༄༅།།རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱ་མི་ཆོག་པའི་གཏན་འབེབས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-01


        ཟླ2པའི་ཚེས24ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པ་མཇུག་བསྒྲིལ་ཅིང་། གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་གྲོས་ཚོགས་ཀྱི་ཁྲིམས་དང་མི་མཐུན་པའི་སྒོ་ནས་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱེད་པ་བཀག་འགོག་དང་རི་སྐྱེས་སྲོག་ཆགས་གང་འདོད་དུ་བཟའ་བའི་སྤྱོད་ངན་མེད་པར་བཏང་སྟེ།མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་འགན་སྲུང་བྱེད་པའི་སྐོར་གྱི་ཆོད་དོན་དང་།རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཕྱིར་འགྱངས་བྱས་ནས་འཚོག་རྒྱུའི་སྐོར་གྱི་ཆོད་དོན་གཉིས་ལ་གྲོས་འཆམ་བྱུང་།
        ཏོག་གསར་གློ་ཚད་བྱུང་བ་ནས་བཟུང་། རི་སྐྱེས་སྲོག་ཆགས་གང་འདོད་དུ་བཟའ་བའི་གནད་དོན་དང་སྤྱི་པའི་འཕྲོད་བསྟེན་གྱི་བདེ་ཐང་ཐད་བཟོས་པའི་ཉེན་ཁར་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་དོ་སྣང་ཆེན་པོ་ཐོབ་མོད། འོན་ཀྱང་ཕྱོགས་ཡོངས་ནས་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོབ་བཅའ་ཁྲིམས་བཟོ་བཅོས་བྱེད་པར་ད་དུང་གོ་རིམ་ངེས་ཅན་ཞིག་དགོས་པ་རེད། རིམས་ནད་འགོག་བཅོས་བྱེད་པའི་གནད་འགག་གི་དུས་སྐབས་འདིར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁ་ཚ་དགོས་གཏུགས་སུ་གྱུར་པའི་གནད་དོན་འདིར་ཆེད་དུ་ཐག་གཅོད་ནན་མོ་བྱེད་པའི་དམིགས་ཡུལ་ནི། འབྲེལ་ཡོད་ཀྱི་ཁྲིམས་ལུགས་བཟོ་བཅོས་མ་བྱས་པའི་སྔོན་ལ། རི་སྐྱེས་སྲོག་ཆགས་བཟའ་བར་ཕྱོགས་ཡོངས་ནས་བཀག་འགོག་དང་ཁྲིམས་དང་མི་མཐུན་པའི་སྒོ་ནས་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱེད་པར་རྡུང་རྡེག་གཏོང་རྒྱུ་དང་། རིམས་འགོག་དམག་འཁྲུག་ལས་རྒྱལ་ཁ་ལེན་ཆེད་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་བཅའ་ཁྲིམས་སྟེང་ནས་འགན་སྲུང་བྱ་ཆེད་ཡིན།
        ད་སྐབས་ལག་ཏུ་བསྟར་བཞིན་པའི་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོབ་བཅའ་ཁྲིམས་ནང་གི་རི་སྐྱེས་སྲོག་ཆགས་བཟའ་བར་བཀག་འགོག་བྱེད་པ་དང་འབྲེལ་བའི་བཅའ་ཁྲིམས་ཚད་གཞི་དེ་ནི། རྒྱལ་ཁབ་ཀྱིས་སྲུང་སྐྱོབ་གཙོ་བོ་བྱེད་པའི་རི་སྐྱེས་སྲོག་ཆགས་དང་། ཁྲིམས་ལུགས་དང་མི་མཐུན་པའི་སྒོ་ནས་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱེད་པ། དེ་མིན་རིམས་ནད་བརྟག་དཔྱད་མ་བརྒྱུད་པའི་སྲུང་སྐྱོབ་སྲོག་ཆགས་བཅས་ཁོ་ནར་སྤྱོད་པའི་ཚད་གཞི་ཞིག་ཡིན། 《ཆོད་དོན》ལས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་རྨང་གཞིའི་སྟེང་། རི་སྐྱེས་སྲོག་ཆགས་བཟའ་བ་གཏན་འགོག་བྱེད་པ་གཙོ་བོར་བཟུང་ནས། ཁྲིམས་ལུགས་སྙོམ་སྒྲིག་གི་ཁྱབ་ཁོངས་རྒྱ་བསྐྱེད་དེ། རི་སྐྱེས་སྲོག་ཆགས་བཟའ་བར་ཕྱོགས་ཡོངས་ནས་བཀག་འགོག་བྱེད་པའི་ལམ་ལུགས་གཏན་འཁེལ་བྱས་པ་རེད། ད་སྐབས་སྤྱོད་བཞིན་པའི་བཅའ་ཁྲིམས་སྒྲིག་སྲོལ་དང་འགལ་ན། ད་ལྟའི་བཅའ་ཁྲིམས་ཀྱི་རྨང་གཞིའི་སྟེང་ཉེས་ཆད་ལྕི་མོ་བཅད་དེ། སྔར་བས་ནན་པའི་དོ་དམ་དང་རྡུང་རྡེག་དྲག་པོ་གཏོང་རྒྱུ་རེད།
        ཆོད་དོན་དེ་ནི་སྤྱི་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཏེ། ཡང་ཅིག་བཤད་ན་ཟླ2པའི་ཚེས24ཉིན་ནས་བཟུང་དངོས་སུ་ནུས་པ་ཐོན་ཡོད།
        གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི་ཆོད་དོན་གཞན་ཞིག་ནི་རྒྱལ་ཡོངས་དམངས་འཐུས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཕྱིར་འགྱངས་བྱས་ནས་འཚོག་རྒྱུ་དེ་ཡིན་ལ། ཆོད་དོན་ལས་རྒྱལ་ཡོངས་དམངས་འཐུས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་འོས་འཚམ་གྱིས་ཕྱིར་འགྱངས་བྱས་ནས་འཚོག་རྒྱུ་གཏན་འཁེལ་བྱས། གྲོས་ཚོགས་མགོ་རྩོམ་པའི་བྱེ་བྲག་གི་དུས་ཚོད་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཡང་བསྐྱར་གྲོས་ཐག་གཅོད་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1