ལི་ཁེ་ཆང་གིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨ་པེ་ཤིན་ཟོ་དང་གྲོས་མོལ་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-27



ཟླ་12ཚེས་25ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཏུའུ་ཅང་ཡན་ཧའོ་ཧྲེང་མགྲོན་ཁང་དུ་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨ་པེ་ཤིན་ཟོ་དང་གྲོས་མོལ་གནང་བ་རེད།
     ཚེས་25ཉིན་གྱི་སྔ་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཏུའུ་ཅང་ཡན་ཧའོ་ཧྲེང་མགྲོན་ཁང་དུ་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨ་པེ་ཤིན་ཟོ་དང་གྲོས་མོལ་གནང་བ་རེད། 
     ལི་ཁེ་ཆང་གིས་དེང་སྐབས་ཀྲུང་གོ་དང་འཇར་པན་བར་གྱི་འབྲེལ་བ་སྤྱིའི་ཆ་ནས་ལེགས་བཅོས་དང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱས་ཡོད་ལ། རྣམ་པ་འདི་ལས་སླ་པོར་བྱུང་བ་ཞིག་མིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་འཇར་པན་བར་གྱི་འབྲེལ་བར་མཐོང་ཆེན་བྱས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ནས་ཁྱེད་ལ་མཇལ་འཕྲད་གནང་བ་རེད། ཕྱོགས་གཉིས་པོས་ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཡིག་ཆ་བཞིའི་ནང་གཏན་འཁེལ་བྱས་པའི་རྩ་དོན་ཁག་ལ་བརྩི་སྲུང་ནན་པོ་ཞུས་ནས་ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་འབྱུང་འགྱུར་ལ་ཁ་ཕྱོགས་པའི་དགོངས་དོན་ལ་མུ་མཐུད་དམིགས་པ། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་པ་བཅས་བྱས་ཏེ། སྣང་འཇོག་ཆེན་པོ་བྱེད་པའི་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་གཏན་གྱི་སྲོལ་ལམ་དུ་བསྐྱར་ལོག་བྱེད་པའི་རྨང་གཞིའི་ཐོག་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ན་ནིང་ངས་འཇར་པན་ལ་འཚམས་འདྲི་བྱེད་རིང་སྐུ་ཞབས་དབུ་བཞུགས་བློན་ཆེན་གྱིས་ང་དང་མཉམ་དུ་ཧོ་ཁའེ་ཏའོ་ལ་འཚམས་འདྲི་ཞུས་པ་ཡིན། ངས་དེ་རིང་ཁྲིན་ཏུའུ་ཏུའུ་ཅང་ཡན་དུ་ཁྱོད་དང་གྲོས་མོལ་བྱེད་པ་ནི་བདག་པོའི་མཛའ་བརྩེ་མཚོན་ཆེད་ཡིན། འཇར་པན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་བསྐྱོད་དེ་ཕྱོགས་གཉིས་པོས་མཐོ་རིམ་འགྲོ་འོང་སྔར་བས་མང་བ་སྤེལ་བར་མཐུན་རྐྱེན་དང་རྣམ་པ་བཟང་པོ་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། 
     ལི་ཁེ་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་འཇར་པན་གཉིས་ནི་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོ་དང་ཕན་ཚུན་ཉོ་ཚོང་གི་གྲོགས་པོ་གཙོ་བོ་ཡིན། ཀྲུང་གོས་ཞབས་ཞུའི་ལས་རིགས་ཀྱི་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བཞིན་ཡོད། དེས་རྒྱལ་ཁབ་གཉིས་ཀྱིས་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པར་གོ་སྐབས་སྔར་ལས་ཆེན་པོ་འདོན་སྤྲོད་བྱ་རྒྱུ་རེད། རྒན་རྒོན་ཅན་ལ་ཁ་གཏད་གཅོག་པའི་ཁྱབ་ཁོངས་སུ་ཀྲུང་གོ་དང་འཇར་པན་གྱི་མཉམ་ལས་ཀྱི་བར་མཐོངས་རྒྱ་ཆེན་པོ་ཡོད་པས་གཉིས་ཁེ་གཉིས་ཕན་རྦད་དེ་ཡོང་ཐུབ་ངེས་རེད། དངུལ་འཛིན་དང་། ཚེ་སྲོག་འགན་བཅོལ། སྨན་བཅོས་སོགས་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཚོད་ལྟའི་གྲོང་ཁྱེར་དུ་གོམ་སྟབས་སྔར་བས་ཆེ་ཙམ་སྤོ་ཆོག་ལ། མཉམ་ལས་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་ཆོག མ་འཇོག་དང་། གསར་གཏོད། ཕྱོགས་གསུམ་པའི་ཚོང་ར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། མི་ཆོས་རིག་གནས་ཀྱི་སྤེལ་རེས་བྱེད་རྒྱ་ཆེ་རུ་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད། 
     ལི་ཁེ་ཆང་གིས་ཀྲུང་གོ་དང་། འཇར་པན། ཁོ་རེ་ཡ་ལྷོ་མ་བཅས་ཀྱི་འགོ་ཁྲིད་པའི་ཚོགས་འདུ་ཐེངས་བརྒྱད་པ་ཐུགས་གྲ་ལེགས་འགྲིག་བྱུང་ཡོད། ང་ཚོས་རྒྱལ་ཁབ་གསུམ་པོའི་མཉམ་ལས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་ཐུན་མོང་ཐོག་རྒྱང་ལྟ་དང་འཆར་འགོད་བྱས་པ་དང་། ཕྱི་ཕྱོགས་སུ་ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་སྲུང་སྐྱོང་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་དགེ་མཚན་ལྡན་པའི་ཆ་འཕྲིན་བཏང་ཡོད། ང་ཚོས་འཇར་པན་ཕྱོགས་ཚུད་པའི་ཕྱོགས་ཁག་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་སང་ལོར་ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད(RCEP)ལ་དུས་བཀག་ལྟར་མིང་རྟགས་འགོད་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་འཇར་པན། ཁོ་རེ་ཡ་ལྷོ་མ་བཅས་གསུམ་གྱི་རང་མོས་ཚོང་དོན་ཁུལ་གྱི་གྲོས་ཆོད་གྲོས་མོལ་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་འདོད་ཡོད་པས། དེས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད་ལ། འཛམ་གླིང་ཚོང་དོན་རྩ་འཛུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུར་ཡང་ཕན་པ་ཡོད་ཅེས་གསུངས་པ་རེད།
     ཨ་པེ་ཤིན་ཟོ་ཡིས་ཀྲུང་གོ་ཕྱོགས་ཀྱིས་གཙོ་སྐྱོང་གནང་བའི་ཀྲུང་གོ་དང་། འཇར་པན། ཁོ་རེ་ཡ་ལྷོ་མ་བཅས་ཀྱི་འགོ་ཁྲིད་པའི་ཚོགས་འདུ་ཐེངས་བརྒྱད་པ་ཐུགས་གྲ་ལེགས་འགྲིག་བྱུང་བར་རྟེན་འབྲེལ་ཞུ་རྒྱུ་ཡིན། རྒྱལ་ཁབ་གསུམ་པོས་མཉམ་ལས་བྱས་ནས་འདས་ཟིན་པའི་ལོ་20ཡི་རིང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དེས་རྒྱལ་ཁབ་གསུམ་དང་དེ་བཞིན་ས་ཁུལ་གྱི་མི་དམངས་ལ་བདེ་སྐྱིད་སྐྲུན་ཤུགས་ཆེ་རུ་བཏང་ཡོད། ན་ནིང་ཙུང་ལི་ལི་ཁེ་ཆང་གིས་འཇར་པན་ལ་འཚམས་འདྲི་ཞུས་པ་དང་། འཇར་པན་དང་ཀྲུང་གོའི་དབར་གྱི་འབྲེལ་བ་རྒྱུན་གཏན་གྱི་སྲོལ་ལམ་དུ་བསྐྱར་ལོག་བྱས་ཡོད། འཇར་པན་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ཡོང་བར་འགན་འཁྲི་གལ་ཆེན་འཁུར་ཡོད། ཕྱོགས་གཉིས་པོས་མཐོ་རིམ་འགྲོ་འོང་ཟབ་ཏུ་གཏོང་བ་དང་འབྲེལ་གཏུག་དང་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་འཇར་པན་དང་ཀྲུང་གོའི་འབྲེལ་བའི་དུས་རབས་གསར་པ་གཏོད་དགོས། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་བར་མཐོངས་ཆེན་པོ་ཡོད། འཇར་པན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒན་རྒོན་ཅན་དང་། དངུལ་རྩ། ཡུལ་སྐོར། ཁོར་ཡུག་སྲུང་སྐྱོང་། གནོད་འཚེ་ཉུང་གཏོང་། སྨན་བཅོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། འཇར་པན་དང་ཀྲུང་གོའི་ཚན་རྩལ་གསར་གཏོད་དང་ཕྱོགས་གསུམ་པའི་ཁྲོམ་ར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད་པས་མུ་མཐུད་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་གོམ་གང་མདུན་སྤོས་ཀྱིས་ཞབས་ཞུའི་ལས་རིགས་ཀྱི་ཁྲོམ་རའི་སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་བཏང་བར་འཇར་པན་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་དང་སྒོ་དབྱེའི་འཕེལ་རིམ་ནང་ཧུར་ཐག་གིས་ཞུགས་འདོད་ཡོད། འཇར་པན་ཕྱོགས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཆུ་ཚད་མཐོ་བའི་RCEPལ་མིང་རྟགས་གང་མགྱོགས་སུ་འགོད་རྒྱུར་སྐུལ་འདེད་གཏོང་བ་དང་ཀྲུང་གོ་དང་། འཇར་པན། ཁོ་རེ་ཡ་ལྷོ་མ་བཅས་ཀྱི་རང་མོས་ཚོང་དོན་ཁུལ་གྱི་གྲོས་མོལ་འཕེལ་རིམ་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད། 
    གྲོས་མོལ་གནང་རྗེས་ལི་ཁེ་ཆང་དང་ཨ་པེ་ཤིན་ཟོ་རྣམ་གཉིས་ཀྱིས་ཏུའུ་ཅང་ཡན་ཆུ་བེད་ལས་གྲྭར་གཟིགས་སྐོར་གནང་བ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1