༄༅།།བརྩེ་བའི་རབ་ཁར་འཁྱིལ་བའི་དཔའ་བོའི་རྒྱབ་གཟུགས།

ཚུལ་བློ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-07




—ཏོག་དབྱིབས་ནད་དུག་གི་རླུང་འཚུབ་ཁྲོད་གཞན་སྐྱོབ་དང་དམངས་སྲུང་གི་ལས་ཀ་ལྷུར་བླངས་པའི་དཔའ་བོ་དག་ལ།

ཚུལ་བློ།




དགུན་གཞུང་རིང་མོ་ཞིག་ལ། 
བདག་གིས།
འཆང་ངོར་ཞུས་པའི་ཁ་བའི་འདབ་མའི་ཆུ་ཐིགས་རེ་རེ་ལ།
འཆར་ཡན་གྱི་འཇིག་རྟེན་ཕུན་སུམ་ཚོགས་པ་ཞིག་བཞེངས་རྗེས།
དེ་ལ།
བླ་མེད་དབྱངས་འགྲོས་ལྡན་པའི་སྙན་ངག་རེ་རེའི་འདང་བཞག་ནས།
སེམས་ཀྱི་ར་རུ་འཁྲུད་བྱེད་ཀྱི་བདུད་རྩིར་བསྒོམས།

 

རླུང་འཚུབ་གཡུག་སྟངས་ཤིག་གིས།
གྲང་ལྷག་ལྡང་སྟངས་ཤིག་གིས།
བདག་གི་རང་དབང་ན་གནས་པའི་འཆར་ཡན་གྱི་གཤོག་པར་བསྣད་སྐྱོན་ཐེབས་ཤིང་།
འཇིག་རྟེན་གྱི་ངོ་གདོང་ཀྱང་ཁ་རས་ཀྱིས་བཏུམ་སོང་བས།
ཁྲོམ་དང་གཞུང་ལམ་ན།
ཕྱོགས་ངེས་མེད་ནས་ཁུར་ཡོང་བའི།
སྡོང་ལོ་སྐམ་པོའི་ཤག་སྒྲ་དང་།
གྲོང་ཁྱིའི་ཟུག་རྔུའི་བྲག་ཅ་ལས་ཅིའང་ལྷག་མི་འདུག
སྐྱེ་བོ་ཚོའི་ཕྱིར་དྲན་གྱི་གཙང་བོར་ངལ་དུབ་ཀྱི་དྲེག་པ་ཆགས་པས།
ནམ་མཁའ་ཁོ་ན་ལུས་ཀྱི་རྐྱོང་ས་དང་བསམ་པའི་ལོངས་སྤྱོད་དུ་གྱུར།

 

མི་སེམས་ལ་ས་ཡོམ་བརྒྱབས་ཤིང་།
ཁོར་ཡུག་གི་ཁ་དོག་ཡལ་བའི་དཔྱིད་ལྗོངས་འདིར།
ང་ཚོས་རེ་སྨོན་ཆུང་ཆུང་གི་ཁ་ཐུམ་བརྒྱབ་ནས།
བདེ་ཐང་གི་མལ་ནས་ཡུན་རིང་གཉིད་པར་རྩོམ་པ་ན།
ཡིད་དུ་འོང་བའི་གང་ཟག་འབོར་ཆེན་གྱིས།
བློས་གཏོང་དང་སྐྱེས་འབུལ་གྱི་རྡོག་ཁྲེས་ཁུར་ཏེ།
གཞན་ཕན་དང་ཆོད་སེམས་ཀྱི་གོས་དཀར་མནབས་ཏེ།
ཤི་གསོན་གྱི་འཐབ་རའི་སྐུད་ལམ་དང་པོ་དང་།
གདོང་མཆོང་གི་སྤོབས་པའི་སྙིང་སྟོབས་བརྩན་ས་རུ།
ཕྱོགས་གང་དུ་བསྐུང་བར་མི་ཤེས་པའི་འབྱུང་འགྱུར་ཀྱི་འོད་སྣང་འཚོལ་ཞིང་།
རླུང་འཚུབ་ནང་གི་རྡེའུ་ཟེགས་ལྟ་བུའི་ཚེ་སྲོག་གི་སྲུང་མར་བཞུད།

 

མི་མང་པོ་དངངས་འཚབ་ཀྱིས་ཁྱིམ་ལ་ལོག་པར་བྲེལ་ཡང་།
ཚེ་སྲོག་གི་རྫི་བོ་སྐོར་ཞིག་གིས་འཇིགས་ཞུམ་སྤངས་ཏེ་རྒྱང་བཞུད་གནང་།
མི་མང་པོ་སུ་རྒོད་སུ་མྱུར་གྱིས་ཕྱིར་ལ་བཀྱེད་ཀྱང་།
ལྷ་ཡི་ཕོ་ཉ་སྐོར་ཞིག་གིས་བརྩེ་བའི་གོ་ཁྲབ་མནབས་ཏེ་ལྡོག་པར་བཞུད།

 
ཉིན་སྣེར་མཚན་མཐུད་ཅིང་། ཚེགས་སྣེར་འཛུམ་སྦྲེལ་བའི།
མིག་དང་སེམས་ཀྱིས་ནད་པ་འཚོ་བའི་བདེ་ཐང་གི་སྲུང་མ་འདི་ཚོ།
གོང་མ་སུ་ཡིས་མངགས་པའི་འཇིག་རྟེན་གྱི་སྐྱབས་གནས་ཡིན།
ཁྱེད་ཚོའི་བྲེལ་འཚུབ་ཀྱི་རྒྱབ་གཟུགས་རེ་རེ་དང་།
ལས་རྗེས་ཀྱི་ངོ་གདོང་སྙིང་རྗེ་དེ་དག་གིས།
མལ་ན་བདེ་ཐང་དུ་གཉིད་པའི་ཁོ་བོའི་སེམས་པ་ཡོམ་ཡོམ་སྒུལ།

 

ད་དུང་དེ་ཡིས་མི་ཚད།
ནད་དུག་གི་དམག་འཐབ་འདི་ལ་སྟོབས་ཤུགས་དང་རྒྱབ་སྐྱོར་ཕུལ་བའི།
བདག་གིས་ངོ་ཤེས་དང་མི་ཤེས་ཀྱི།
དཔའ་བོ་དཔའ་མོ་བགྲང་གིས་མི་ལང་སྟེ།
ཐབས་ཇུས་ཀྱི་འགྲོ་ལམ་སྟོན་མཁན།
རིམས་སྨན་གྱི་ཞིབ་འཇུག་དང་གསར་གཏོད་ཀྱི་ལམ་པ་འཚོལ་མཁན།
ནངས་ནུབ་མེད་པར་ལས་གནས་བསྲུང་བའི་མེལ་ཚེ་བ།
ཐོན་སྐྱེད་རྩ་འཛུགས་ཀྱི་སྲོག་དབུགས་སྐྱོང་མཁན།
ནད་པ་བསུ་སྐྱེལ་གྱི་ཆེད་དུ་འགྲོ་འོང་བྲེལ་བྲེལ་གནང་མཁན།
རིམས་འགོག་སྒྲིག་སྲོལ་གྱི་ཆེད་དུ་རྣམ་རིག་ཀྲོག་ཀྲོག་གནང་མཁན།
དངུལ་དང་དངོས་པོའི་རོགས་འདེགས་གནང་བའི།
སྔགས་ཀྱི་བྱིན་རླབས་དང་བསམ་པའི་སྟོབས་ཤུགས་སྟེར་བའི།
ཨ་ཕྱི་དང་ཨ་ནེ། གྲྭ་པ་དང་གྲོང་པ།
བྱིས་པ་དང་དར་མ། གྲོང་ཁྱེར་པ་དང་ཞིང་འབྲོག་པ།
ཁྱེད་ཚོས་ཡོད་ཚད་ཀྱི་ཐབས་དང་ཤེས་རབ་ཕུལ་བས།
ཁྱེད་ཚོས་ཡོངས་རྫོགས་ཀྱི་མཐུ་ནུས་དང་སེམས་ཤུགས་བཀོལ་བས།
ཁྱེད་ཚོས་ཕུལ་བ་དངོས་གནས་མང་དྲགས་འདུག

 

དཀར་གཙང་གཙང་གི་བྱས་རྗེས་འདི་དག
ང་དང་ཁྱོད་ཀྱི་དྲན་པའི་རྩིག་ལྡེབས་ན་བོར་དུ་མེད།
ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་རླབས་རིས་རེ་རེའི་ངོས་སུ།
དཔའ་བོ་དང་ལ་རྒྱ་མཚོན་པའི་སྙན་ངག་འདི་དག་ཅི་སྲིད་བར་དུ་གནས་ངེས་ཤིང་།
མ་ཚད།
སྙན་ངག་དེ་དག་སྒྲུང་དང་གཏམ་རྒྱུད་ཀྱི་ཚུལ་གྱིས།
མི་རབས་མང་པོའི་ཉིན་སྲིབ་ཀྱི་དྲོ་གྲང་བརྒལ་ནས།
བདེན་པ་དང་དགེ་བའི་ལམ་སྟོན་གྱི་སྒྲོན་མེར་འགྱུར་ངེས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1