༄༅།།སྙིང་ནད་ཡོད་མཁན་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་འཐུང་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-09


        སྙིང་ནད་ཡོད་མཁན་གྱིས་ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་སྒོ་ནས་ཆུ་འཐུང་བ་ལས།ཆུ་མགྱོགས་མྱུར་ངང་དང་ཚད་ལས་བརྒལ་བ་དང་། འཁྱགས་པའང་འཐུང་མི་རུང་།གལ་ཏེ་འཐུང་ཐེངས་གཅིག་དང་ཡང་ན་བསྟུད་མར་ཆུ་མང་པོ་འཐུང་ན།ཁྲག་གི་ནང་དུ་ཆུ་མང་པོ་འདྲེས་ཏེ་ཁྲག་རྒྱུན་ཇེ་མང་དུ་འགྲོ་བ་དང་།དེ་དང་བསྟུན་ནས་ཁྲག་ཤེད་ཇེ་མཐོ་དང་སྙིང་གི་གནོན་ཤུགས་ཇེ་ལྕིར་འགྲོ་བས།བྲང་ཁོག་ན་བ་དང་དབུགས་ལེན་དཀའ་བ།སྙིང་གི་ལྡིང་ཚད་ཇེ་མགྱོགས་སུ་འགྲོ་བ་སོགས་ཀྱི་ནད་རྟགས་མངོན་པ་རེད།ལིའུ་པིང་གིས་བཤད་རྒྱུར།འཐུང་ཐེངས་གཅིག་ལ་ཆུ་མང་པོ་མི་འཐུང་བར།ཁམ་བུ་ཆུང་ཆུང་གིས་ཡུན་གྱིས་འཐུང་བ་དང་ཚད་ཉུང་ཐེངས་མང་གིས་འཐུང་བའི་བྱེད་ཐབས་སྤྱོད་དགོས།ཐེངས་རེར་ཧའོ་ཧྲིན200ཡས་མས་འཐུང་བ་དང་།འཐུང་ཐེངས་རེའི་བར་ཐག་དུས་ཚོད2འཇོག་དགོས།ཉིན་རེར་ཆུ་འཐུང་བའི་ཚད་དོ་མཉམ་ཡོང་བ་དང་།ཅི་ཙམ་འཐུང་ན་དེ་ཙམ་ཕྱིར་ཕུད་དགོས།ཆུ་ནི་གཙོ་བོ་མཁལ་མ་བརྒྱུད་དེ་ཕྱིར་ཕུད་པ་དང་།ཉུང་ཤས་ཤིག་འཇུ་ལམ་དང་སྐྱི་པགས།དབུགས་ལམ་སོགས་བརྒྱུད་པ་རེད།དེ་བས་སྙིང་གི་ནུས་ཤུགས་ཉམས་པ་དང་མཁལ་མའི་ནུས་ཤུགས་ཉམས་པའི་ནད་པས་ཆུ་མང་པོ་འཐུང་ན།མཁལ་མས་ནུས་ལྡན་སྒོས་ཕྱིར་ཕུད་ཐབས་མེད་པས།ཆུ་བསོགས་ཏེ་སྙིང་གི་ཁུར་པོ་ཇེ་ལྕིར་གཏོང་བ་རེད།དེ་བས་ནད་པ་དེའི་རིགས་ཀྱིས་སྨན་པའི་ངག་ལ་ཉན་ཏེ།ཆུ་འཐུང་བའི་ཚད་ལ་ཚོད་འཛིན་བྱེད་དགོས།གནམ་གཤིས་ཚ་གདུག་ཆེ་བའི་སྐབས་དང་ཡང་ན་རྔུལ་ཆུ་མང་པོ་བཞུར་རྗེས།ཆུ་འཁྱགས་ཕོར་བ་གང་འཐུང་ན་བདེ་སྣང་བཤད་མི་ཤེས་པ་ཞིག་སྟེར་མོད།འོན་ཀྱང་སྙིང་ནད་ཡོད་པའི་མི་ལ་མཚོན་ན་དེ་ནི་གནོད་འཚེ་ཞིག་ཡིན།དེས་ཚོར་ལས་དབང་རྩར་ངར་ལངས་སུ་བཅུག་སྟེ།སྙིང་གི་ལྡིང་ཚད་ཇེ་མགྱོགས་སུ་གཏོང་བའམ་ཡང་ན་སྙིང་གི་ལྡིང་ཚད་རྒྱུན་ལྡན་མིན་པར་གཏོང་བ་རེད།སྙིང་ནད་ཅན་གྱི་ནད་པས་ཏུའུ38ཡས་མས་ཀྱི་ཆུ་དྲོད་འཇམ་འཐུང་ན་ལེགས། །
        དགུན་དུས་ཀྱི་གནམ་གཤིས་ལ་སྐམ་ཤས་ཆེ་བས།ཉིན་རེར་སྐྱི་པགས་ཀྱི་ཆུ་ཤོར་བའི་ཚད་ཧའོ་ཧྲིན800ནས1000ཡས་མས་ཡིན།སྐབས་དེར་ཆུ་མང་དུ་འཐུང་དགོས་པར་མ་ཟད།འཇུ་སླ་བའི་ཟས་རིགས་དང་སྔོ་ཚོད།སིལ་ཏོག་སོགས་ཟོས་ན་ཁྲག་རྩ་བདེ་ཐང་ཡོང་བར་ཕན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1