༄༅།།ལོ་ཀྱཱ་ཏུན་ལ་ཡུལ་སྐོར་དུ་ཕྱིན་པའི་མཐོང་ཐོས།

ཤེས་རབ་བསྟན་དར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 03-12



ཤེས་རབ་བསྟན་དར།
        ལོ་ཀྱཱ་ཏུན་ཞེས་པའི་མིང་འདི་བདག་གིས་ནམ་ཞིག་ལ་ཐོས་པ་མི་ཤེས་མོད། ཕལ་ཆེར《མདོ་སྨད་ཆོས་འབྱུང》ལས་མཐོང་བ་འདྲ། དེ་ནི་དཔལ་འཁོར་ལོ་སྡོམ་པའམ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་གནས་ཁྱད་པར་ཅན་ཞིག་ཡིན་པས་གནས་འདིར་མཇལ་ན་སྙམ་པའི་ཀུན་སློང་ནི་ནམ་ཡང་ལྡོག་མི་ནུས།
        ད་རེས་བདག་ཅག་གི་འདྲེན་པ་གང་གི་འོས་ཐོ་བསྡུ་བར་ཆེད་དུ་རྒྱལ་མོ་དང་ཀླུ་ཤོད་ས་ཆར་སོང་ནས་མཇུག་བསྡུས་པས། ངས་རྙེ་དཔོན་སློབ་རིན་པོ་ཆེར་གནས་འདིར་འགྲོ་བའི་རེ་བ་བཏོན། ཁོང་གིས་དགའ་སྤྲོ་ཆེན་པོས་དང་ལེན་བྱས་པས་ངེད་ཀླུ་ཚང་དགོན་པའི་བླ་མ་དང་དགེ་བཤེས་བཅུ་ལ་ཉེ་བ་ཞིག་ལོ་ཀྱཱ་ཏུན་ལ་གནས་མཇལ་དུ་ཆས།
        གནས་འདི་ནི་ཀན་སུའུ་ཞིང་ཆེན་ཡུན་ཅིན་རྫོང་གི་ལོ་ཀྱཱ་ཏུན་གྲོང་རྡལ(永靖县罗家洞)དུ་བཞུགས་ཤིང་། ཕམ་མཐིང་བ་ཆུང་བས་ལས་རྒྱ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་བརྙེས་པ་ཡབ་ཡུམ་གཉིས་ཀའི་སྐུ་མ་ཉམས་པར་བཞུགས་པ་ལ་བདེ་མཆོག་རང་བྱོན་དུ་གྲགས།
        ཡུན་ཅིན་རྫོང་ནས་ང་ཚོས་འདྲི་བཞིན་དུ་སོང་བས་ཅུང་མ་འགོར་བར་གནས་ཁྱད་པར་ཅན་འདིའི་བཀོད་པ་མཐའ་དག་མིག་ལམ་དུ་གསལ་བར་ཤར་བས། ཉིན་དུ་མའི་རིང་ལ་ཡར་རྒྱུག་མར་རྒྱུག་བྱས་པའི་ངལ་དུབ་ཀྱང་གློ་བུར་དུ་སངས་པ་འདྲ། ང་ཚོ་འདིར་སླེབས་པ་དང་ཆར་རྒྱུན་ཟམ་ཟིམ་དུ་བབས་བྱུང་ལ། འདི་ནི་གནས་འདིར་མཇལ་སྐོར་དུ་ཡོང་བ་ཞིག་ལ་མཚོན་ན་རྟེན་འབྲེལ་ཁྱད་པར་ཅན་ཞིག་ཡིན་མོད། ང་ཚོ་གནས་འདིར་མཇལ་བར་བྲེལ་བས་སུ་ཞིག་གིས་ཀྱང་དོ་སྣང་བྱེད་ཀྱིན་མེད་པ་འདྲ།
        ངས་གནས་འདིའི་བཀོད་པ་ལ་རྒྱང་ལྟ་ཞིག་བྱས་པས།འདི་ནི་གནའ་བོའི་བྲག་ཕུག་གི་ཁྱད་ཆོས་མངོན་པར་གསལ་བའི་གནས་ཤིག་ཡིན་པ་གསལ་པོར་མཐོང་། སྔོན་རྒྱ་གར་ནས་རྒྱ་ནག་བར་དུ་རབ་བྱུང་བ་དག་ནི་རི་ལ་བརྟེན་ཞིང་རི་ལ་གནས་བཅས་ནས་རྣལ་འབྱོར་ལ་གཞོལ་བ་ཡིན་པས་གང་སར་སྒྲུབ་ཕུག་མང་། འདིའི་བཀོད་པ་ལ་བལྟས་ན་ཕམ་མཐིང་བ་འདིར་མ་སླེབས་པའི་སྔོན་དུའང་ནང་བསྟན་གྱི་གནས་ཤིག་ཏུ་གྱུར་འདུག་སྙམ། འདི་ནས་སོང་ན་ད་གཟོད་བྱམས་པ་འབུམ་གླིང་ཞེས་པའི་གནའ་བོའི་ནང་བསྟན་གྱི་གནས་ཁྱད་པར་ཅན་དེར་སླེབས་ངེས།
        《མདོ་སྨད་ཆོས་འབྱུང》དུ།ལོ་ཀྱཱ་ཏུན་བདེ་མཆོག་རང་བྱོན་འདི་ལ་ལོ་རྒྱུས་འདྲ་མིན་འདུག་ཀྱང་། བ་སོ་རྗེ་དྲུང་གིས་མཛད་ཟེར་བའི་དཀར་ཆག་དང་། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་གསུང་མཐུན་པར་ཕམ་མཐིང་བ་ཆུང་བས་ལས་རྒྱ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་བརྙེས་པ་ཡབ་ཡུམ་གཉིས་ཀའི་སྐུ་མ་ཉམས་པར་བཞུགས་པ་ལ་བདེ་མཆོག་རང་བྱོན་དུ་གྲགས་པར་གསུངས་པ་རྗེའི་གསུང་ཟུར་དང་མཐུན་པས་འཁྲུལ་བ་མེད། ཅེས་གསུངས། ཕམ་མཐིང་བ་ཆུང་བ་ནི་རང་རེའི་ལོ་རྒྱུས་སྟེང་ཤིན་ཏུ་གྲགས་ཆེ་བ་ཞིག་ཡིན།
        ཏཱའི་མིང་ཁྲིན་ཧྭ་རྒྱལ་པོ་ཁྲིར་བཞུགས་པའི་ལོ་གཉིས་པ་མེ་ཁྱི་ལོའི་སྟོན་དུས། ལོ་ཡུན་ཟེར་བའི་རྒད་པོ་ཞིག་གི་གཡོག་པོ་གནས་དེར་ཞིང་རྨོད་དུ་ཕྱིན་པའི་མདུན་དུ་རི་བོང་གཉིས་ཕར་རྒྱུག་ཚུར་རྒྱུག་བྱེད་པ་དང་བྲག་སྒོ་འབྱེད་དམ་ཞེས་པའི་སྒྲ་ལན་གསུམ་གྲགས། ཞིབ་ཏུ་ཉན་པར་བྲག་དམར་གྱི་དཀྱིལ་དུ་སྒྲ་དེ་འབྱུང་བས་སྐྲག་སྟེ་ཁྱིམ་དུ་ལོག་ནས་བཤད། དགོང་མོར་ལོ་ཡུན་གྱིས་གཉིད་པའི་རྨི་ལམ་དུ་སུ་ཞིག་གིས་སང་ཉིན་ཡང་སྒྲ་དེ་གྲགས་འོང་། དེ་དུས་ཕྱེས་ཞེས་ལན་ཐོབས་ཟེར་བ་བཞིན་ཕྱི་ཉིན་དེ་ལྟར་ལན་བཏབ་པས་འབྲུག་སྟོང་ལྡིར་བ་ལྟ་བུའི་འུར་སྒྲ་དང་བཅས་ས་གཡོས། འཇའ་ཚོན་དང་བཅས་བྲག་སྒོ་ཕྱེ་བའི་ནང་ནས་ཡབ་ཡུམ་ཞལ་སྦྱོར་བའི་སྐུ་མ་ཉམས་པ་ཐོན། དེ་ལྟར་ཟས་འཚོང་གི་བུ་མོ་དེ་ཕྱག་རྒྱར་བསྟེན་ཅིང་། ལོ་བཅུ་གཉིས་ཀྱི་བར་དུ་བྲག་སྒོ་བཅད་དེ་སྒྲུབ་པ་མཛད་པས་ཟུང་འཇུག་གི་སྐུ་བརྙེས།
        བལ་བོ་ཕམ་མཐིང་བ་ཆུང་བ་ལ་རྗེ་བཙུན་རྣལ་འབྱོར་མས་ལུང་བསྟན་ཏེ་ཕྱོགས་འདིར་ཕེབས། ཕམ་མཐིང་བ་ཡུལ་འདིར་སླེབས་དུས། བུ་མོ་ལོ་བཅུ་གཉིས་ཅན་ཞིག་དཔྲལ་བར་བསྒྲུབས་པའི་སིདྷུ་རའི་དགའ་འཁྱིལ་འཕོས་པས་མཚན་ལྡན་དུ་དགོངས། དེའི་མ་རྒན་ལ་སྦྱིན་བདག་བཅོལ་ཏེ་ཉེ་ལོགས་དེར་སྒྲུབ་པ་མཛད། ཉིན་གཅིག་བུ་མོས་འཚོ་བ་ཕུལ་ཏེ་སང་ཉིན་ཉེ་མི་རྣམས་ཀྱིས་བདག་རྨ་ཆུའི་ཕ་རོལ་ཏུ་བག་མར་བསྐྱལ་རྒྱུ་ཡིན་པས་ད་ནས་ངས་འཚོ་བ་སྐྱེལ་མི་ནུས། ཨ་མ་རྒས་ནས་མི་ནུས་པས་ཁྱེད་ཀྱིས་སྦྱིན་བདག་གཞན་ཞིག་འཚོལ་དགོས་ཞུས། ཕམ་མཐིང་བས་ཁྱོད་སང་ཉིན་འདིའི་ཐད་དུ་སླེབས་དུས་རྟ་ལས་བབས་ནས་ཕྱག་གསུམ་འཚལ་ན་རྟེན་འབྲེལ་བཟང་གསུངས། ཕྱི་ཉིན་ཐད་འདིར་སླེབས་པས་སྐྱེལ་མི་རྣམས་ཀྱིས་རྟ་ལས་འབབ་ཏུ་མ་བཅུག་མོད། ཡིད་ཀྱིས་ཕྱག་འཚལ་ཏེ་གསོལ་བ་བཏབ་པས་རླུང་ཆེན་པོ་གཡོས་ཏེ་བུ་མོ་གར་སོང་ཆ་མེད་དུ་གྱུར།
        འདིའི་གནས་སྒོ་ཕྱེས་པ་ནས་བཟུང་རྣལ་འབྱོར་བའི་གནས་ཉམས་དགའ་བ་ཞིག་ཡིན་ལ། རིམ་བཞིན་དགོན་སྡེ་ཞིག་ཏུ་གྱུར་ཅིང་མཚན་ལ་ལོ་ཀྱཱ་ཏུན་བདེ་ཆེན་རབ་རྒྱས་གླིང་ཟེར། རང་བྱུང་གི་འཇིགས་པ་དང་དགྲའི་འཇིགས་པ་སོགས་བྱུང་ནའང་འཇིགས་པ་མེད་པ་ནི་ཀུན་གྱི་སེམས་སུ་ཡོད་པའི་བདེ་མཆོག་གི་གནས་འགངས་ཆེན་ཡིན་པ་དེ་རེད།
        དེ་བས་པཎ་ཆེན་དཔལ་ལྡན་ཡེ་ཤེས་དང་། ལྕང་སྐྱ་སྐུ་ཕྲེང་སྔ་ཕྱི། ཀུན་མཁྱེན་སྐུ་ཕྲེང་སྔ་ཕྱི། ཐུའུ་བཀྭན་སྐུ་ཕྲེང་སྔ་ཕྱི། རྗེ་གསེར་ཁང་པ། གུང་རུ་མཁའ་འགྲོ་མ་སོགས་སྐྱེས་ཆེན་དམ་པ་མང་དུ་བྱོན་ནས་ཉམས་བཞེས་མཛད་ཅིང་། རྟོགས་པའི་བོགས་ཐོན་པ་སོགས་ནི་རྣལ་འབྱོར་བ་དག་གི་སྤྱོད་ཡུལ་ལས་གཞན་སུ་ཞིག་གིས་ཀྱང་བརྗོད་དུ་མེད། ལོ་ཀྱཱ་ཏུན་ཏུ་བལ་བོ་ཕམ་མཐིང་བས། །རྡོ་རྗེ་ཕག་མོ་རྒྱ་མོའི་རྣམ་པ་ཅན། །ཕྱག་རྒྱར་བཞེས་ཏེ་ཟུང་འཇུག་བརྙེས་པ་ཡི། །སྐུ་གདུང་ཡིད་བཞིན་ནོར་བུ་མཇལ་ལགས་སམ། །དེ་ཡི་དྲུང་དུ་ཕྱི་ནང་བསང་མཆོད་དང་། །ཚོགས་ཀྱི་འཁོར་ལོ་རྡོ་རྗེའི་གླུ་གར་གྱིས། །དཔའ་བོ་མཁའ་འགྲོའི་ཚོགས་རྣམས་མཉེས་བྱས་ཏེ། །མཁའ་སྤྱོད་འགྲུབ་པའི་གསོལ་བ་བཏབ་ལགས་སམ། །ཞེས་རྗེ་ཆོས་ཀྱི་ཉི་མ་སོགས་ཀྱིས་མགུར་དུའང་བཞེངས་ཡོད། དམ་པ་དེ་དག་གིས་སྐུ་ལ་ན་བཟའ་དང་རུས་རྒྱན་སོགས་ཕུལ་ཞིང་སྐུ་གསུང་ཐུགས་རྟེན་བཞེངས། ལྷག་པར་བདེ་མཆོག་སྒྲུབ་མཆོད་བཙུགས་པ་ནི་གནས་འདིར་བདེ་མཆོག་གི་ཞིང་དངོས་སུ་བསྒྲུབས་པ་དང་འདྲ།
        བྲག་དགོན་པས་འདི་ལ་བདེ་མཆོག་གི་གནས་ཀྱི་ཁྱད་ཆོས་མངོན་པར་གསལ་ཞིང་། རི་ཐམས་ཅད་དམར་ཧང་ངེ་བ་དེས་ལུས་ཀྱི་གནས་ལུགས་མཚོན་གསུངས། འོན་ཀྱང་བདག་གི་མིག་ལམ་དུ་གནའ་བོའི་རྣལ་འབྱོར་བ་དག་གིས་བྱིན་གྱིས་བརླབས་པའི་གནས་ལས་གཞན་པའི་མཐོང་སྣང་ཅུང་མ་བྱུང་།
        ཆིང་རྒྱལ་རབས་ཀྱི་དུས་མེ་དགྲ་བཞེས་ནའང་རྗེ་ཤེས་རབ་རྒྱ་མཚོ་མཆོག་གིས་ཐུགས་བཀོད་གནང་སྟེ་སླར་ཡང་བཞེངས། རིག་གསར་གྱི་སྐབས་སུ་སླར་ཡང་དམར་སྲུང་དམག་གི་ལག་ཏུ་ལྷུང་བས་བྱིན་རླབས་ཀྱི་ཚན་ཁ་འབར་བ་སྟེ། རིག་དངོས་རིན་ཐང་དང་བྲལ་བའི་བདེ་མཆོག་གི་སྐུ་དེ་རྡུལ་ཕྲན་བཞིན་དུ་རྩ་མེད་དུ་བཏང་། 1981ལོར་ཆོས་སྒོ་ཕྱེས། ལཱོ་ཞབས་དྲུང་གིས་བསྐུལ་ཏེ་སྐུ་གསུང་ཐུགས་རྟེན་བསྐྱར་དུ་བཞེངས། ད་ལྟ་གྲྭ་པ་བཅུ་གཉིས་བཞུགས་ཤིང་། ཆོས་སྤྱོད་ཕལ་ཆེར་གནའ་སྲོལ་ལྟར་སྐྱོང་། རྒྱ་བོད་གཉིས་ཀའི་གྲྭ་པ་ཡོད་ཅིང་། ཀུན་ཀྱང་གནས་འདིའི་བྱིན་རླབས་ལ་བརྟེན་ནས་ཆོས་ལ་ཚུལ་བཞིན་དུ་སྤྱོད།
        དགོན་འདི་གྲོང་ཁྱེར་དང་ཐག་ཉེ་ན་ཡང་ད་དུང་སྲེད་པའི་དཔུང་འཇུག་མ་བྱས་པའི་གནས་ཉམས་དགའ་བ་ཞིག་ཏུ་སྣང་། ངེད་དགོན་པའི་དགེ་བཤེས་འགའ་གནས་འདིར་བསྙེན་སྒྲུབ་བྱས་ན་ཆོག་མིན་འདྲི་རུ་སོང་། ཁོང་ཚོས། རྣལ་འབྱོར་བ་གང་ཞིག་འདིར་ཡོང་ནས་ཉིན་བདུན་ལ་མཚམས་ལ་བསྡད་ན་སྡོད་གནས་སོགས་ཀྱི་ཆ་རྐྱེན་བསྐྲུན་ངེས་ཤིང་། དེ་ལས་མང་པོ་སྡོད་མི་ཆོག་ཟེར།
        ང་ཚོས་བདེ་མཆོག་གི་སྐུ་གདུང་ལ་མཇལ་ནས་སྨོན་ལམ་བཏབ། དེ་ནས་འབྲལ་མི་འདོད་པའི་རྣམ་པས་ཕྱིར་གཤམ་དུ་བབས་ཤིང་། དེའི་དུས་སྤྲིན་ནག་གི་ཡོལ་བ་ཕྱེས་ཏེ་ཉི་མ་ཤར་བྱུང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1