༄༅།།ཕྱིར་ལོག་པ།

འོ་ཟི། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-01


འོ་ཟི།
ཁྱོད་ཀྱིས་ཟླ་བཞི་པ་འདྲ་བའི་ཕ་ཡུལ་དྲན་ནམ།
ངས་ཟླ་བཞི་པ་འདྲ་བའི་ཁྱོད་རང་དྲན་བྱུང་།
སྔོན་ཆད།ཟླ་བཞི་པའི་སྤྲིན་དཀར་འདྲ་བའི་ཁྱོད་ཀྱི་འཛུམ་མདངས།
ཟླ་བཞི་པའི་ཆར་ཟིམ་འདྲ་བའི་ཁྱོད་ཀྱི་སྐྲ་ལོ།
ང་ཡི་ཕྱོགས་སུ་སྐྱོད་འོང་།
ཁྱོད་ཀྱིས་ཟླ་བཞི་པའི་གཙང་བོ་དྲན་ནམ།
ངས་ཟླ་བཞི་པའི་གཙང་པོ་འདྲ་བའི་ཁྱོད་རང་དྲན་བྱུང་།
ངས་ཁྱོད་རང་གཙང་པོ་ཇི་བཞིན་ག་ལེར་ངའི་ཕྱོགས་སུ་འོང་བ་དྲན།
གཙང་པོས་བྱིས་པ་ཚོས་འཕངས་བའི་མེ་ཏོག་ཅིག་ཁུར་ཡོད་པ་བཞིན།
ཁྱོད་ཀྱི་སྐྲ་ལོའི་སྟེང་དུ་སྐྲ་རྒྱན་ཞིག་འཛེར་ཡོད།
ཁྱོད་ཀྱིས་ཟླ་བཞི་པའི་ཁྲ་ཆིལ་ཆིལ་གྱི་སྤང་ཐང་དྲན་ནམ།
ངས་ཟླ་བཞི་པའི་སྤང་ཐང་འདྲ་བའི་སྐབས་དེའི་འུ་གཉིས་ཀྱི་བརྩེ་བ་དྲན་བྱུང་།
ཟླ་བཞི་པའི་རྩྭ་ཐང་ལ་ཉིན་རེར་མེ་ཏོག་སྣ་མང་འཕེལ་བ་བཞིན།
སྐབས་དེའི་འུ་གཉིས་ཀྱི་སེམས་གཏམ་སྣ་ཚོགས་ཡིན་པ་དྲན་བྱུང་།
མེ་ཏོག་དེ་དག་ལ་ནམ་མཁས་སྐྱེ་རྒྱུན་བསྩལ་ཅིང་།
ས་གཞིས་ཚེ་སྲོག་གནང་བ་ཇི་བཞིན།
ངས་འུ་གཉིས་ཀྱི་བརྩེ་དུང་ལ་སྐྱེ་རྒྱུན་གནང་ཞིང་།
ཁྱོད་ཀྱིས་དེ་ལ་ཚེ་སྲོག་བྱིན་པ་དྲན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1