབས་དེ་དུས་ཀྱི་སློབ་གསོ་ཡང་སྤྲང་པོའི་དངུལ་ཁུག་བཞིན་ནག་སྟོང་ངེར་བཟང་ཆ་གཅིག་ཀྱང་མེད་པ་ཞིག་མ་ཡིན་ཏེ།མགོ་ལ་འཇོག་རྒྱུའི་དགེ་རྒན་ལ་ལས་མཐེ་བོང་སྟོན་རྒྱུའི་སློབ་མ་ལ་ལར་ཟུར་ཁྲིད་བྱས་ནས།བོད་ཡིག་གི་ཆུ་ཚད་ནི་ད་ལྟའི་སློབ་ཆེན་པ་ཟེར་བའི་ཡིག་ནོར་གྱི་གཏེར་དུ་གྱུར་ལ།སྐད་འཕྲིན་གྱི་བྲན་དུ་གྱུར་པ་དག་ལས་ལྡབ་བརྒྱ་ཟེར་ན་སྙན་ངག་འབྲི་བ་མ་རེད་མོད།ལྡབ་གཉིས་གསུམ་གྱིས་བཟང་ཟེར་ན་ནི་བདེན་པ་ཤ་རྗེན་དམར་རྗེན་ཞིག་ཡིན་པ་འདྲའོ། །
        རྫོང་མཁར་ཆགས་ས་འདི་ནི་དབྱར་ཀར་སླེབས་ན་རྩྭ་ལྗང་གི་སྐྱེ་སྟོབས་ལ་ངོ་གནོང་མི་དགོས་པ་ཞིག་དང་། དགུན་ཁར་སླེབས་ན་ཙག་དང་རླུང་གིས་མ་འདང་བ་མེད་པ་ཞིག་ཡིན་པས། ཕྱི་ཡོང་གི་བོད་མི་ལ་ལས་ཀྱང“འདི་ནས་ལྕགས་ཀྱང་འཁྱག་དྲགས་ནས་གས་རྒྱུ་རེད”ཟེར་མྱོང་ལ།དེང་སང་ཡང་ནང་ལོགས་ཀྱི་རྒྱ་མི་ལ་ལས“ས་ཆ་འདི་གྲང་མོ་འཁྱག་སྒམ་ལྟ་བུ་ཞིག་རེད”ཀྱང་ཟེར་རོ། །
        དེ་དུས་ཀྱི་ང་ཚོ་སློབ་མ་སྐོར་ཞིག་གི་ལས་ཀ་ནི།ས་རུབ་ན་ལས་བྱེད་པའི་སྡོད་ཁང་གི་སྒེའུ་ཁུང་གཅོག་རྒྱུ་དང་ནམ་ལངས་ན་སྲང་ལམ་ཉུལ་རྒྱུ་ནི་ཉིན་རེ་རེའི་ལས་བྱ་འབྲི་བ་ལས་ཀྱང་ཆད་མ་མྱོང་ལ་ངལ་མ་མྱོང་བའི་ལས་ཤིག་གོ། །
        དེ་ལྟར་དཔྱིད་ཀ་རེ་རེར་ལོ་བསགས་ཤིང་སྟོན་ཀ་རེ་རེར་གཟུགས་སྐྱེས་ནས1995ལོར་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་རྒྱུགས་ཚད་ལོན་སོང་།

གཉིས་པ།
        རེབ་གོང་དུ་ཐེངས་དང་པོར་སླེབས་དུས།ང་ཡི་མཐོང་ལམ་དུ་མངོན་པ་ནི་མདུན་རི་བྲང་རྗེན་ཞིག་དང་རྒྱབ་རི་ཨོང་རྗེན་ཞིག་གིས་ཁུལ་ཐོག་ཟེར་བ་དེ་ཁྱོར་ནང་དུ་བཟུང་བ་འདྲ་ལ།འདོམ་ནང་དུ་བཙུར་བ་དང་ཡང་འདྲའོ། །
        འུ་ཅག་ནི་རང་རང་གི་ཡུལ་སྐད་ལ་ལོབས་དྲགས་པའི་སྲོག་ཆགས་ཤིག་ཡིན་པ་འདྲ་སྟེ།ང་རང་རེབ་གོང་ལ་སླེབས་ཏེ་ཐེངས་དང་པོར་སུན་སྣང་སྐྱེ་བྱེད་ནི་རྫོང་སོ་སོ་ནས་ཡོང་བའི་སློབ་གྲོགས་ཚོའི་ཡུལ་སྐད་རེད།ལ་ལའི་དེ་བོད་སྐད་ཡིན་པ་ཙམ་ལས་བརྡ་གསལ་པོ་ཞིག་མི་གོ་ལ།ལ་ལའི་དེ་ནི་སྐད་གདངས་དགོད་སྤྲོ་ཞིང་ལ་ལའི་དེ་ནི་སྐད་ཀྱི་འགྲོས་མྱུར་དྲགས་པས།འདི་ཡི་ལྕེ་ནི་གློག་ཞགས་ཀྱིས་གྲུབ་པ་མིན་ནམ་ཡང་འདོད་མྱོང་།
        རེབ་གོང་ཟེར་བའི་རྫོགས་པ་ཆེན་པོའི་ཆོས་རྒྱུན་གྱི་ཞིང་ས་རྒོད་དུ་མ་བཏང་བའི་གནས་འདི་ནས་མི་ལོ་བཞི་ཙམ་བསྐྱལ་བ་ཡིན། དེའི་བར་ལ་ང་ཡིས“ས་ཁ་ས་ཐོག་གི་ཆོས”དང་།“རོང་བོ་དགོན་ཆེན”ཟེར་ནས་མནའ་ཟ་མཁན་སྐོར་ཞིག་ཀྱང་ངོ་ཤེས་ནས་གྲོགས་པོར་གྱུར་སོང་།
        འདི་གའི་སློབ་གྲྭ་ནས་ཕྲན་གྱིས་ཉི་མ་སུམ་བརྒྱ་དྲུག་ཅུ་རེ་ལྔའི་གསོན་དཀར་ངོགས་སྟོན་བྱེད་དུ། རྩོམ་རིག་ཅེས་པའི་ལོས་ཐེག་ཚིག་གི་ཕྲེང་ཙམ་ཡིན་ལ་མི་ཐེག་སེམས་ཀྱི་ལྗིད་ཚད་ཡིན་པ་འདི་ལ་ལག་པ་ནི་འགུལ། དྲན་པ་ནི་ཕྱོགས། དུས་ཚོད་ནི་བརླགས་མོད། ཕྱིར་རང་སར་ལོག་དུས་དང་མའི་རང་གཤིས་རྣལ་མ་དེ་ཤོར་འདུག་པ་ལས་གྲུབ་འབྲས་ཟེར་བ་ཞིག་སྟོན་རྒྱུ་མ་རྙེད།
        ཨ་མས་ང་རང་འདི་གའི་སློབ་གྲྭར་འགྲོ་ཐེངས་རེར“ཤུ་རེ་བྱོས།ཞི་ལི།ཁྱོད་ཅི་ཞིག་ཉན་སོང་ན་ཨ་མའི་སྐྱིད་ཀྱང་དེ་ཡིན”ཟེར་ནས།ང་རང་བུ་དོན་ལྡན་ཞིག་སྐྱེས་སོང་ན་མིའི་རིན་ཐང་ཟེར་བ་དེ་ལོས་ཡིན་སྙམ་བྱེད་ཀྱི་བསླབ་བྱ་རེ་བྱས་མོད། ཁ་དུ་བ་དང་ཁོག་དབུགས་སྟོང་ཡིན་པའི་ཕྲན་གྱིས་ནི་གཏམ་གསེར་ནག་མ་བོ་དེ་ས་ལ་བསྲེས་ཤིང་རླུང་ལ་བསྐུར་བ་དྲན་ན། ཁྲག་དམར་པོ་མེ་ལ་བསྒྲོན་ནས་སྙིང་དམར་པོ་བསྲེགས་ན་འདོད་མོད། ད་ནི་དེས་ཅི་བྱེད།
        དེ་དུས། ས་མཐའི་རང་མཐོང་གིས་བཅུམས་པའི་རེབ་གོང་གི་གསར་བུ་ལས་མེད་སྐོར་ཞིག་གི་ལས་ཀ་ནི། རྫོང་ཁག་གཞན་ནས་ཡོང་བའི་སློབ་མ་ཚོར་ཐུབ་ཚོད་བྱེད་རྒྱུ་དེ་ཡིན་མོད། དེང་རབས་ཅན་ཟེར་བའི་རྒྱུ་ངོ་བུ་བཞིན་འཚོ་ལ་རང་དོན་སྲོག་བཞིན་གཅེས་པ་འདི་ཡིག་ཆ་ཞིག་དང་འདྲ་བར་ཁུལ་ཐོག་ལ་ཐོན་པ་དང་། གསར་བུ་དེ་དག་ཀྱང་ཚོང་ལས་དང་ལྷན་དུ་རེབ་གོང་གི་བོང་བུ་བཞིན་ཁོམ་མེད་དུ་གྱུར་སོང་།
        ང་རང་སློབ་མཐར་ཕྱིན་པའི་དབྱར་ལོ་དེར་རེབ་གོང་ལ་སྔོན་ཆད་བབས་མ་མྱོང་བའི་ཆར་བ་ཞིག་མཚམས་མེད་དུ་བབས་ནས། སྤྱིར་ནའང་མཐོ་སྒང་གི་ནམ་ཟླའི་དྲིན་ལ་བཟང་རྒྱུ་མེད་པའི་འབྲུ་རིགས་ཀྱི་ཐོན་ཚད་དེ་ལེན་རྒྱུ་མེད་པ་ཞིག་བྱས་ལ། དེ་ལས་ཀྱང་།“མིག་སྐྲང་སྟེང་ལ་ཁུ་ཚུར”ཟེར་བ་བཞིན། ཆུ་གློག་གིས་བོང་བུ་མང་པོ་ཞིག་ཀྱང་ཁུར་སོང་སྐད།
        ང་རང་ཕྱིར་འགྲོ་ཁར་ས་ལྟ་ཡུལ་ལྟ་ཞིག་བྱས་ན། རེབ་གོང་ནས་སུན་སྣང་སྐྱེ་བྱེད་གཞན་ཞིག་ནི་ས་སྐྱ་བའི་སྟེང་ལ་རྩྭ་མེད་པ་དེ་དང་། རྩྭ་མེད་པའི་སྟེང་ལ་ཙད་ཆེ་བ་དེས་ཀྱང་ང་རང་གི་སེམས་བསད་བཞག་ཡོད་པ་འདྲའོ། །

གསུམ་པ།
        མི་ཚེ་ནི་རྒྱང་ལ་སྲིང་གིན་སྲིང་གིན་གོར་དབྱིབས་ཀྱི་ཐིག་རིས་ལྟར་ཕྱིར་དང་མའི་ཡུལ་ལ་ཐོན་འགྲོ་བ་འདྲ་སྟེ། 2005ལོར་ང་རང་མཚོ་སྔོན་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་དུས་ཀྱང་། སོས་མགོ་བཟང་པོ་ཞིག་དང་འདྲ་བར་ཕ་ཡུལ་དུ་ཐོན་འདུག
        ད་ནི་ང་ཡིས“མ་བསྒྲུབས་པ་ལ་གཅིག་མེད། འགྲུབ་པའི་དོན་བཟང་གཅིག་མེད”ཟེར་བ་ལྟར་རང་གི་འུར་འུར་པོ་དག་དང་ཟིང་ཟིང་པོ་དག་གཡུགས་ནས་སློབ་མ་ཚོ་ཅུང་ཙམ་ནང་གི་མདོར་ཙམ་གླེང་ན།
        ཤུགས་བཏོན་ནས་གཏེར་ཁ་བསྔོགས་བསྔོགས་ཤིག་མ་བྱས་མོད།སེམས་བསྟན་ནས་ཁང་ཆུང་གློག་གིས་གསལ་གསལ་ཅིག་བྱས་པ་དེ་ལ་ནི“ཁྱོད་རང་མ་དགའ་གད་སོང་རུང”ཐབས་ཀྱིས་སྟོང་ངོ་། །
        “མི་སེམས་མི་ལ་བཅར་ན་ཇེ་དྲོ་ཇེ་དྲོ།ཆུ་རྒྱུན་ཆུ་ལ་འདྲེས་ན་ཇེ་བྲུག་ཇེ་བྲུག”ཟེར་བ་བཞིན། དང་མ་སྣབས་འདྲུད་མཁན་དང་དེང་སང་རྩོམ་འབྲི་མཁན་གྱི་སློབ་མ་སྐོར་ཞིག་གིས“དགེ་རྒན། དགེ་རྒན།”ཟེར་བ་དེས་མ་ཆོག་པ་ཅི་ཞིག་ཡོད་དམ།
        ཁྱོད་ཀྱིས་རང་གི་གྲིབ་མ་ས་ལ་དྲུད་པ་མ་ཤེས་པར་སྣང་བ་སྣ་མགོར་བཟུང་ནས་འདང་ཞིག་བརྒྱབ་ན་དེ་འདྲ་ཞིག་ཨེ་རེད། སློབ་གྲྭར་སོང་མྱོང་མཁན་ཚོ། དགེ་རྒན་བྱས་མྱོང་མཁན་ཚོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1