༄༅།། འཕུར་ཅིག་གཤོག་ཟུང་བརྐྱང་བའི་ལྕགས་ཀྱི་བྱ་ཁྱུང་།

རྣམ་དཀར་ལྷ་མོས་སྒྲིག་བསྒྱུར་བྱས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-27


འཕུར་ཅིག་གཤོག་ཟུང་བརྐྱང་བའི་ལྕགས་ཀྱི་བྱ་ཁྱུང་།——པེ་ཅིན་ཏ་ཞིང་རྒྱལ་སྤྱིའི་གནམ་ཐང་།
རྣམ་དཀར་ལྷ་མོས་སྒྲིག་བསྒྱུར་བྱས།

        2014ལོའི་ཟླ་12པའི་ཚེས་26ཉིན་ཏ་ཞིང་རྒྱལ་སྤྱིའི་གནམ་ཐང་འཛུགས་སྐྲུན་བྱེད་འགོ་བརྩམ་ཤིང་། 2018ལོའི་ཟླ་9པའི་ཚེས་29ཉིན་ལ། པེ་ཅིན་ཏ་ཞིང་རྒྱལ་སྤྱིའི་གནམ་ཐང་གི་ཤར་ཕྱོགས་མཁའ་འགྲུལ་རྟེན་གཞིའི་ཁང་ཀླ་བཀབ་ཅིང་། 2019ལོའི་ཟླ་5པའི་ཚེས་13ཉིན་ལ། ཚོད་ལྟའི་འཕུར་སྐྱོད་འགོ་བརྩམས། ཟླ་5པའི་ཚེས་13ཉིན་ལ། ཚོད་ལྟའི་གནམ་གྲུ་ཐེངས་དང་པོར་ཏ་ཞིང་གནམ་ཐང་དུ་བབས། ཟླ་6པའི་ཚེས་30ཉིན་ལ་གནམ་ཐང་གི་མཁའ་འགྲུལ་འབབ་ཚུགས་ཐོག་ཁང་ལེགས་འགྲུབ་བྱུང་ཞིང་། ཟླ་8པའི་ཚེས་26ཉིན་ལ། གནམ་ཐང་གིས་ IIIB(3B)ལེགས་གྲུབ་བྱུང་ཞིང་། HUD RVRསྨི་75དང་རྒྱལ་ཐོན་ཚད་རིམ་བཞི་པའི་A-SMGCSམ་ལག་ཚོད་ལྟའི་མཁའ་འཕུར་ལས་གཞི་ལེགས་འགྲུབ་བྱུང་། ཟླ་9པའི་ཚེས་25ཉིན་ལ་པེ་ཅིན་ཏ་ཞིང་རྒྱལ་སྤྱིའི་གནམ་ཐང་དངོས་སུ་བེད་སྤྱོད་བྱེད་འགོ་བརྩམས། འདི་ནི་པེ་ཅིན་གྱི་གནམ་ཐང་བརྒྱད་པ་ཡིན་ལ། དམངས་སྤྱོད་འགྲུལ་སྐྱེལ་ལ་བཀོལ་བའི་གནམ་ཐང་གསུམ་པ་ཡིན།

        པེ་ཅིན་ནས་གནམ་ཐང་གསར་པ་བསྐྲུན་པའི་འཆར་འགོད་དེ་2000ལོ་ནས་བཏོན་པ་ཡིན། སྐབས་དེ་དུས་པེ་ཅིན་རྒྱལ་སའི་རྒྱལ་སྤྱིའི་གནམ་ཐང་གིས་དགོས་མཁོ་སྐོང་ཐུབ་པས། ཏ་ཞིང་རྒྱལ་སྤྱིའི་གནམ་ཐང་འཛུགས་སྐྲུན་བྱ་རྒྱུའི་ཆ་ནས་བྲེལ་བ་མ་ཤར། 2008ལོར། པེ་ཅིན་ཨོ་རྩལ་འགྲན་ཚོགས་བསྡུས་པ་དང་བསྟུན་ནས། པེ་ཅིན་རྒྱལ་སའི་གནམ་ཐང་གི་མཁའ་འགྲུལ་འབབ་ཚུགས་ཨང་3པ་བཀོལ་སྤྱོད་བྱས་ཤིང་། འགྲུལ་བ་མང་བའི་དཀའ་ཁག་སེལ་ནས་གནམ་ཐང་གསར་པ་འཛུགས་སྐྲུན་བྱེད་རྒྱུའི་དོན་དག་དེ་རེ་ཞིག་བཞག 2010ལོ་ནས་བཟུང་།
རྒྱལ་སའི་གནམ་ཐང་གི་འགྲུལ་སྐྱེལ་ཚད་དུས་ཡུན་ཐུང་བའི་ནང་ཇེ་མང་དུ་སོང་ནས། 2014ལོར་སླེབས་དུས་མི་ཐེངས་ཁྲི་8365ལ་སླེབས་ཤིང་། འཛམ་གླིང་གི་ཨང་གཉིས་པར་ཆགས་འདུག མཁའ་འགྲུལ་གྱི་གནོན་ཤུགས་ཇེ་ཆེ་ནས་ཇེ་ཆེ་ཡིན་པས་གནམ་ཐང་གསར་པ་འཛུགས་སྐྲུན་བྱ་རྒྱུ་དེ་ཉེ་བར་སྒྲུབ་དགོས་པའི་ལས་གཞི་ཞིག་ཏུ་གྱུར།
        པེ་ཅིན་ནས་གནམ་ཐང་གསར་པ་འཛུགས་སྐྲུན་བྱ་རྒྱུའི་འཆར་འགོད་ཁྲོད། འདེམ་བྱའི་ས་གནས་གསུམ་ཡོད་ལ། དེ་ལས་ཏ་ཞིང་ཁུལ་དང་ཧོ་ནན་ལིང་ཧྥང་གྲོང་ཁྱེར་གྱི་འདྲེས་མཚམས་ནས་བསྐྲུན་རྒྱུ་བྱས། ས་གནས་དེ་འདེམ་དགོས་པའི་རྒྱུ་མཚན་གང་རེད་ཅེ་ན། པེ་ཅིན་གྱི་ལྷོ་ཕྱོགས་ཁུལ་དེ་ཅུང་རྗེས་ལུས་ཀྱི་ས་ཁུལ་ཡིན་ལ། ཐོན་ཁུངས་དང་དཔལ་འབྱོར་སོགས་བྱང་ཕྱོགས་ཁུལ་དང་བསྡུར་ན་བར་ཁྱད་ཆེན་པོ་འདུག དེ་བས་གནམ་ཐང་གསར་པ་གནས་འདི་ནས་འཛུགས་སྐྲུན་བྱས་ན་ལྷོ་ཕྱོགས་ཁུལ་གྱི་དཔལ་འབྱོར་ལ་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཐུབ་པར་མ་ཟད། ཧོ་པེ་དང་ཐེན་ཅིན་སོགས་ཀྱི་ཕྱོགས་ནས་ཀྱང་གནམ་ཐང་གསར་པས་ཅིན་ཅེན་དབྱིས་གོང་བུ་གཅིག་ཏུ་ཆགས་པའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་ཐུབ།
        2014ལོའི་ཟླ་12པའི་ཚེས་15ཉིན་ལ་རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་གནམ་ཐང་གསར་པ་འཛུགས་སྐྲུན་བྱེད་རྒྱུའི་ལས་གཞི་ལ་ཆོག་མཆན་བཀོད། 2014ལོའི་ཟླ་12པའི་ཚེས་26ཉིན་ལ། པེ་ཅིན་གྱི་གནམ་ཐང་གསར་པའི་ལས་གྲྭས་ལས་འགོ་བརྩམ་པའི་མཛད་སྒོ་བསྡུས་ཤིང་། ལས་འགོ་རྩོམ་པའི་ཁུལ་དེ་གནམ་ཐང་གི་ནུབ་ཀྱི་འཕུར་ལམ་དང་པོ་དང་ནུབ་ཀྱི་འཕུར་ལམ་གཉིས་པའི་བྱང་ངོས་ཡིན་ལ། ལས་འགོ་བརྩམ་ནས་དགུན་ཁའི་དུས་ཚོད་བེད་སྤྱད་དེ་རྩིགས་རྨང་ཚོད་ལྟ་བྱས་ཏེ། 2015ལོར་ཕྱོགས་ཡོངས་ནས་ལས་ཀ་སྒྲུབ་པར་གྲ་སྒྲིག་བྱས།
        2018ལོའི་ཟླ་9པའི་ཚེས་12ཉིན་ལ། པེ་ཅིན་གནམ་ཐང་གསར་པའི་མཁའ་འགྲུལ་ཐོག་ཁང་གི་ཕྱོགས་ཡོངས་ནས་མཛེས་བཟོ་དང་ཆུ་གློག་སྒྲིག་འགོད། གྲུ་འཛེག་ཟམ་པ་སོགས་ཀྱི་སྒྲུབ་པའི་དུས་ལ་འཁེལ་ཞིང་། ཀྲུང་གོའི་མཁའ་སྣུམ་གྱི་སྦུ་གུ་འདྲེན་པའི་སྤྱིའི་ཆ་ནས་ལེགས་གྲུབ་བྱུང་ཞིང་། ཆུ་གནོན་དང་མཁའ་སྐྱོད་ཀུང་སིའི་ལས་མའི་སྡོད་ཤག་དང་ཟ་ཁང་སོགས་མཁའ་འགྲུལ་དང་འབྲེལ་བའི་སྒྲིག་ཆས་ཕྱོགས་ནས་ཕལ་ཆེར་འགྲུབ་ཡོད་ལ། གནམ་ཐང་ནང་གི་ཕྱོགས་སྡོམ་བར་ཁྱམས་བགྲོད་ལམ་ཤར་གཏོང་བྱས།
        པེ་ཅིན་གྱི་གནམ་ཐང་གསར་པའི་མཁའ་འགྲུལ་ཐོག་ཁང་གི་བཟོ་དབྱིབས་དེ་གཤོག་ཟུང་བརྐྱང་བའི་རྒྱ་བྱ་ཞིག་དང་འདྲ་ལ། བར་ཁྱམས་དེ་ལག་པའི་མཛུབ་མོ་ལྔ་བོ་དང་འདྲ་བར་ཕྱོགས་བཞིར་བསྲིང་ཡོད། དེ་དག་འགྱེད་འཕྲོའི་ཐིག་ལྔ་དང་འདྲ། བཟོ་བཀོད་འདིའི་གཙོ་བོ་འགྲུལ་བའི་ལྟེ་བ་བྱས་ཏེ་བསྐྲུན་པ་ཡིན་ལ། མཁའ་འགྲུལ་ཐོག་ཁང་ཡོངས་ལ་གྲུ་འཛེག་སྒོ་82ཡོད་ལ། འགྲུལ་བཞུད་པ་དང་མཁའ་འགྲུལ་ཐོག་ཁང་གི་ལྟེ་བ་ནས་རྐང་ཐང་ལ་གྲུ་འཛེག་སྒོ་གང་དུ་སོང་ཡང་སྐར་མ་8ཀྱི་དུས་ཚོད་མ་གཏོགས་སྤྱོད་མི་དགོས།
        གནམ་ཐང་གསར་པའི་ས་འོག་གི་ཤར་ནུབ་གཉིས་སུ་གྲོང་ཁྱེར་བར་གྱི་ལྕགས་ལམ་དང་མྱུར་བགྲོད་ལྕགས་ལམ་ཡོད་ལ། བར་དུ་གནམ་ཐང་ཐད་སྤྱོད་ལམ་ཐིག་དང་ས་འོག་མེ་འཁོར་ཡིན། ལམ་ཐིག་སྤྱིའི་ཞེང་ཚད་ལ་སྨི་270ཡོད་ལ། མྱུར་བགྲོད་ལྕགས་ལམ་ལས་བབས་རྗེས་ཐད་ཀར་མཁའ་འགྲུལ་ཐོག་ཁང་ནང་དུ་འགྲོ་ཐུབ་ལ། ལམ་ཐིག་བརྗེ་རྒྱུ་སྟབས་བདེ་ཤ་སྟག་ཡིན། མི་རྣམས་ཧྥུན་ཐེ་མེ་འཁོར་འབབ་ཚིགས་ནས་མྱུར་བགྲོད་མེ་འཁོར་ལ་བསྡད་ནས་ཐད་ཀར་ལམ་ཐིག་བརྗེས་ཆོག་ལ། ཞུང་ཨན་དང་ཧྲི་ཅ་ཀྲོའང་། ཐེ་ཡོན་སོགས་ནས་ཐད་ཀར་གནམ་ཐང་གསར་པར་བསྐྱོད་ཆོག
        མྱུར་བགྲོད་མེ་འཁོར་ལ་མཚོན་ན་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་300བྱས་ནས་མཁའ་འགྲུལ་ཐོག་ཁང་གི་འོག་ནས་འགྲོ་བས། དེ་ལས་བཟོས་པའི་འདར་འགུལ་གྱི་མཁའ་འགྲུལ་ཐོག་ཁང་ལ་ཐེབས་པའི་ཤུགས་རྐྱེན་གཡོལ་ཆེད། ལག་རྩལ་མི་སྣས་ཆེད་དུ་འཕྲེད་སྟར་འདར་འགུལ་གཡོལ་བའི་ལག་རྩལ་བེད་སྤྱོད་བྱས་ཡོད། འདི་ནི་མཁའ་འགྲུལ་ཐོག་ཁང་འདིའི་ཁྱད་ཆོས་དང་དགེ་མཚན་ཡིན་ཞེས་བརྗོད་ཀྱང་ཆོག གནམ་ཐང་གསར་པའི་མཁའ་འགྲུལ་ཐོག་ཁང་གི་ཀ་བ་དག་གོང་འོག་བར་མེད་དུ་བཙུགས་པ་མིན་པར་ས་འོག་དང་ས་སྟེང་གི་སྣོལ་མཚམས་སུ་འགྱིག་གི་ཀ་གདན་བཞག་ཡོད། འདིས་གནམ་ཐང་གསར་པ་འདི་གོ་ལ་ཧྲིལ་བོའི་འདར་འགུལ་གཡོལ་བའི་འཛུགས་སྐྲུན་ཆེ་ཤོས་སུ་གྱུར།
        གནམ་ཐང་འཛུགས་སྐྲུན་བྱས་ཚར་པ་ནས་བཟུང་། པེ་ཅིན་རྒྱལ་སའི་རྒྱལ་སྤྱིའི་གནམ་ཐང་གི་བར་སྣང་ཐོན་ཁུངས་མི་འདང་བའི་དཀའ་ཁག་སེལ་ཞིང་། མ་གཞི་ནས་རྒྱལ་སའི་གནམ་ཐང་ལ་མཚོན་ན་དཀའ་ཁག་ཆེན་པོ་གཉིས་ཡོད་དེ། བར་སྣང་གི་ཐོན་ཁུངས་ཉུང་བས་མཁའ་འཕུར་དུས་ཚོད་བཀང་ཡོད་ལ། མཁའ་འགྲུལ་ཀུང་སི་ལ་མཚོན་ན་མཁའ་ལམ་རེ་ཞུ་བྱེད་དཀའ་བ་དང་འཕུར་དུས་རེ་ཞུ་བྱེད་དཀའ་བའི་གནས་དང་འཕྲད་འདུག དེ་བས་རྒྱལ་སའི་གནམ་ཐང་ལ་མཚོན་ན་ཉིན་རེར་གནམ་གྲུ་300ལྷག་འཕུར་ཐུབ་ཀྱིན་མེད་ལ། ལོ་རེར་མི་ཐེངས་ཁྲི་1000ཡས་མེད་འཕུར་ཐུབ་ཀྱི་མི་འདུག
        གནམ་ཐང་གཉིས་ལྷོ་བྱང་བྱས་ནས་བར་སྣང་གི་ཐོན་ཁུངས་དག་སྒྲིག་བྱས་པར་མ་ཟད། འཕུར་ལམ་གྱི་སྒྲིག་འགོད་ཕྱོགས་ནས་གནམ་ཐང་གསར་པར་འཕུར་ལམ་བཞི་བཟོས་ཡོད་ལ། དེ་དག་འཕྲེད་ལ་གསུམ་དང་ཞེང་ལ་གཅིག་གི་རྣམ་པ་ཆགས་ཡོད། འདི་ནི་རྒྱལ་ནང་གི་ཐོག་དང་པོ་ཡིན་ལ། རྣམ་པ་འདི་ཅིན་ཅེན་བར་སྣང་འཕུར་སྐྱོད་ཀྱི་ཁྱད་ཆོས་དང་བསྟུན་ཞིང་། མཁའ་འགྲུལ་བདག་དམ་ལས་ཁུངས་ལ་ལག་བསྟར་བྱེད་ཆོག་པའི་ཇུས་གཞི་མང་པོ་བཏོན་པ་མ་ཟད། ཚད་མཐོ་བའི་སྒོ་ནས་པེ་ཅིན་གྱི་བར་སྣང་ཐོན་ཁུངས་མི་འདང་བའི་སྣང་ཚུལ་ཐག་གཅོད་བྱས་ཏེ། མཁའ་སྐྱོད་འཕྲུལ་ཆས་ས་ངོས་ནས་རྒྱུགས་པའི་དུས་ཚོད་ཉུང་དུ་བཏང་བ་རེད།
        གྲོང་ཁྱེར་གཅིག་ལ་གནམ་ཐང་གཉིས་དང་གྲོང་ཁྱེར་གཅིག་ལ་གནམ་ཐང་མང་པོ་ཡོད་རྒྱུ་དེ། གོ་ལ་ཧྲིལ་པོའི་དམངས་སྤྱོད་མཁའ་འགྲུལ་སྐྱེལ་འདྲེན་གྱི་འཕེལ་རྒྱས་ཀྱིས་བཏོན་པའི་ལོ་རྒྱུས་ཀྱི་ཐོན་དངོས་ཡིན་ལ། ཨ་མེ་རི་ཁའི་ཀྲི་ཁ་ཀོ་དང་ཉིག་ཡོག ཧྥ་རན་སའི་ཕ་རི་སུ། དབྱིན་ཇིའི་ལོན་ཏོན། ཨུ་རུ་སུའི་མོ་སི་ཁོ། ཀྲུང་གོའི་ཧྲང་ཧེ། ཨ་མེ་རི་ཁའི་ལོ་ཧྲན་ཅི། ལྷོ་ཁོ་རེ་ཡའི་ཧྲུའུ་ཨར་དང་འཇར་པན་གྱི་ཏུང་ཅིན་སོགས་ཡོད།
        གྲོང་ཁྱེར་གཅིག་ལ་གནམ་ཐང་མང་པོ་ཡོད་པའི་གནས་བབས་ཁྲོད་གནམ་ཐང་ཕན་ཚུན་གྱི་ཁ་གཏད་ས་དང་བར་ཐག འགྲིམ་འགྲུལ་སྒྲིག་ཆས་སོགས་སྟབས་བདེ་ཡིན་མིན་དེ་གནད་དོན་གལ་ཆེན་ཞིག་ཡིན་ལ། ཧྲང་ཧེ་ཕུའུ་ཏུང་གནམ་ཐང་དང་ཧྲང་ཧེ་ཧོང་ཆོ་གནམ་ཐང་དེ་རྒྱལ་སྤྱི་དང་རྒྱལ་ནང་། འགྲུལ་སྐྱེལ་དང་ཟོག་སྐྱེལ་སོགས་ཀྱི་ཆ་ནས་ཚོད་ལྟའི་ལེགས་སྒྲིག་ལེགས་པོ་བྱས་ཤིང་། པེ་ཅིན་གྱི་གནམ་ཐང་གསར་པ་དང་རྒྱལ་སའི་གནམ་ཐང་བར་མ་འོངས་པའི་ཁ་ཕྱོགས་གསལ་པོ་བྱེད་དགོས་ལ། འགྲན་རྩོད་དང་རམ་འདེགས་ཀྱི་འབྲེལ་བ་ཅི་ལྟར་ཐག་གཅོད་བྱ་རྒྱུ་སོགས་འཕེལ་རྒྱས་ཀྱི་གནད་འགག་ཡིན།
        ལོ་ངོ་20ཡི་རིང་ལ་འཛམ་གླིང་ཡོངས་ཀྱི་ས་ཕྱོགས་སོ་སོ་ནས་འཛུགས་སྐྲུན་བྱས་པའི་ཆེས་ཆེ་བའི་གནམ་ཐང་ཁྲོད་ན། ཨ་རབ་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཏིས་པེ་འཛམ་གླིང་ལྟེ་བ་དང་ཐུར་ཁེ་ཡིས་དབྱི་སི་ཐན་པོར་གྱི་རྒྱལ་སྤྱིའི་གནམ་ཐང་ཨང་གསུམ་པ་དང་པེ་ཅིན་ཏ་ཞིང་རྒྱལ་སྤྱིའི་གནམ་ཐང་བཅས་ནི་འཛམ་གླིང་གི་ཆེས་ཆེ་བའི་གནམ་ཐང་ལ་བགྲང་བཞིན་ཡོད། ཀྲུང་གོ་ནི་འཛམ་གླིང་གི་མི་འབོར་ཆེས་མང་པའི་རྒྱལ་ཁབ་ཡིན་ལ། མ་འོངས་པའི་ལོ་ངོ་ཉི་ཤུའི་ནང་མཁའ་འགྲུལ་མཁའ་སྐྱེལ་གྱི་རྒྱལ་ཁབ་ཨང་དང་པོར་འགྱུར་རྒྱུ་ཡིན་ལ། དེ་ནི་གྲོང་ཁྱེར་གཅིག་ལ་གནམ་ཐང་གཉིས་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་གཙོ་བོ་ཡིན། གྲོང་ཁྱེར་གཅིག་ལ་གནམ་ཐང་གཉིས་ཡོད་པའི་སྒྲིག་གཞི་འདི་ལེགས་གྲུབ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཚོང་ར་དང་སྲིད་གཞུང་གི་དོ་དམ་ནུས་པ་གཞི་གཅིག་ཏུ་སྦྲེལ་ཡོད་པས་ཡིན་ལ། 2015ལོའི་ཟླ་5པའི་ཚེས་14ཉིན་ལ་ཁྲེན་ཏུའུ་གྲོང་ཁྱེར་ཀྱི་གནམ་ཐང་གཉིས་པ་འཛུགས་རྒྱུའི་ལས་གཞི་ལ་ཆོག་མཆན་བཀོད་ནས། ད་ལྟ་འཛུགས་སྐྲུན་བྱེད་སྒང་ཡིན་ལ། མ་འོངས་པར་ཁྲེན་ཏུའུ་ཡང་པེ་ཅིན་དང་ཧྲང་ཧའེ་ཡི་རྗེས་ཀྱི་གྲོང་ཁྱེར་གཅིག་ལ་གནམ་ཐང་གཉིས་ཡོད་པའི་ཀྲུང་གོའི་གྲོང་ཁྱེར་ཨང་གསུམ་པར་ཆགས་རྒྱུ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1