༄༅།། བདག་གི་སྒྲ་སྡུད་འཕྲུལ་ཆས།

ཨ་རིག·ཐར་ཆེན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-27



ཨ་རིག·ཐར་ཆེན།
        ང་རང་ལོ་ན་ཆུང་ངུའི་དུས་སུ། མིག་ཟུང་དྭངས་ཤིང་རྨི་ལམ་མང་བའི་དུས་སུ། བློ་རིག་གསལ་ཞིང་མཚར་སྣང་རྒོད་པའི་དུས་སུ། ལྷིང་འཇགས་ཀྱི་འབྲོག་ས་དེ་ན་བརྡ་འཕྲིན་གྱི་བརྒྱུད་ལམ་ཧ་ཅང་དཀོན་པས་ང་དང་ང་འདྲ་བའི་འབྲོག་ཕྲུག་དག་ཁ་རུབ་དང་བག་འཁུམས་ཀྱི་ཁོར་ཅིག་ནས་ནར་སོན་པ་ཡིན་ཞེས་བཤད་ན་སྐུར་འདེབས་ཡིན་མི་སྲིད་ལ། ང་ཚོར་ཨ་སྔོན་མཐོན་པོའི་གཡའ་དག་པའི་རང་གཤིས་དང་གངས་རི་དཀར་པོའི་རྡུལ་དག་བའི་སེམས་ཁམས། རྩྭ་ཐང་ཆེན་མོའི་ཁོད་ཡངས་པའི་བློ་རྒྱ། མཁའ་དབུགས་གཙང་མའི་ལྷད་མེད་པའི་གཞན་ཕན་སོགས་མ་བཅོས་གཤིས་སུ་ལྷུན་གྱིས་གྲུབ་ཡོད་ཅེས་བཤད་ནའང་སྒྲོ་འདོགས་ག་ལ་ཡིན།
        ང་རང་སློབ་ཆུང་ཡིན་སྐབས་ཤིག་ནས་བཟུང་། ངེད་ཚང་ལ་ཀོ་ཐུམ་ནག་པོས་གཡོགས་པའི་སྒྲ་སྡུད་འཕྲུལ་ཆས་ཆུང་ཆུང་ཞིག་ཡོད་པས་བདག་གི་བྱིས་དུས་ལ་བས་མཐའི་སྐྱོ་ཤས་དང་སུན་འཚེར་གང་གིས་ཀྱང་མ་གཙེས་པར་མཚར་སྡུག་གི་ཞིང་ཁམས་དེ་ནས་དགའ་དགའ་སྤྲོ་སྤྲོའི་ངང་འཚོ་བ་རོལ་ཞིང་ཕུགས་བསམ་བཙལ་བ་ཡིན། སྐབས་དེར་མེ་ཏོག་གི་ཁྲོད་དུ་ཉལ་ཞིང་སྦྲ་ནག་གི་འདབས་ན་རྩེན་པའི་ང་ཚོ་ནི་བོད་སྐད་རླུང་འཕྲིན་གྱི་འཇིག་རྟེན་དེ་ན་ཇི་འདྲའི་སྐྱིད་ཨང་།
        ནམ་རྒྱུན་སློབ་གྲྭས་དབྱར་གནང་དང་དགུན་གནང་བཏང་ཚེ། བདག་ནི་བདག་གི་ཨ་ཕ་ལགས་ཀྱི་སྒྲ་སྡུད་འཕྲུལ་ཆས(收音机)རྙིང་གོག་དེར་ཉན་རྒྱུར་ཧ་ཅང་དགའ། ཐེངས་ཤིག་ངས་གཟབ་གཟབ་མ་བྱས་པར་སྒྲ་སྡུད་འཕྲུལ་ཆས་ལ་ཆག་སྐྱོན་ཤོར་བས་ཨ་ཕ་ལགས་ཕངས་སེམས་ཀྱིས་རབ་ཏུ་ཁྲོས་ཏེ་ང་ལ་གཅར་རྡུང་བྱས་ནའང་ངའི་སེམས་སུ་དངོས་པོ་རྩ་ཆེན་དེའི་ཆེད་དུ་གཅར་རྡུང་མྱངས་པ་ནི་འོས་ཤིང་འཚམ་པ་ཞིག་ལོས་ཡིན་འདོད་སོང་། རྗེས་སུ་ཨ་ཕ་ལགས་ཀྱིས་རྫོང་མཁར་ནས་སྒྲ་སྡུད་འཕྲུལ་ཆས་ལ་ཞིག་གསོ་བྱས་ནས་ཕྱིར་འབྱོར་བས་ངེད་ཚང་ཡང་བསྐྱར་བརྡ་འཕྲིན་གྱི་ལམ་དུ་ཆས་ཤིང་སྤྲོ་དགའི་ཀློང་དུ་ཞུགས། ངས་སྔར་བཞིན་ཁོམ་སྐབས་ཅུང་ཟད་ཅིག་བྱུང་ཚེའང་སྒྲ་སྡུད་འཕྲུལ་ཆས་དེར་ཤི་འཐམ་རོ་འཐམ་བྱས་ནས་རྣ་རྩར་སྦྱར་སྦྱར་ལ་བསྡད་པ་ཡིན་ཞིང་། རིམ་གྱིས་སྒྲ་སྡུད་འཕྲུལ་ཆས་ལ་བདག་གཅེས་ཡག་པོ་བྱེད་ཤེས་པར་མ་ཟད་དུས་ཚོད་ཀྱང་འོས་འཚམ་གྱིས་བཀོད་སྒྲིག་བྱས་ཏེ། ཕྱུགས་རྫིར་འགྲོ་བ་སོགས་ངལ་རྩོལ་གྱི་དུས་ཚོད་ལ་མི་གནོད་ཅིང་སྦྱང་ཚན་ཁག་གི་ལས་བྱ་འབྲི་བར་ཡང་མི་གདུག་ལ་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ལེ་ཚན་ལའང་མཉན་ཐུབ་པ་བྱུང་བས། དེ་ནས་བཟུང་ངེད་ཚང་གི་སྒྲ་སྡུད་འཕྲུལ་ཆས་ཀྱི་བདག་དབང་ཡོངས་རྫོགས་ང་རང་གཅིག་པུར་ཐོབ་སོང་བའི་སྣང་བ་ཤར་མྱོང་།
        མཚོ་སྔོན་བོད་སྐད་རླུང་འཕྲིན་ཁོ་ན་ནི་ངེད་ཚང་གི་ལས་ཀའི་ངལ་དུབ་འཇོམས་བྱེད་སྨན་མཆོག་དང་འཇིག་རྟེན་ལྟད་མོ་གསལ་བྱེད་མེ་ལོང་ཡིན། ༼བར་སྣང་འཕྲིན་གྱི་ཕོ་ཉ་༽དང་༼དམངས་གླུ་ཁུ་བྱུག་གསུང་སྙན༽་ལ་གསན་པའི་ཨ་མ་ལགས་ཀྱི་འཛུམ་ཞལ་ནི་ཇི་འདྲའི་མཛེས་ཨང་། ༼འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་གཏམ༽་ལ་ཉན་པའི་ཨ་ཕ་ལགས་ཀྱི་གསར་ཉམས་ནི་ཇི་འདྲའི་སྟོབས་ཨང་། ༼ན་ཆུང་བྱིས་པའི་དགའ་ཚལ༽་ལ་རོལ་བའི་བདག་དང་བདག་གི་སྲིང་མོའི་དགོད་སྒྲ་ནི་ཇི་འདྲའི་སྙན་ཨང་། འབྲོག་ལས་ཀྱི་བར་གསེང་དག་ནས་ང་ཚོས་གསར་འགྱུར་ལེ་ཚན་ནས་བཟུང་སྐད་སྐུར་ལེ་ཚན་ཚུན་ཆད་ལ་དགའ་ལྷང་ལྷང་གིས་ཉན་བཞིན་ཡོད།
        དཔལ་མགོན་དང་བདུད་བྷེ། རྡོ་རེད། སྨོན་ལམ། འཇིགས་བྱེད་འཚོ། བཀྲ་ཤིས་སྒྲོལ་མ་སོགས་ཀྱི་སྙན་འགྱུར་གྱི་རྡུང་ལེན་རེ་རེ་དང་། ལུ་གུ་རྒྱལ་དང་རིན་ཁོ། གོ་ལོ། རྡོ་རྗེ་ཚེ་བརྟན། ལྷ་ལུང་འཚོ། ལྕགས་མོ་རྒྱལ་སོགས་ཀྱི་གདངས་དབྱངས་སྙན་པའི་སྲིད་པ་བོད་ཀྱི་དམངས་གླུ་རེ་རེ། སྐལ་བཟང་གྲགས་པའི་ངག་རྩལ་ལས་འཁྲུངས་པའི་གླིང་སྒྲུང་གི་ལེའུ་རེ་རེ། སྨན་བླ་སྐྱབས་སོགས་ཀྱི་ཁ་མཚར་ཤགས་འགྱེད་རེ་རེ། ཕུར་བ་དང་དབྱངས་ཅན་སོགས་ཀྱི་ཡིད་དབང་འགུགས་པའི་སྙན་སྒྲོན་རེ་རེ་སོགས་ནི་ངའི་བྱིས་དུས་ཀྱི་ཞིམ་མངར་ལྡན་པའི་བསམ་བློའི་འཚོ་བཅུད་ཡིན་ལ། བདག་གི་མི་ཚེ་ཧྲིལ་བོར་བག་ཆགས་ཟབ་མོ་བཞག་ཡོད་པའི་ངག་རིག་སྒྱུ་རྩལ་གྱི་ལོངས་སྤྱོད་ཡིན། ཁོང་རྣམ་པའི་ངག་རིག་སྒྱུ་རྩལ་གྱི་འདྲེན་ཤུགས་ལ་བརྟེན་ནས་ང་ཚོ་གཞོན་རབས་པ་སྐོར་ཞིག་ཀྱང་ཆུ་ལམ་ཞུགས་དང་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་རིམ་གྱིས་གླུ་དང་རྡུང་ལེན། མདོ་འཛིན་བཅས་ཀྱི་ལམ་ལ་ཞུགས་པ་ཡིན་ཕྱིར་ཁོང་རྣམས་ནི་བདག་ཅག་གི་བརྒྱུད་པའི་སློབ་དཔོན་འབའ་ཞིག་ལགས། དེ་ལས་ཀྱང་གལ་ཆེ་བ་ཞིག་སྟེ། རྒན་རབས་པ་ཁོང་ཚོས་རང་གི་རྣམ་དཔྱོད་དང་ལྷག་བསམ། ངག་རྩལ་བཅས་ལ་བརྟེན་ནས་ང་དང་ང་འདྲ་བའི་བོད་རོང་འབྲོག་མང་ཚོགས་ཀྱི་ན་གཞོན་ཁྲི་སྟོང་མང་པོའི་སེམས་རྒྱུད་ལ་ཕ་སྐད་མ་ཡིག་གིས་བྱིན་གྱིས་བརླབས་ཤིང་། རིགས་ཀྱི་ཤ་ཞེན་གཙང་མ་དང་གཉེན་གྱི་བརྩེ་བ་དྲོན་མོའི་སོན་བཟང་བཏབ་ཡོད།
        ལྷག་པར་དུ་སྒྲུང་པ་སྐལ་བཟང་གྲགས་པའི་གསལ་དག་སྙན་གསུམ་ལྡན་ལ། ཕྲ་ཞིབ་གཏམ་གྱི་བྱུང་བ་དག་གཟུགས་སྣང་བཀྲ་བ་དང་གསོན་ཉམས་འབར་བའི་སྐད་ཆའི་སྒྱུ་རྩལ་ལ་དྲངས་པའི་བག་ཆགས་དང་ཤུགས་རྐྱེན་ནི་ང་ཚོའི་མི་རབས་འདིའི་བསོད་ནམས་ཆེ་ཤོས་ཤིག་ལོས་ཡིན་བསམ་མྱངས། ང་དང་ངའི་ན་ཚོད་མཉམ་ཞིང་དཔུང་རྡང་གཅིག་པའི་སྤུན་ཟླ་མང་པོ་ནི་སྐལ་བཟང་གྲགས་པ་ལགས་དང་བདུད་བྷེ་ལགས་ལྟ་བུའི་བོད་མི་རྒན་རབས་པ་ཚོའི་ཤེས་རབ་ཀྱི་འོད་དང་ལྷག་བསམ་གྱི་དྲོད་ལ་བརྟེན་ནས་ནར་སོན་པ་ཡིན་ཕྱིར། ང་ཚོ་བོད་དབྱངས་ལ་འདྲིས་ཤིང་བོད་སྐད་ལ་གོམས་པར་གྱུར། ང་ཚོ་དགྲ་འདུལ་གཉེན་སྐྱོང་དང་རྒན་བཀུར་གཞོན་བྱམས་ཀྱི་རིན་ཐང་ལྟ་བ་དང་སྙིང་སྟོབས་ལ་དགའ་ཞིང་ཡི་རང་བར་གྱུར། ང་ཚོ་ཕ་ས་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་ལ་གློ་བ་ཉེ་ཞིང་སྒོ་ཕྱུགས་དང་རི་སྐྱེས་སྲོག་ཆགས་ལ་བརྩེ་ཞིང་དུང་བར་གྱུར། ང་ཚོས་རང་གི་མི་རིགས་དང་ཕ་སྐད་མ་ཡིག་ལ་ཧ་ལས་པའི་རེ་བ་དང་ཡིད་ཆེས་རྙེད་པར་གྱུར།
        དབྱར་ཁའི་ཉིན་གུང་སྟེ་ཨ་མ་ལགས་ཀྱིས་གུང་བཞོས་འཇོ་བའི་སྐབས་དག་ཏུ། སྒྲ་སྡུད་འཕྲུལ་ཆས་ལས་༼བརྡ་སྤྲོད་བློ་གསལ་འཇུག་ངོགས༽་ཀྱི་སློབ་ཁྲིད་གཏོང་བཞིན་ཡོད་ཅིང་ང་རང་དམའ་འབྲིང་ལ་སོན་སྐབས་ནས་བཟུང་སློབ་ཁྲིད་ནང་དོན་ཡང་རགས་ཙམ་རེ་གོ་ཐུབ་ཅིང་ཡོད་པས་ནམ་རྒྱུན་དུ་དེར་མཉན་པ་ཡིན། མཁས་དབང་དམུ་དགེ་བསམ་གཏན་ཚང་གི་ཕ་ཡུལ་དམུ་དགེ་ཡིན་ལ་ངའི་ཕ་ལགས་ཀྱི་ཕ་ཡུལ་ཡང་དམུ་དགེ་ཡིན་པས་སམ། ཡང་ན་དམུ་དགེ་བསམ་གཏན་ཚང་གི་སྨྲ་དག་ཅིང་ཁ་གསལ་ལ། ཀུ་རེ་དང་རྩེ་དགོད། གཏམ་རྒྱུད་དང་ལོ་རྒྱུས་སྣ་ཚོགས་ལ་སྦྱར་བའི་སློབ་ཁྲིད་ཀྱིས་བདག་ཡིད་དྲངས་པ་གང་ཡིན་ནའང་ཆོག་སྟེ། དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་ང་ལ་བརྡ་སྤྲོད་བློ་གསལ་འཇུག་ངོགས་ཀྱི་སློབ་ཁྲིད་ཆ་ཚང་ལ་མཉན་པའི་གོ་སྐབས་ཡག་པོ་ཐོབ་མྱངས།
        སྨན་བླའི་ཁ་ཤགས་ཤིག་ཏུ། ཤིག་མང་ན་རྒྱུ་འགོར་འབུད་པའི་མཚོན་རྟགས་དང་ཚི་ཡོད་ན་བསོད་ནམས་ཆེ་བའི་མཚོན་རྟགས་ཡིན་ཟེར་བ་ནི་རྗེས་ལུས་ཀྱི་བསམ་བློ་ཞིག་ཡིན་ཏུ་ཆུགས་ཀྱང་། ངེད་ཚང་གི་སྒྲ་སྡུད་འཕྲུལ་ཆས་ཚི་སྟུག་མ་དེ་ནི་ང་རང་བྱིས་པའི་དུས་ཀྱི་བསོད་ནམས་ཆེ་བའི་མཚོན་རྟགས་གལ་ཆེན་ཞིག་ལོས་ཡིན་སྙམ་ཡོད། དེང་སྐབས་ངས་བོད་ཡིག་གི་ཡིག་རྡོག་ཁ་ཤས་ངོས་ཟིན་པ་འདི་ནི་བློ་གསལ་འཇུག་ངོགས་སོགས་ཀྱི་བཀའ་དྲིན་ཡིན་ལ། ང་རང་མདོ་འཛིན་ནམ་རྡུང་ལེན། གླིང་སྒྲུང་འཆད་གྱེར་སོགས་ཀྱི་ལས་ལ་ཕྱོགས་ཙམ་ཕྱོགས་ཙམ་རེ་ཞུགས་པའི་གོ་སྐབས་བྱུང་བ་འདི་ཡང་སྙན་སྒྲོན་པ་ཕུར་བ་ལགས་དང་རྡུང་ལེན་པ་བདུད་བྷེ་ལགས། སྒྲུང་པ་སྐལ་བཟང་གྲགས་པ་ལགས་སོགས་ཀྱི་བཀའ་དྲིན་གྱི་མཐུ་ལ་བརྟེན་ནས་བྱུང་བ་འབའ་ཞིག་ཡིན།
        དེར་བརྟེན། མེས་པོ་དམ་པ་ཁོང་ཚོའི་བཀའ་དྲིན་ནམ་ཡང་སེམས་ནས་བརྗེད་དུ་མི་རུང་ཞིང་། ཁོང་ཚོའི་སྙིང་སྟོབས་དང་ཤེས་རབ།ལྷག་བསམ་བཅས་ལ་ཁ་མིན་དོན་གྱིས་སློབ་སྦྱོང་བྱ་རྒྱུ་ནི་ཇི་འདྲའི་གནད་དུ་ཆེ་ཨང་། ཡིན་ནའང་དེང་གི་དུས་སུ་རང་རེའི་སྐྱིད་ལངས་མ་དང་སྒྱིད་ལུགས་པ་སྐོར་ཞིག་ནི་ཁ་བཤད་ཁོ་ནའི་དབང་དུ་འགྲོ་ཉེན་ཧ་ཅང་ཆེ་བས། དོན་ངོ་མར་བཤད་ན་བདག་དང་བདག་ལྟ་བུ་ནི་དུས་རབས་དང་མི་རིགས་ལ་ངོ་གནོང་དགོས་པ་ཞིག་ཏུ་ཆགས་དང་ཆགས་བཞིན་ཡོད། རྒྱ་མཚོའི་རླབས་བཞིན་འཕྱུར་བའི་དངོས་སྟོབས་ཀྱི་འཇིག་རྟེན་གསར་པ་ཞིག་ནམས་ལངས་ལངས་ཉི་མ་ཤར་ཤར་ཡིན་ཡང་། ང་ཚོ་ད་དུང་རུལ་སུངས་དང་ཚུལ་འཆོས་ཀྱི་ཀློང་ན་འུར་ཞོགས་དང་ཅལ་འདྲོགས་ཀྱིས་འཚོ་བཞིན་ཡོད།
        མི་ལོ་མང་པོ་ཞིག་གོ་མེད་ཚོར་མེད་དུ་འདས་པའི་དེ་རིང་། ངོ་གདོང་གསར་པ་མང་པོ་ཞིག་གློ་བུར་གློ་བུར་དུ་ཐོན་པའི་དེ་རིང་། མེས་པོ་དམ་པ་ཁོང་ཚོའི་བྱིན་རླབས་དང་དམ་དུ་འབྲེལ་བའི་བདག་གི་རིན་བྲལ་གྱི་དྲན་རྟེན་ཉག་གཅིག་ནི་ངས་ད་ལྟ་ད་དུང་ཡང་ཉར་ཚགས་བྱས་ཡོད་པའི་སྒྲ་སྡུད་འཕྲུལ་ཆས་ཚི་སྟུག་མ་འདི་ཉིད་ཁོ་ན་ལོས་ཡིན་སྙམ་བཞིན་ཡོད་དོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1