༄༅།།རྨ་ཆུའི་མགོ་ཁུངས་ནས་སྐྱེ་ཁམས་ལ་ལྟ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-09


        རྨ་སྟོད་རྫོང་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་མཚོ་ངོས་ལས་མཐོ་ཚད་ཆེས་མཐོ་བའི་རྫོང་ཞིག་ཡིན་ལ། མཚོ་ངོས་ལས་ཆ་སྙོམས་མཐོ་ཚད་ལ་སྨི4300ཡན་ཡོད། “མཁའ་དབྱིངས་ཀྱི་རྨ་སྟོད། རྨ་ཆུའི་མགོ་ཁུངས”ཞེས་སུ་གྲགས་པའི་རྨ་སྟོད་རྫོང་ནི། ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་སྟེ། རྨ་ཆུའི་མགོ་ཁུངས་ཡིན།
        སྤྱི་ལེ་སུམ་ཅུ་ཡས་མས་སུ་སོང་སྟེ། མི་མེད་ས་སྟོང་རིང་མོ་ཞིག་བརྒྱུད་དགོས། བཅར་འདྲིའི་ལམ་བར་དུ། མཚོ་མོ་དང་རི་བོའི་ཁ་དོག རི་མཐོན་པོ་དང་གངས་ཐང་གི་མཛེས་སྡུག་བགྲང་གིས་མི་ལངས་པ་མཐོང་ཐུབ་ཅིང་། དུས་སྐབས་ངེས་མེད་དུ་རི་སྐྱེས་སྲོག་ཆགས་དག་གིས་རྩྭ་ཐང་དུ་མཆོང་རྒྱུག་དང་། གཟན་རྩྭ་འཚོལ་བཞིན་ཡོད་པས། སྐྱེ་ཁམས་ཁོར་ཡུག་ཤིན་ཏུ་མཛེས།
        རྨ་ཆུའི་མགོ་ཁུངས་ཀྱི་ཁ་ཕྱོགས་དེད་དེ། གསར་འགོད་པ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་སླེབས་བྱུང་།
        རྨ་ཆུའི་མགོ་ཁུངས་གླིང་ཁུལ་གྱི་ཁོངས་སུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མཚོ་སྐྱ་རིང་སྔོ་རིང་དང་། ཝ་གཞོང་སྐར་མཚོ་བཅས་སྲུང་སྐྱོབ་ཡན་ལག་ཁུལ2འདུ་ལ། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི1.91ཡོད་པ་དང་། རྨ་སྟོད་རྫོང་དུ་རྨ་ཆུ་ཞང་དང་། མཚོ་སྐྱ་རིང་དང་རྨ་ཁྲ་ལི་གྲོང་རྡལ་གྱི་སྲིད་འཛིན་སྡེ་བ19དང་། ཁྱིམ་ཚང2687དང་མི་གྲངས7411ཡོད། ཀྲུང་གོ་འཕྲེད་ཀྱིས་སྦྲེལ་བའི་རྨ་ཆུའི་བཞུར་རྒྱུད་དང་བསྡུར་ན། རྨ་སྟོད་མགོ་ཁུངས་ཀྱི་རྒྱ་ཁྱོན་དེ་ནི་གླེང་རིན་མེད་པ་ཞིག་ཏུ་མངོན་ཡང་། དེའི་ཤུགས་རྐྱེན་ལ་སྣང་ཆུང་གཏན་ནས་བྱེད་མི་རུང་། འགྱུར་ལྡོག་ཧ་ཅང་ཆུང་ཆུང་ཞིག་གིས་ཀྱང་རྨ་ཆུའི་བཞུར་ཁོངས་ཡོངས་ཀྱི་སྐྱེ་ཁམས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་སྲིད།
        སྔོན་ཆད། གནམ་གཤིས་ཀྱི་འགྱུར་ལྡོག་དང་མིའི་རིགས་ཀྱི་བྱ་འགུལ་གྱི་དབང་གིས། ས་དེའི་རྩྭ་ཐང་དུ་སྐབས་ཤིག་རིང་ཚད་ལས་བརྒལ་བའི་ཕྱུགས་ཟོག་འཚོས་ཏེ།སྐྱེ་ཁམས་ཞན་འགྱུར་ཚབས་ཆེན་དུ་གྱུར། རྨ་ཆུའི་མགོ་ཁུངས་སུ་སྔོན་ཆད་མཚེའུ་ཆེ་ཆུང4000ལྷག་ཡོད་མོད།འོན་ཀྱང་སྤྱི་ལོ2000ལོའི་ཡས་མས་སུ། གནས་དེར་མཚོ་མོ1000ལས་མེད་པར་གྱུར།
        མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བ་དང་། སྐྱེ་ཁམས་ཁོར་ཡུག་ལེགས་པོ་དེ་གཏན་དུ་བེད་སྤྱོད་ཁྲོད་རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་མངོན་འགྱུར་འབྱུང་བའི་ཕྱིར་དུ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་གླིང་ཁུལ་གྱིས་རྨ་ཆུའི་མགོ་ཁུངས་ཀྱི་མཚེའུ་དང་། བརླན་སའི་སྐྱེ་ཁམས་མཛེས་ལྗོངས་གཙོ་གནད་དུ་བཞག་ནས་སྲུང་སྐྱོབ་བྱེད་པའི་བྱ་བ་མགོ་བརྩམས་ཏེ། མི་ཤུགས་དང་མ་དངུལ་འབོར་ཆེན་བཏང་ཞིང་། མཚོ་ངོས་ལས་མཐོ་ཚད་ལ་སྨི4000ལྷག་ཡོད་པའི་མཐོ་སྒང་དུ་མིས་ཐབས་ཀྱིས་རྩྭ་བཏབ་པ་དང་།ས་ནག་ཐང་བཅོས་སྐྱོང་བྱེད་པ།རྩྭ་ཐང་གི་ཨ་བྲའི་གནོད་འཚེ་སྔོན་འགོག་སོགས་ཀྱི་སྐྱེ་ཁམས་བཟོ་འགོད་ལག་ཏུ་བསྟར་བས། གྲང་ངར་ཆེ་བའི་ནེའུ་གསིང་དང་། རྩྭ་ཐང་གི་སྐྱེ་ཁམས་མ་ལག་སྐྱོན་བྲལ་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱས། རྨ་ཆུའི་མགོ་ཁུངས་སུ“མཚོ་མོ་སྟོང་ཕྲག་སླར་ཡང་རྒྱས”ཤིང་།རི་མཐོན་པོ་དང་རྩྭ་ཐང་གིས་ལྗང་མདོག་གི་ལྭ་བ་བཀླུབས་པར་མ་ཟད། རྐྱང་དང་དགོ་བ་སོགས་རི་སྐྱེས་སྲོག་ཆགས་རྣམས་རྩྭ་ཐང་ཆེན་མོའི་ཕང་བར་སོས་དལ་བག་ཕེབས་ངང་མཆོང་རྒྱུག་བྱེད་པའི་སྣང་ཚུལ་མངོན།
        “སྔོན་ཆད་རྨ་ཆུའི་མགོ་ཁུངས་ཀྱི་ཆུ་རྒྱུན་ཡང་ཆད་མྱོང་ལ། རྩྭ་ཐང་ཇེ་ཆུང་དུ་གྱུར་བ་དང་། བྱེ་འགྱུར་གྱི་གནས་ཚུལ་བྱུང་མྱོང་།”གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་འབྲེལ་ཡོད་མི་སྣས་དེ་ལྟར་ངོ་སྤྲོད་བྱས་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱས་པའི་ཚུན་ལ། རྨ་ཆུའི་མགོ་ཁུངས་གླིང་ཁུལ་གྱིས་རི་ཆུ་ནགས་རྩྭ་མཚེའུ་བཅས་ཚེ་སྲོག་གི་ཕུང་པོ་གཅིག་ཡིན་པའི་འདུ་ཤེས་ལ་བརྩི་སྲུང་བྱས་ཏེ། “སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར”འཇོག་རྒྱུ་དེ་བྱ་བ་ཡོད་ཚད་ཀྱི་མགོ་རྩོམ་ས་དང་དོན་ཐོག་ཏུ་འབབ་ས་བྱས་ཤིང་། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་འཚོ་ལེགས་བཅོས་ཕན་ཚུན་ཟུང་འབྲེལ་བྱས་ཏེ། ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་ལག་བསྟར་ནན་མོ་བྱས། ལོ་གསུམ་གྱི་རིང་ལ། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར7.65བཏང་ནས་གཙང་གསུམ་འབྱུང་ཡུལ་གྱི་དུས་རིམ་གཉིས་པའི་བཟོ་འགོད་དང་། བརླན་སའི་སྲུང་སྐྱོབ། མཚེའུའི་ཚོམས་བཅོས་སྐྱོང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། སྐྱེ་ཁམས་རོལ་མྱོང་དང་ཁོར་ཡུག་སློབ་གསོ། སྐྱེ་ཁམས་སྲུང་སྐྱོབ་སྒྲིག་བཀོད་དང་དོ་དམ་ནུས་པའི་འཛུགས་སྐྲུན་བཅས་ཀྱི་ལས་གཞི་གཅིག་གྱུར་འཆར་འགོད་ཀྱིས་ལག་བསྟར་བྱས། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། རྨ་ཆུའི་མགོ་ཁུངས་ཀྱི་མཚེའུ་སྟོང་གི་ངོ་མཚར་རྣམ་པ་ཡང་བསྐྱར་མངོན་ཞིང་། མཚེའུའི་གྲངས་ཀ་ནི་སྔོན་ཆད་ཀྱི4077ནས5849ལ་ཇེ་མང་དུ་གྱུར་བ་དང་། མཚོ་སྔོ་རིང་དང་། མཚོ་སྐྱ་རིང་གི་རྒྱ་ཁྱོན་ནི2017ལོའི་ཆ་སྙོམས་དང་བསྡུར་ན་སོ་སོར6.5%དང1.6%འཕར། མཚོ་མོའི་རྒྱ་ཁྱོན་སོ་སོར་སྤྱི་ལེ་གྲུ་བཞི་མ42.73དང་སྤྱི་ལེ་གྲུ་བཞི་མ9.65འཕར། བརླན་སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ104ལ་འཕར། 2018ལོའི་ཆ་སྙོམས་ཀྱི་རྩྭའི་ཐོན་ཚད་མུའུ་རེར་སྤྱི་རྒྱ187ཡིན་ཞིང་། ཁེབས་ཚད་མཐོ་བའི་རྩྭ་སའི་རྒྱ་ཁྱོན་མངོན་གསལ་གྱིས་ཇེ་མང་དུ་སོང་བ་དང་།ཁེབས་ཚད་འབྲིང་བ་དང་ཁེབས་ཚད་དམའ་བའི་རྩྭ་ས་མངོན་གསལ་གྱིས་ཇེ་ཉུང་དུ་སོང་། རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་མངོན་གསལ་གྱིས་ཇེ་མང་དུ་གྱུར་བ་དང་། ཁྱད་པར་དུ་རྐྱང་དང་། དགོ་བ་སོགས་སྲོག་ཆགས་ཀྱི་གྲངས་ཀ་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད།
        མཚོ་ངོས་ལས་མཐོ་ཚད་ལ་སྨི4610ཡོད་པའི་འབྲོང་མགོའི་རྡོ་རིང་ལ་འགོས་ན། མཚོ་ངོས་ལས་མཐོ་བའི་རྐྱེན་གྱིས། ཅང་མི་འགོར་བར་དབུགས་ལེན་དཀའ་བར་འགྱུར། དེ་ཡི་ཡང་རྩེར་འཛེགས་པ་ན། དེ་མ་ཐག་ཏུ་གཞན་དང་མི་གཅིག་པའི་རྔམ་བརྗིད་ཅིག་གིས་ཡིད་སེམས་འགུག་སྲིད། ཟངས་ཀྱིས་བཟོས་པའི་ནོར་མགོ་རྟགས་མ་ནི་མཚོ་མོར་ཁ་གཏད་དེ་ཀྲོང་ངེར་ལངས་ཡོད་ལ། ལྕགས་རིའི་སྟེང་དྲི་མེད་ཀྱི་ལྷ་དར་བཏགས་ཡོད། མཐོ་ས་འདི་ནས་ཕྱོགས་བཞིར་ཐུར་བལྟ་བྱས་ན། ཡོད་ཚད་རི་མཐོན་པོ་དང་གངས་ཐང་ཡིན་ལ།དེ་མིན་མགོ་ཁུངས་ཀྱི་མཚོ་མོ་སྟེ་མཚོ་སྐྱ་རིང་དང་མཚོ་སྔོ་རིང་རེད། མིག་ལ་མངོན་པ་ནི། ནམ་མཁའ་སྔོ་ཞིང་དྭངས། མཚོ་སྐྱ་རིང་དང་མཚོ་སྔོ་རིང་ཤིན་ཏུ་དྭངས་པས་གཏིང་ཡང་མཐོང་ཐུབ། ཆུ་རླབས་མཛེས་ཤིང་། མཚོ་དང་གནམ་མདོག་གཅིག་ཏུ་འདྲེས་ཡོད་ཅིང་། ཨ་སྔོན་དང་། གངས་ཐང་། རི་མཐོན་པོ་དང་མཚོ་མོ་ཡོད་ཚད་ལ་གསོན་ཉམས་མངོན་འདུག
        དེང་སྐབས། རྨ་ཆུའི་མགོ་ཁུངས་ཀྱི་སྔོ་རྩྭ་དང་། གནམ་སྔོན་པོ། ཆུ་དྭངས་མོ་བཅས་ཀྱི་ཡུལ་ལྗོངས་ཡང་བསྐྱར་མངོན་ཞིང་། ས་ཁུལ་ཁ་ཤས་ཤིག་གི་སྐྱེ་ཁམས་གནས་བབ་ཇེ་ཞན་དུ་གྱུར་མེད་པ་མ་ཟད་སྔོན་ཆད་ལས་ཀྱང་ཇེ་ལེགས་སུ་སོང་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1