བོད་བྱང་ཐང་གི་རྟ་རྒྱུག་དུས་ཆེན་ངོ་སྤྲོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-18



    བྱང་ཐང་རྟ་རྒྱུག་དུས་ཆེན་ནི་བོད་བྱང་ཐང་གི་ས་ཆར་ལོ་རེའི་སྤྱི་ཟླ་བདུན་པའི་ཟླ་མཇུག་གམ་སྤྱི་ཟླ་བརྒྱད་པའི་ཚེས་མགོར་གཟབ་རྒྱས་ངང་ཚོགས་པའི་བོད་ཀྱི་སྲོལ་རྒྱུན་རྟ་རྒྱུག་དུས་ཆེན་ཡུལ་ཁམས་ཀུན་ཏུ་གྲགས་ཆེ་བ་ཞིག་ཡིན།
    དེར་མིང་གི་འདོགས་སྲོལ་མི་འདྲ་བ་འགའ་ཡོད་དེ། ཡུལ་ལུང་འགའ་རེས་སྤྲོ་སྐྱིད་དུས་ཆེན་ཞེས་ཟེར་བ་དང་། ཡུལ་ལུང་འགའ་རེས་དབྱར་སྐྱིད་དུས་ཆེན་དང་རྟ་རྒྱུག་དུས་ཆེན། བརྒྱད་གཅིག་དུས་ཆེན་ཞེས་ཀྱང་ཟེར་གྱིན་མཆིས་པས་ན། དེ་དག་རེ་རེ་ལ་མིང་དེ་ལྟར་བཏགས་པའི་རྒྱུ་མཚན་རེ་འདྲེན་རྒྱུ་ཡོད་པ་སྨོས་མ་དགོས། དུས་ཚིགས་དེ་ནི་མཐའ་ཡས་པའི་རྩྭ་ཐང་གི་འབྲོག་པ་རྣམས་ལ་མཚོན་ནས་བཤད་ན། དབྱར་དུས་ཀྱི་ལས་ཀ་མཇུག་བསྒྲིལ་ཅིང་། སྟོན་མགོ་ཚུགས་མ་ཐག་པའི་ཆེས་སྐྱིད་པའི་དུས་བཟང་ཞིག་ཡིན་པ་དང་། ཕྱུགས་རིགས་ལ་ཤ་ཤེད་རྒྱས་ཤིང་ཞོ་འོ་མའི་དཀར་ཆུ་ཧ་ཅང་མོད་པའི་དུས་ཡིན་པར་མ་ཟད། ལོ་གཅིག་གི་དུས་ཚིགས་བཞི་ལས་གནམ་གཤིས་ཤིན་ཏུ་བཟང་བའི་དུས་ཀྱང་ཡིན་པས། བྱང་ཐང་གི་རྟ་རྒྱུག་དུས་ཆེན་ནི་ཆེད་དུ་སྐབས་དེ་ལ་ཚོགས་པའི་དཔེ་སྲོལ་དར་ཡོད། སྐབས་དེའི་ལྟད་མོའི་རྣམ་གྲངས་ལ། རྒྱུག་ཆེན་དང་འགྲོས་བསྡུར། ཞར་འཕེན། ཡོབ་འགྱུར་བཅས་མི་འདྲ་བ་དུ་མ་ཡོད། རྒྱུག་ཆེན་ནི་བང་རྩལ་མགྱོགས་པའི་རྟ་མཆོག་དག་རྒྱུག་ཐག་རིང་བོར་བསྐོར་ཏེ་བང་རྩལ་གང་མགྱོགས་འགྲན་པ་ཞིག་ཡིན། རྟ་རྒྱུག་འགྲན་བསྡུར་གྱི་མགོ་མ་བརྩམས་པའི་སྔོན་གྱི་ཉིན་བཅུ་ཙམ་གྱི་རིང་ལ་རྒྱུག་སྦྱོང་བྱེད་པ་དང་། དེ་ནས་དངོས་གཞིའི་སྐབས་སུ་བདག་པོ་ཚོས་རང་རང་གི་ཞོན་རྟ་ལ་དར་ཚོན་སྣ་ལྔའི་ཁ་བཏགས་སོགས་ཀྱིས་མཛེས་པར་སྤྲས་ཏེ།  ཐོག་མར་ཡུལ་སྲོལ་ལྟར་བདང་མཆོད་ཕུལ་ཏེ་འགྲན་བསྡུར་གྱི་སྐབས་སུ་མི་རྟར་གོད་ཆག་མི་ཡོང་བའི་སྐྱབས་འཇུག་ཞུ་བ་དང་། རང་ཉིད་རྒྱུག་རྩལ་ལ་ཨང་དང་པོ་འཐོབ་པའི་སྨོན་ལམ་རྒྱག་པ་དང་ཆབས་ཅིག  ཆེད་དུ་བཟོས་པའི་རྒྱུག་ཞྭ་རྒྱུག་གོས་གསོལ་ཏེ། ཚོགས་གཞུང་གིས་ཐག་བཅད་པའི་དཀྱུ་སར་ཕྱིན་ནས་དུས་གཅིག་ལ་བརྒྱུག་དགོས། རྒྱུག་རྩལ་ཕུལ་དུ་བྱུང་བའི་མི་རྟ་ལ་མགྱོགས་དལ་གྱི་རིམ་པ་བཞིན་ཡུལ་ལུང་སོ་སོའི་མི་རྣམས་ཀྱིས་རང་རང་གི་ཕྱོགས་ཞེན་ལ་རྒྱའི་མགྱོགས་དར་གྱི་ཁ་བཏགས་འཐེན་ནས་བཀྲ་ཤིས་བདེ་ལེགས་ཞུ་སྲོལ་ཡོད། འགྲོས་བསྡུར་བྱེད་པའི་སྐབས་སུ། རྟ་འགྲོས་མའི་མགྱོགས་ཚད་དང་གོམ་པ་ལེན་སྟངས་ཀྱི་ཡག་བཙོག་དང་བཟང་ངན་འགྲན་པ་རེད། བྱ་དགའ་སྤྲོད་ལུགས་ནི་རྒྱུག་ཆེན་དང་ཕལ་ཆེར་གཅིག་མཚུངས་རེད། དེ་བཞིན་དུ་ཞར་འཕེན་གྱི་འགྲན་བསྡུར་ནང་ཞུགས་མཁན་ཚོས་རྟ་ཐོག་ནས་མེ་མདའི་ཚ་ཁ་འགྲན་པ་རེད། ས་ཆ་དེར་དར་ཕྱོགས་ཤིག་གིས་ད་ལྟ་ཡང་ཕལ་ཆེ་བས་བོད་ཧྥུའུ་སྟེ་བོད་མདའ་བེད་སྤྱོད་ཀྱིན་ཡོད་ཅིང་། དེའི་དགེ་མཚན་ནི་སྐད་སྒྲ་ཆེ་ལ་རྫས་དུད་མང་བས་ཟིལ་ཤུགས་གཞན་ལས་ཆེ་བ་ཡོད་པ་དང་། དེའི་སྐབས་སུ་རྟ་རྒྱུག་མཁན་གྱི་ཕོ་གཞོན་རྣམས་ཀྱིས་རང་རང་གི་འཇོན་ཐང་རྩལ་ཤུགས་ངོམ་ཕྱིར་མེ་མདའ་ཀླད་དུ་བསྐོར་བ་དང་། རྟའི་མགུལ་འོག་ནས་བླངས་ཏེ་རྒྱུག་ལམ་གྱི་གཡོན་ཕྱོགས་སུ་བརྩེངས་པའི་འབེན་ལ་གཏད་ནས་མེ་མདས་རྒྱག་པ་ལ་སྔ་རིས་སྒོ་འཁོར་ཟེར་ལ། བྱ་དགའ་སྤྲོད་སྟངས་ནི་རྒྱུག་ཆེན་སོགས་དང་མི་འདྲ་བར་མེ་མདས་འབེན་ལ་ཕོག་པའི་གྲངས་ཀྱི་མང་ཉུང་ལྟར་བྱ་དགའ་ཆེ་ཆུང་སྤྲོད་ཀྱིན་ཡོད། ཡོབ་འགྱུར་ཞེས་པའི་སྐྱ་རྩལ་མངོན་སྟངས་ནི་འགྲན་བསྡུར་ནང་ཞུགས་མཁན་ཚོས་རྟ་ཐོག་ནས་ཁ་བཏགས་འཐུ་བ་ཡིན། སྐྱ་རྩལ་འཛོམས་པའི་ཕོ་གཞོན་སྟག་ཤར་ཚོས་རང་རང་གི་རྟ་ལ་ཞོན་ཏེ། དཀྱུ་སའི་ལམ་དུ་མྱུར་མགྱོགས་ཤུགས་ཀྱིས་བང་རྩལ་ངོམ་ཞོར། རྒྱུག་ལམ་གཡས་གཡོན་གྱི་ཐང་ལ་བཀྲམ་པའི་ཁ་བཏགས་རྣམས་ལག་པ་བསྲིངས་ནས་ལེན་པ་ཡིན། དེར་ཆེད་དམིགས་ཀྱི་བྱ་དགའ་མེད་མོད། ཁ་བཏགས་དེའི་སྣེ་མོ་རུ་མི་དམངས་ཤོག་སྒོར་རེ་མདུད་ནས་བཞག་ཡོད་པས་ཁ་བཏགས་བཏུས་པ་མང་བ་དེར་རང་ཤུགས་ཀྱིས་སྒོར་གྲངས་མང་བོ་ཐོབ་ཀྱི་ཡོད། བྱང་ཐང་གི་རྟ་རྒྱུག་དུས་ཆེན་དེ་དེང་སྐབས་མང་ཚོགས་རང་བཞིན་ལྡན་པའི་བོད་དམངས་ཁྲོད་ཀྱི་ལུས་རྩལ་འགྲན་ཚོགས་བྱང་ཐང་རྟ་རྒྱུག་དུས་ཆེན་ཞེས་ཡུལ་ཕྱོགས་ཀུན་ལ་སྙན་གྲགས་ཁྱབ་པའི་གཟབ་རྒྱས་དུས་ཆེན་ཞིག་ཏུ་གྱུར་ཡོད།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1