༄༅།། གསེར་ཡུལ་གྱི་ཟོ་དོར་ཆེན་པོ་མགོན་པོ་འབྲོག་རི་སྨུག་པོའི་གནས།

ཀརྨ་རྒྱལ་མཚན་ནས་བསྒྲིགས། ཀརྨ་བཀྲ་ཤིས་རྣམ་རྒྱལ་གྱིས་པར་བླངས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-11



ཀརྨ་རྒྱལ་མཚན་ནས་བསྒྲིགས། ཀརྨ་བཀྲ་ཤིས་རྣམ་རྒྱལ་གྱིས་པར་བླངས།

        གསེར་རྟ་རྫོང་ནི། དཀར་མཛེས་ཁུལ་གྱི་ནུབ་བྱང་རྒྱུད་ལ་ཡོད་དེ། རྫོང་མི་དམངས་སྲིད་གཞུང་གསེར་ཐང་གྲོང་རྡལ་ལ་ཆགས་ཡོད། སའི་ཆགས་རིམ་རྒྱ་མཚོའི་ངོས་ལས་མཐོ་ཚད་ཆ་སྙོམས་སྨི་3893ཙམ་ཡོད། ཁུལ་སྲིད་གཞུང་གི་གནས་ཡུལ་དར་མདོ་བར་རྒྱང་ཐག་སྤྱི་ལེ་443ཙམ་ཡོད། དེའི་ཤར་ཕྱོགས་སུ་རྔ་བ་རང་སྐྱོང་ཁུལ་གྱི་འཛམ་ཐང་རྫོང་དང་། བྱང་ཕྱོགས་སུ་མཚོ་སྔོན་ཞིང་ཆེན་པདྨ་རྫོང་དང་། དར་ལག་རྫོང་གཉིས། ནུབ་ཕྱོགས་དང་ལྷོ་ཕྱོགས་སེར་ཤུལ་དང་། དཀར་མཛེས། བྲག་འགོ་རྫོང་གསུམ་དང་འབྲེལ་ཡོད། རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་93390ཙམ་ཡོད། གསེར་ཐར་རྫོང་ཞེས་པའི་མིང་ལ་བཤད་སྲོལ་སྣ་ཚོགས་ཡོད་ཀྱང་། མིང་དོན་གཙོ་བོ་གསེར་ཐར་དུ་སྔར་གསེར་གྱི་རྟ་ཞིག་མཐོང་ནས་མིང་བཏགས་པ་སྟེ། གསེར་ཐར་ཞེས་པའི་ཐར་ནི་འབྲོག་དམངས་ཀྱི་ཡུལ་སྐད་ཡིན་ལ། གསེར་ཐར་གྱི་མིང་འགྲེལ་སྐབས་ནང་དོན་དངོས་གསེར་རྟ་ཞེས་ངོས་འཛིན་བྱེད་དགོས། གསེར་ཐར་ནི་སྔོན་དུས་ནས་ཚོ་པའི་འགོ་དཔོན་ཆེ་འབྲིང་ཆུང་གསུམ་གྱི་མངའ་འོག་གནས་པ་ལས། རྒྱལ་རབས་རིམ་བྱུང་སྐབས་ཀྲུང་དབྱང་སྲིད་དབང་གིས་བདག་གིར་བཟུང་བའི་སྲིད་སྐྱོང་གི་སྒྲིག་གཞི་བཙུགས་མ་མྱོང་བས། ས་འདིར་གཏོགས་མིན་ས་ཆ་ཞེས་ཟེར་སྲོལ་ཡོད། བོད་སྐད་དུ་ས་འདིར་དབལ་ཤུལ་གསེར་ཐར་ཞེས་ས་མིང་གི་སྔོན་དུ་རུས་མིང་མཆོག་ཏུ་བཟུང་ནས་བཏགས་པ་ཡིན།

  གཡུ་འབྲུག་ཟེ་བ།

        དབལ་ཤུལ་ནི་གསེར་ཐར་རྩྭ་ཐང་དུ་གནས་པའི་ཚོ་པ་སོ་སོའི་སྲོག་ཤིང་དང་ཚོ་པ་མནའ་འབྲེལ་གྱི་ཆེས་གཙུག་ཏུ་འཛིན་པའི་རྗེ་བོ་རུ་གྱུར་པའི་རྟགས་མཚན་ཅིག་ཡིན་པ་མ་ཟད། དབལ་ཤུལ་ནི་གདུང་རྒྱུད་སྐྱོང་བའི་ཚོ་པ་མནའ་འབྲེལ་གྱི་རྗེ་བོ་ཞིག་ཀྱང་ཡིན་ཞེས་དབལ་ཤུལ་གྱི་རུས་མཛོད་བྲིས་མ་ལས་གསལ་ལོ། །གསེར་འབྲོང་རི་སྨུག་པོ་ནི་དབལ་ཤུལ་འབྲོག་སྡེས་སྔ་ནས་གསོལ་མཚོད་བྱ་བ་སྟེ།
        བེེ་རོ་ཙ་ནས་མཛད་པའི་ཟབ་ཆོས་མཁའ་འགྲོའི་སྙིང་ཐིག་ལས༔ གཏེར་གནས་འབྲོག་རིའི་དཀར་ཆག་བཞུགས་སོ༔ ཞེས་པ་ལས། ཡོངས་སུ་གྲགས་པ་པདྨའི་བྱིན་རླབས་ལས༔ བོད་ཁམས་གནས་ཆེན་གནས་ཕྲན་གྲངས་མང་ཡང༔ དེ་ཡི་ནང་ནས་རྒྱལ་མོ་རོང་སྟོད་ཀྱི༔ གཏེར་གནས་འབྲོང་རི་སྨུག་པོའི་བཀོད་བྱང་ནི༔ ཞི་རྒྱས་དབང་དྲག་ལྡན་པའི་གདན་སྟེང་དུ༔ རིན་ཆེན་རྡུལ་བརྩེགས་རི་བོ་སྤོ་ནི་མཐོ༔ ཆོས་ཉིད་འགྱུར་མེད་རྫོགས་པའི་མཐིང་ནག་འབར༔ དབྱིབས་ནི་ཕྱོགས་མཚམས་གང་ཡང་མ་ངེས་ཏེ༔ ཤར་ནས་མཇལ་ན་ཟླུམ་པོ་ནོར་བུ་འདྲ༔ ལྷོ་ནས་མཇལ་ན་གདན་སྟེང་བཤོས་བུའམ༔ ཡང་ན་དམར་གཏོར་གནམ་དུ་གཟེང་བ་འདྲ༔ ནུབ་ནས་མཇལ་ན་རྒྱལ་པོ་བཞུགས་པའམ༔ གྲུ་གསུམ་སྐབས་སུ་ཟླ་གམ་ཚུལ་དུ་འདུག༔ བྱང་ནས་མཇལ་ན་དྲག་པོའི་རི་བོ་ནི༔ རྫ་ནི་སྔོ་དམར་གཡུ་ཡི་རྔོག་རལ་ཅན༔ རྩེ་མོ་ལྷ་ཤིང་སྦ་སྨྱུག་འཕྲུ་ལོ་རྒྱས༔ གཞན་ཡང་རི་བོ་གཞན་རྣམས་ཕྱོགས་མཚམས་ནི༔ གང་ནས་མཇལ་ཀྱང་ཞི་རྒྱས་དབང་དྲག་ཚུལ༔ ངོ་མཚར་བཀྲ་ཤིས་རྫས་རྟགས་ལ་སོགས་ཚང༔ དེ་འདྲའི་གནས་མཆོག་འོག་མའི་ཞིང་དང་མཚུངས༔ ཕྱི་ཡི་ལྟར་སྣང་རིགས་གསུམ་མགོན་པོའི་གནས༔ ཕྱི་ནི་རི་བོ་ནང་ནི་གཞལ་ཡས་ཁང༔ བང་རི་སྟེང་འོག་བར་གསུམ་ཚུལ་དུ་འདུག༔ སྟེང་འོག་ཕྱོགས་མཚམས་པད་མའི་འོད་དུ་འབར༔ (ཕྱི་ནང་གི་ལྷ་ཚོགས་བཞུགས་བྱང་ནི་ཡི་གེ་མང་བ་ལ་དོགས་ནས་བསྡུས་པས་ཞིབ་ཆ་གཟིགས་འདོད་པས་འདིའི་དཀར་ཆག་ལ་གཟིགས་པར་འཚལ།) ཕྱི་ནི་རི་བོ་ནང་ན་བཙན་རྫོང་འདྲ༔ དེ་དབུས་གླིང་རྗེ་གེ་སར་རྒྱལ་པོ་ལ༔ དཔའ་ཐུལ་སུམ་ཅུ་ལ་སོགས་འཁོར་གྱིས་བསྐོར༔ གནས་སྲུང་རྡོ་རྗེ་དཔའ་བོ་འཇིགས་པའི་གཟུགས༔ བསེ་ཡི་གོ་ཁྲབ་རྨོག་ཕུབ་རྔམ་པ་གསོལ༔ ཕྱག་གཡས་རལ་གྲི་ནམ་མཁའི་དབྱིངས་སུ་ཕྱར༔ སྟག་རལ་གཟིག་ཤུབ་གསེར་སྒ་གཡུ་མཐུར་ཅན༔ རྟ་སྔོན་ཆུ་རིས་རླུང་གི་ཤུགས་འཆང་ཆིབ༔ ལས་བྱེད་དམག་ཚོགས་མང་པོའི་དབུས་ན་བརྗིད༔ ཕྱི་ཡི་ངོ་མཚར་རང་བྱུང་ཡོད་ཚུལ་ནི༔ སྒྲོལ་མ་གཡུ་ལས་རྒྱལ་བའི་སྐུ་དང་སྔགས༔ དམག་དཔོན་རཏྣ་ཡིད་བཞིན་བླ་གཏེར་ཡོད༔ གེ་སར་དབུ་ཞྭ་ཕྲེང་བ་གཏེར་དུ་ཡོད༔ རྡོ་ཡི་ཨཱ་ལི་སེམས་མེད་འགྲོ་ཤེས་ཡོད༔ གེ་སར་རྒྱལ་པོའི་གསང་ཁྲི་ཆིབ་རྟའི་རྗེས༔ རྟ་ཕོ་བཏགས་པའི་རྡོ་རིང་ཕུར་པ་ཡོད༔ གེ་སར་མདའ་འཕེན་རྡོ་ཡི་གཏོར་མ་ཡོད༔ བདུད་པོ་བསྒྲལ་བའི་གློ་སྙིང་མགོ་གསུམ་ཡོད༔ གེ་སར་ཉམས་འགུར་གླུ་ཆུང་གཏེར་རུ་ཡོད༔ དགྲ་བགེགས་བསྒྲལ་བའི་རཀྟའི་ཆུ་མིག་ཡོད༔ བདུད་མགོན་ཡབ་ཡུམ་སྐུ་དང་སྔགས་རང་བྱོན༔ གཡུ་སྒྲའི་ཕྱག་བྲིས་མཚལ་གྱི་བཀའ་རྟགས་ཡོད༔ དེ་རྣམས་དམག་དཔོན་བཀོད་བྱང་མཚོན་ཙམ་ཡིན༔ གཞན་ཡང་གཏེར་གནས་འབྲོང་རི་སྨུག་པོ་ཡི༔ ལུང་པ་ཕུ་མདའ་ཉིན་སྲིབ་ཐམས་ཅད་ཀྱི༔ རྩི་ཤིང་ས་རྡོ་རྡུལ་ཆག་ཕྲག་ཚེགས་ཡང༔ གནས་གསུམ་དཔའ་བོ་མཁའ་འགྲོའི་རང་བཞིན་ཡིན༔ མདོར་ན་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ ཐུགས་རྗེ་བྱིན་རླབས་བཀོད་པ་མ་ལུས་རྫོགས༔ བཀའ་བརྒྱུད་བླ་མའི་བྱིན་རླབས་སྤྲིན་ལྟར་གཏིབ༔ ཡི་དམ་ལྷ་ཡི་དངོས་གྲུབ་ཆར་ལྟར་འབེབས༔ མ་རྒྱུད་མཁའ་འགྲོའི་ཐུགས་རྗེ་འཇའ་ལྟར་ཤར༔ ཆོས་སྐྱོང་སྲུང་མའི་ཕྲིན་ལས་གློག་ལྟར་འཁྱུག༔ འགྲོ་བའི་གཉིད་སློང་ཆོས་སྒྲ་འབྲུག་ལྟར་སྒྲོགས༔ སྡེ་བརྒྱད་དྲེགས་པ་ལས་ལ་ཐོག་ལྟར་འཕྱོང༔ ཉོན་མོངས་ནད་འཇོམ་སྤོས་དང་དྲི་བསུང་གཏིབ༔ དེ་འདྲའི་གནས་མཆོག་དཔལ་གྱི་ཧེ་ཆེན་ཉིད༔ གཟུགས་ཅན་མི་ཡིས་མཐོང་ན་དད་པ་སྐྱེ༔ གཟུགས་མེད་ལྷ་འདྲེས་མཐོང་ན་གདུག་སེམས་ཞི༔ དམ་ཉམས་བསྟན་དགྲས་མཐོང་ན་གློ་སྙིང་འདར༔ ཕ་རོལ་པོ་ཡང་མཐོང་ཙམ་དབང་དུ་སྡུད༔ ཁྱད་པར་ལྔ་བདོའི་ཉི་ཤུ་ཁ་རལ་དུས༔ ཐུགས་རྗེ་བྱིན་རླབས་བསམ་འཕེལ་ནོར་བུ་དང༔ ཐེ་ཚོམ་མ་བྱེད་བསླུ་བ་མེད་ངེས་ཡིན༔ ཞེས་གསུངས་པ་ལྟ་བུའོ། །དེ་མིན་གསེར་རྟའི་ཡུལ་གྲུ་སྟོད་སྨད་ཀུན་དུ་གེ་སར་དང་འབྲུག་མོ་དཔལ་ཐུལ་རྣམས་ཀྱི་རྗེས་ཤུལ་དང་འདྲ་གཟུགས་བཤད་རྒྱུན་ཡོད་པ་སྟེ། ཟུར་དུ་འཁོད་པ་ལས་ཤེས་པ་བྱའོ། །
        དེ་ལྟར་དབལ་ཤུལ་འབྲོག་སྡེས་སྔ་ནས་བསྐྲུན་ཅིང་དགའ་སྐྱིད་འཚོ་བ་ལོངས་སུ་སྤྱོད་པའི་གནས་ཁྱད་པ་ཅན་འདིར་ལོ་ལྟར་དབྱར་ཟླ་ཤར་ཚེ་མི་རྣམས་གནས་དེར་མཉམ་འཛོམས་བྱས་ནས་བསང་གསེར་སྐྱེམས་ཀྱིས་གནས་རི་གསོལ་བ་དང་། སྲོག་ལུས་དབང་ཐང་དར་བ་ལ་ཀླུང་རྟ་གཏོར་མཆོད། རྟ་རྩལ་འགྲན་པ། གཞས་གཏོང་བ། ཞབས་བྲོ་འཁྲབ་པ་སོགས་དགའ་སྐྱིད་འཚོ་བ་ལོངས་སུ་སྤྱོད་ཀྱི་ཡོད་ལ། འབྲོག་པའི་ཁྱད་ཆོས་ལྡན་པའི་ཞིམ་ཟས་སྣ་ཚོགས་ལོངས་སུ་ སྤྱོད་པ་བཅས་ཀྱིན་ཡོད།
        དེང་སྐབས་རང་རྒྱལ་གྱི་མི་རིགས་ཁག་སོ་སོའི་ཐུན་མིན་གྱི་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་།  རིག་དངོས་ཤུལ་བཞག་གསོན་ནུས་ལྡན་དགོས་པའི་སྐབས་འདིར་གསེར་འབྲོང་རི་སྨུག་པོའི་གནས་སྐོར་རིག་གནས་ལ་གསེར་རྟ་རྫོང་ཨུའུ་དང་རྫོང་མི་དམངས་སྲིད་གཞུང་གིས་དེ་བས་མཐོང་ཆེན་བྱེད་བཞིན་པ་ནི། སྔ་ལས་ལྷག་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རིགས་ས་ཁུལ་གྱི་ལས་དོན་སྐོར་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། སྔོ་ལྗང་རི་ཀླུང་ཆུ་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཅངས་པ་དང་ལག་བསྟར་བྱེད་བཞིན་པའོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1