༄༅།།ཆང་རག་བཏུངས་ནས་མོ་ཊ་གཏོང་ཐེངས་2པ་ཡིན་ན་ཐག་གཅོད་ཇི་ལྟར་བྱེད་དགོས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 04-15



          ཉེ་དུས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་འབྲིང་གིས་ཉིན་ཤས་བསྟུད་མར་མཚན་བཤེར་བྱས་ཏེ། ཆང་བཏུངས་འཁོར་གཏོང་དང་ལག་ཁྱེར་མེད་པར་འཁོར་རིགས་གཏོང་བ་སོགས་གཞུང་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་རེད། 
          ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས། ཆང་རག་བཏུངས་རྗེས་རླངས་འཁོར་གཏོང་བར་ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་གཉིས་སུ་དབྱེ་ཡི་ཡོད་ཅེས་ངོ་སྤྲོད་བྱེད་ཀྱི་འདུག 
          མི་དམངས་ཉེན་རྟོག་པས། “ཁྲིམས་འགལ་གྱི་ངོ་བོ་མི་འདྲ་བའི་དབང་གིས་ཐག་གཅོད་བྱ་ཐབས་ལའང་དབྱེ་བ་ཡོད”ཆང་བཏུངས་འཁོར་གཏོང་ལ་གནས་སྐབས་ཟླ་བ་དྲུག་རིང་ཁ་ལོ་བའི་ལག་ཁྱེར་འཕྲོག་རྒྱུ་དང་ཆབས་ཅིག ཉེས་ཆད་སྒོར་1000ཡན་ནས་2000མན་གཅོད་རྒྱུ་དང་གཅོག་ཐེངས་གཅིག་ལ་ཁ་ལོ་བའི་ལག་ཁྱེར་གྱི་སྐར་མ་12གཅོག་རྒྱུ་རེད། ར་བཟི་འཁོར་གཏོང་ལ་འགྲིམ་འགྲུལ་ཉེན་རྟོག་པས་ཁ་ལོ་བ་ར་མ་དྭངས་བར་ཉར་བ་དང་ཆབས་ཅིག ཁ་ལོ་བའི་ལག་ཁྱེར་མེད་པར་བཟོ་བ་མ་ཟད། ཉེས་དོན་འགན་འཁྲི་ཁྲིམས་བཞིན་རྩད་གཅོད་བྱེད་ཁར། ལོ་ལྔའི་ནང་ཚུན་དུ་ཁ་ལོ་བའི་ལག་ཁྱེར་ཡང་བསྐྱར་ལེན་དུ་འཇུག་གི་མེད་ཅེས་བརྗོད་པ་རེད། 
          ཆང་བཏུངས་འཁོར་གཏོང་ལ་ཆད་པ་བཅད་རྗེས་སླར་ཡང་ཆང་བཏུངས་འཁོར་གཏོང་བྱས་པར་ཐག་གཅོད་ཇི་ལྟར་བྱེད་དགོས་སམ་ཞེ་ན། མི་དམངས་ཉེན་རྟོག་པས་གསར་འགོད་པར“ཆང་བཏུངས་འཁོར་གཏོང་ལ་ཆད་པ་བཅད་རྗེས། སླར་ཡང་ཆང་བཏུངས་འཁོར་གཏོང་བྱས་པར་ཉིན་10མན་བཀག་ཉར་བྱ་རྒྱུ་དང་ཆབས་ཅིག སྒོར་1000ཡན་ནས་སྒོར་2000མན་གྱི་དངུལ་ཆད་གཅོད་རྒྱུ་དང་འབྲེལ་ཁ་ལོ་བའི་ལག་ཁྱེར་མེད་པ་བཟོ་རྒྱུ་རེད”ཅེས་བརྗོད་བྱུང་། 
          ཤ་ཚའི་དྲན་སྐུལ། 
          ལྷ་ས་འགྲིམ་འགྲུལ་ཉེན་རྟོག་པས་རྒྱ་ཆེའི་གྲོང་མི་ཚོར་འཕྲུལ་སྒུལ་འཁོར་རིགས་གཏོང་སྐབས་ཆང་རག་མི་འཐུང་བ་དང་། ཆང་རག་བཏུངས་རྗེས་འཕྲུལ་སྒུལ་འཁོར་རིགས་གཏོང་རྒྱུ་མེད། ཆང་བཏུངས་འཁོར་གཏོང་བྱས་ཚེ་རང་ཉིད་དང་གཞན་གྱི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་སྲིད་ལ། གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ལ་ཤུགས་རྐྱེན་ངན་པའང་བཟོ་སྲིད་ཅེས་དྲན་སྐུལ་བྱེད་བཞིན་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1