༄༅།།རྣམ་རྒྱལ་ཚེ་རིང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-15


     ཁག་དང་པོའི་ནག་པོ་དགུ་སྦྱོར་སྦྱོར་སྡེབ་ལེགས་གྲུབ་བྱུང་རྗེས། རྣམ་རྒྱལ་ཚེ་རིང་གིས་སྨན་ཁྱེར་ཏེ་གྲོང་ཚོ་ཨུ་ལྷན་དུ་བསྐྱོད་ནས་གྲོང་སྡོད་ལས་བྱེད་པ་དང་མཉམ་དུ་སྨན་དེ་དག་ཡུལ་མི་ཚོར་སྤྲད། ཡུལ་མི་ཚོར་རིམས་འགོག་གི་སྨན་རག་རྗེས་རྣམ་རྒྱལ་ཚེ་རིང་གི་སེམས་པ་ལྷོད་ལ་འབབ།
     རྣམ་རྒྱལ་ཚེ་རིང་ནི་བོད་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་རི་གསུམ་ཤང་ལྕགས་སྒང་གྲོང་ཚོ་ནས་ཡིན་པ་དང་། རྫོང་གྲོང་དང་བར་ཐག་སྤྱི་ལེ་82ཆོད་ཅིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་4300ཟིན་གྱི་ཡོད། གནམ་གཤིས་གྲང་ཤོས་སྐབས་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་22.1ཟིན་པ་དང་། གནམ་གཤིས་ཚ་བ་ཆེ་ཤོས་སྐབས་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་13.6ཟིན་གྱི་ཡོད་པས། ས་བབ་མཐོ་བ་དང་གྲང་ཟུག་ཆེ་བའི་རྐྱེན་ཁུལ་དེའི་ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་ལ་ཉེན་ཁ་ཆེན་པོ་བཟོ་ཡི་ཡོད། 1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། ས་གནས་དེ་གའི་མི་རེའི་ཆ་སྙོམས་ཚེ་ཚད་ལོ་35ཙམ་ལས་ཟིན་གྱི་མེད།
     ད་ཆ་ལོ་56ལ་སོན་པའི་བོད་ལྗོངས་རུ་ཐོག་རྫོང་རི་གསུམ་ཤང་ལྕགས་སྒང་གྲོང་ཚོའི་སྨན་པ་རྣམ་རྒྱལ་ཚེ་རིང་ནི་བོད་ལུགས་གསོ་རིག་ཁྱིམ་རྒྱུད་ཀྱི་མི་རྒྱུད་ཡིན་པ་དང་། ཆུང་དུས་ནས་རང་ཉིད་ཀྱི་ཨ་ཞང་དྲུང་ནས་གསོ་རིག་སློབ་སྦྱོང་བྱས་ཏེ་ཕ་ཡུལ་གྱི་མང་ཚོགས་ལ་ནད་ཀྱི་སྡུག་བསྔལ་སེལ་བའི་འདུན་པ་ཆེན་པོ་བཅངས་བཞིན་ཡོད། ཁོང་ལོ་14ལ་སླེབས་སྐབས་ལྕགས་སྒང་གྲོང་ཚོའི་སྨན་པ་བྱས་ཏེ་ད་བར་ལོ་42སོང་ཡོད།
     ལོ་42གི་གོང་། རྣམ་རྒྱལ་ཚེ་རིང་གྲོང་ཚོའི་སྨན་པ་བྱས་མ་ཐག་གི་སྐབས་སུ་གྲོང་ཚོ་འཕྲོད་བསྟེན་ཁང་གི་སྨན་བཅོས་སྒྲིག་ཆས་ཐབས་ཆག་ཡིན་པས། ནད་ཆེན་ཕོག་སྐབས་ཁབ་བརྒྱབ་ནས་ཅུང་ཟད་དྲག་སྐྱེད་ཡོང་བར་བྱེད་པ་དང་། ནད་ཆུང་ཕོག་སྐབས་ན་ཟུག་གཅོག་པའི་སྨན་དང་གཉན་ཁ་གཅོག་པའི་སྨན་ཁ་ཤས་བསྟེར་ནས་སྨན་བཅོས་བྱ་རྒྱུ་ལས་མ་འདས། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་འཕྲོད་བསྟེན་བྱ་གཞག་ལ་གཏོང་ཆ་གཏོང་ཤུགས་རིམ་བཞིན་ཆེ་རུ་བཏང་ཡོད། སྲིད་གཞུང་གིས་གཙོ་ཁྲིད་དང་རིན་མེད་སྨན་བཅོས་རྨང་གཞིར་བྱས་ཏེ། སྲིད་གཞུང་དང་། མཉམ་སྡེབ། མི་སྒེར། སྤྱི་ཚོགས་བཅས་ཀྱིས་ཐབས་ལམ་མང་པོ་བརྒྱུད་མ་དངུལ་གྲབས་གསོག་བྱས་ནས། ནད་ཆེན་སྤྱི་འདོམས་དང་། སྒོ་བསྟེན་སྨན་ཁང་གི་ཁྱིམ་ཚང་གི་རྩིས་ཐོ། སྨན་བཅོས་ཉེན་ཁའི་ཐེབས་རྩ་བཅས་ཟུང་འབྲེལ་གྱི་ཞིང་འབྲོག་པའི་གཞི་རྩའི་སྨན་བཅོས་འགན་ལེན་ལམ་ལུགས་ལག་བསྟར་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་རྒྱ་བཙུགས་པ། རང་སྐྱོང་ལྗོངས་དང་། གྲོང་ཁྱེར(ས་ཁུལ) རྫོང(ཆུས) ཤང(གྲོང་རྡལ)བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་ལེགས་གྲུབ་བྱུང་བ། སྲིད་འཛིན་གྲོང་ཚོ་ཚང་མར་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་བཙུགས་ཡོད། 2016ལོར་ལྕགས་སྒང་གྲོང་ཚོའི་སྨན་དོན་ཁང་སླར་ཡང་ཉམས་གསོ་བྱས་པར། ཁང་མིག་5དང་སྒོ་ར་གཅིག་ཚུད་པར་རྒྱ་ཁྱོན་སྨི་ངོས་གྲུ་350ཟིན་ཡོད། སྨན་དོན་ཁང་དུ་ཁྲག་ཤེད་ལྟ་ཆས་དང་། ཚ་བ་ལྟ་ཆས། ཉན་བརྟག་ཡོ་བྱད། གསོ་རླུང་། སྨན་སྒམ། ནད་ཁྲི། གློག་ཀླད། རྒྱ་མ། སྨན་ཆུ་འདོགས་ས། དུག་སེལ་ཡོ་ཆས། སྨན་བཅོས་སྒམ་སོགས་རྒྱུན་སྤྱོད་སྨན་བཅོས་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད། ད་ཆ་རྣམ་རྒྱལ་ཚེ་རིང་གཅིག་པུ་མིན་པར་ད་དུང་སྨན་པ་གཞན་ཞིག་ཡོད་པ་དང་། ཁོང་གཉིས་རེས་མོས་ཀྱིས་སྡོད་བྱ་བྱས་ཏེ་མང་ཚོགས་ལ་ནད་ལྟ་བཞིན་ཡོད་པས། རྣམ་རྒྱལ་ཚེ་རིང་གི་ཆུང་དུས་ཕུགས་འདུན་གཞི་ནས་མངོན་འགྱུར་བྱུང་བ་མ་ཟད། མང་ཚོགས་ནད་ལྟ་བར་སྨན་རིན་མི་དགོས་པ་དང་སྨན་པ་དང་སྨན་རྫས་ཁ་ཐང་བའི་དུས་རབས་གཞི་ནས་མཇུག་འགྲིལ། མིག་སྔར། ཡུལ་མི་ཚོའི་ཆ་སྙོམས་ཚེ་ཚད་ལོ་70ལྷག་ཙམ་ཟིན་གྱི་ཡོད།
     ད་ཆ་རྣམ་རྒྱལ་ཚེ་རིང་གིས་བོད་ལུགས་གསོ་རིག་གི་གཞི་རྩའི་སྨན་བཅོས་བྱ་ཐབས་ཁོང་དུ་ཡག་པོ་ཆུད་པ་དང་། ས་མཐོའི་རྒྱུན་ཐོན་རུས་ཚིགས་དང་། འཇུ་བྱེད་མ་ལག ཁྲག་རྩ་སོགས་ཀྱི་ནད་རིགས་སྨན་བཅོས་ཐད་བྱས་རྗེས་མང་པོ་བཞག་ཡོད། རྣམ་རྒྱལ་ཚེ་རིང་ནི་གྲོང་ཚོའི་སྨན་པ་གོ་ཆོད་ཅིག་ཡིན་པ་དང་། གྲོང་ཚོ་དེའི་མང་ཚོགས་700ལྷག་ཙམ་ལ་ནད་ལྟ་བ་མ་ཟད། ད་དུང་ལོ་42རིང་གྲོང་ཚོ་གཞན་དག་དང་ཉེ་འཁོར་གྱི་དགེ་རྒྱས་དང་སྒར་སོགས་རྫོང་ཁག་གཅིག་གི་མང་ཚོགས་3000ལྷག་ཙམ་གྱི་སྨན་བཅོས་བྱེད་མྱོང་ཡོད།
     འདི་ལོའི་དཔྱིད་གསར་དུས་ཆེན་སྐབས་སུ། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་ནས་མི་རྣམས་ལ་སེམས་ཁྲལ་ཆེན་པོ་བཟོས། རྣམ་རྒྱལ་ཚེ་རིང་ལྷ་སར་ལས་དོན་སྒྲུབ་པར་བསྐྱོད་ནས་ཕྱིར་ལོག་རྗེས་རྫོང་གྲོང་དུ་ཉིན་14ལོགས་འཇོག་བརྟག་དཔྱད་བྱས། བརྟག་དཔྱད་བྱེད་རིང་རྣམ་རྒྱལ་ཚེ་རིང་གིས་མང་ཚོགས་ལ་སྨན་བཅོས་བྱེད་ཁོམ་བྱུང་མེད་ཀྱང་། ཁོང་གིས་སྨན་དོན་མི་སྣ་ཞིག་གི་འགན་འཁྲི་སྔར་བཞིན་ཕྲག་ཏུ་ཁུར་ནས། ཉིན་14རིང་གསོ་རིག་གཞུང་ལུགས་ལ་ལྟ་བཞིན་ཁ་པར་དང་བརྙན་ལམ་བརྒྱུད་བོད་ཀྱི་གསོ་བ་རིག་པའི་རིགས་གཅིག་མཁས་ཅན་ལ་བཀའ་འདྲི་ཞུས་ཏེ་དབུགས་ལམ་གྱི་འགོ་ནད་སྔོན་འགོག་གི་བོད་སྨན་ནག་པོ་དགུ་སྦྱོར་སྦྱོར་སྡེབ་སྦྱངས།
     ཟླ་གཉིས་པའི་ཟླ་མཇུག་ཏུ་རྣམ་རྒྱལ་ཚེ་རིང་ལོགས་སུ་བཞག་ནས་གསོ་རིག་བརྟག་དཔྱད་མཇུག་འགྲིལ་ནས་གྲོང་ཚོར་ལོག་སྟེ་དུས་ཚོད་དམ་འཛིན་གྱིས་ནག་པོ་དགུ་སྦྱོར་སྦྱོར་སྡེབ་བྱས།
     ནག་པོ་དགུ་སྦྱོར་སྦྱོར་སྡེབ་བྱེད་པའི་རྒྱུ་ཆ་ཁག་གཅིག་གི་རིན་གོང་ཧ་ཅང་མཐོ་པོ་ཡོད་ཀྱང་། སྨན་དེ་དག་ཡུལ་མིར་སྤྲོད་རྒྱུ་ཡིན་པས་གྲོན་དངུལ་ཚང་མ་ཁོང་རང་ཉིད་ཀྱིས་བཏང་།
     རྣམ་རྒྱལ་ཚེ་རིང་གིས་གྲོང་ཚོའི་སྨན་པ་ཞིག་གི་འགན་འཁྲི་ཕྲག་ཏུ་འཁུར་བཞིན། གྲོང་ཚོར་ཡོང་བའི་རླངས་འཁོར་ལ་ཉིན་ལྟར་དུག་སེལ་བྱེད་པ་དང་། གྲོང་ཚོར་ཡོང་མཁན་ལ་ཚ་བ་བལྟས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་ཡོད། རྣམ་རྒྱལ་ཚེ་རིང་གིས་མ་འོངས་པར་རེ་བས་ཁེངས་ཤིང་། རང་ཉིད་སྨན་ཁང་ཆེ་གྲས་ཤིག་ཏུ་སློབ་སྦྱོང་ལ་འགྲོ་བའི་གོ་སྐབས་བྱུང་ཚེ་སྨན་བཅོས་ལག་རྩལ་སྔར་བས་མཐོ་རུ་བཏང་ནས་མང་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་ཐུབ་པའི་རེ་བ་འཆང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1