༄༅།།བྱམས་པ་རྡོ་རྗེ་དང་ཁོང་གི་ཡིག་གཟུགས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།སི་ཁྲོན་བོད་སྐད་རླུང་འཕྲིན། སྤེལ་དུས། 04-07



        བྱམས་པ་རྡོ་རྗེའམ་ཆོས་གྲགས་ཚེ་རིང་ནི་སྤྱི་ལོ་༡༩༩༣ལོར་དཀར་མཛེས་རྫོང་གི་རྫ་ཁོག་ཡུལ་ཚོའི་ཉག་གཞིས་ཚང་དུ་ཐོག་མའི་ལྟེ་ཁྲག་འཐོར། ཆུང་དུས་ནས་བྲིས་ལ་མཁས་པའི་དགེ་རྒན་རྣམས་ཀྱི་མཛུབ་ཁྲིད་བཟང་པོ་ཡིས་ཡིག་གཟུགས་ལ་དགའ་བའི་གོམས་གཤིས་ཟབ་མོ་བཞག  །ཉིས་སྟོང་བཅོ་ལྔ་ལོ་ནས་བོད་ཀྱི་ཡིག་གཟུགས་ཆེད་སྦྱོང་གི་ལམ་དུ་ཞུགས་ཏེ་མདོ་དབུས་ཁམས་གསུམ་གྱི་ཡིག་གཟུགས་མཁས་ཆེན་མང་པོའི་མདུན་སར་ཆེད་བཅར་གྱིས་བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་དྲི་མ་མེད་པ་ལ་འབྲི་སྦྱོང་ལྷོད་མེད་བྱས་ཤིང་། དགེ་རྒན་ཁོང་རྣམ་པས་ཀྱང་དམིགས་བསལ་ལྟ་སྐྱོང་དང་བསྔགས་བརྗོད་གནང་བ་མ་ཟད།   དཀར་མཛེས་ཁུལ་དུ་སྐབས་གཉིས་པའི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ཆེན་མོ་ལས་དབུ་ཅན་ལ་ཨང་དང་པོའི་རྟགས་མ་ཐོབ།


   སྤྱི་ལོ་༢༠༡༨ལོར་ཁོང་གིས་རང་རེའི་ཁུལ་དུ་གསེར་བྲིས་རིག་གནས་ཀྱི་དབུགས་རྒྱུན་ཕྲ་མོ་འགག་ལ་ཉེ་བར་གཟིགས་ནས་དཀར་མཛེས་རྫོང་དུ་དཀར་མཛེས་བོད་ལུགས་གསེར་བྲིས་རིག་གནས་ཉམས་གསོ་ལྟེ་གནས་བཙུགས་ཏེ།  རང་ཉིད་ཆུང་དུས་ཀྱི་ཕུགས་འདུན་མངོན་དུ་འགྱུར་བར་ངལ་བ་དུ་མར་མ་འཛེམ་པར་བོད་ཀྱི་གསེར་བྲིས་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་ཞུགས། དེ་ཡང་གསེར་ཡིག་འབྲི་བཞེངས་བྱེད་པ་ལ་ཉེ་བར་མཁོ་བའི་བོད་ཤོག་ལས་སྣོན་བྱེད་སྟངས་དང་མཐའ་ཐིག་འདེབས་སྟངས།   གསེར་དངུལ་འདུལ་སྦྱོང་བྱེད་སྟངས་བཅས་ཀྱི་ལག་རྩལ་ལའང་དབང་ཐོབ།   དེ་བས་མཚོ་སྔོན་ཡུལ་ཤུལ་གྲོང་ཁྱེར་དུ་གནས་གཞི་བྱས་པའི་གསེར་བྲིས་ཁང་དག་གིས་གདན་ཞུ་བྱས་ཤིང་བོད་ཤོག་བཟོ་སྟངས་སོགས་ལ་མཛུབ་ཁྲིད་བྱས།   



དབུ་ཅན་བྲིས་ཆོས།

        དེ་ཡང་། ཁམས་པའི་དྲ་བ་དང། ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བ། རྒྱལ་ཡོངས་ས་ཆེན་དྲ་བ། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཁམས་པའི་བརྙན་འཕྲིན་གྱི་བཀྲ་ཤིས་གཡང་ལོ་ཞེས་པའི་ལོ་སར་དགོང་ཚོགས་ཀྱི་འཆར་ངོས། བྱམས་པའི་ཁ་བརྡ། ཁུལ་ཉིན་རེའི་ཚགས་པར།  མི་རིགས་དུས་དེབ། བོད་ཀྱི་ན་གཞོན་ཡིག་མཁན་དུས་དེབ། སི་ཁྲོན་མི་རིགས་སློབ་གླིང་གི་ཡིག་གཟུགས་ཞིབ་འཇུག་དང་རྒྱུན་འཛིན་དེབ་ཀྱི་རྐང་འཛིན་ཡིག་མཁན།  གངས་དཀར་རི་བོའི་དུས་དེབ། འབོད་པ་འདོན་ཐེངས་གསུམ་པ་དང་བཞི་པ།  རྫ་སྲས་བོད་ཀྱི་རིག་གནས་འཕྲིན་སྟེགས་སོགས་ཚད་ལྡན་གྱི་འཕྲིན་སྟེགས་བཅུ་ཕྲག་དང་། གྲོང་ཁྱེར་ཆེན་པོ་ཧྲེན་ཀྲེང་དང་རང་ཁུལ་གྱི་ཡུལ་སྐོར་ལྟེ་གནས་གྲགས་ཅན་འདབ་པ་ཉི་སྟེང་གྱི་བཤམས་སྟོན་ཁང་དག་གིས་ཀྱང་ཁོང་གི་ཡིག་གཟུགས་ལ་མགྲོན་དུ་བོས། དེ་བཞིན་ཁོང་གི་གྲོགས་དམ་པ་གཉིས་དང་མཉམ་དུ་འབྲི་བཞེངས་བྱས་པའི་གངས་ལྗོངས་ཡིག་གཟུགས་སྣ་བརྒྱའི་ཞལ་ཐང་རིང་མོར་འཛམ་གླིང་གི་ཟིན་ཐོའི་དཔང་ཡིག་ལྗེ་ནི་སིའི་Guinnessམཚན་སྙན་ཐོབ།  



ལྗེ་ནི་སིའི་Guinnessདཔང་རྟགས།

དབུ་མེད་བྲིས་ཆོས།

        ད་ལྟ་དཀར་མཛེས་བོད་ལུགས་གསེར་བྲིས་རིག་གནས་ཉམས་གསོ་ལྟེ་གནས་ཀྱི་སྤྱིའི་འགན་འཛིན་པ་དང་།  དཀར་མཛེས་གནའ་དཔེ་གསེར་བྲིས་རིག་གནས་ཀྱི་རྒྱུན་འཛིན་པ།  དཀར་མཛེས་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི། ཡུལ་ཤུལ་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི། དཀར་མཛེས་རྫོང་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི། ལི་ཐང་རྫོང་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི། དཀར་མཛེས་རྫོང་སློབ་ཆུང་གསུམ་པའི་གདན་ཞུས་ཡིག་གཟུགས་དགེ་རྒན།  དཀར་མཛེས་ནོར་གླིང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཚན་ཆུང་གི་ཚོགས་མི་བཅས་ཀྱི་ལས་ཀ་བྱེད་པའི་ཞོར་དུ་སློབ་མ་མང་པོ་སྐྱེད་སྲིང་བྱེད་བཞིན་ཡོད་ལ། དེ་དག་ལའང་རང་གིས་སྦྱངས་པ་མཐར་སོན་པའི་དབུ་ཅན་ཁམས་ཀྱི་སྡེབ་བྲིས་དང་སྙེ་བྲིས། སྨོན་ལམ་ཡིག་གཟུགས་དང་ཚེ་ཏན་ཞབས་དྲུང་གི་ཕྱག་རྒྱུན་ཡིག་གཟུགས་སོགས་ཀྱིས་གསེར་བྲིས་སྣ་ཚོགས་འབྲི་ལུགས་ལ་སློབ་ཁྲིད་བྱེད་མུས་སུ་མཆིས་སོ།། 

བྲིས་ཆོས་བདམས་བཀོད།









དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1