༄༅།།བོད་ཀྱི་བསླབ་བྱའི་རྩོམ་རིག་གི་དགེ་མཚན་ལ་དཔྱད་པ།

ཏཱ་ནི་ལྷ་རྒོད། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་པོ་དྲ་བ། སྤེལ་དུས། 04-17


ཏཱ་ནི་ལྷ་རྒོད།

      ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་བོད་ཀྱི་བསླབ་བྱའི་རྩོམ་རིག་གིས་བོད་ཀྱི་སྤྱི་ཚོགས་ལ་ཐོན་པའི་དགེ་མཚན་དེ་རིགས་ཆེན་པོ་དྲུག་ཏུ་དབྱེ་ནས་གླེང་ཞིང་། སྔོན་བྱོན་མཁས་དབང་གསེར་རིའི་ཕྲེང་བ་ལྟ་བུ་རྣམས་ཀྱིས་རང་གི་བུ་སློབ་དང་བཅས་པར་སྙིང་ནས་གདམས་པའི་ལེགས་བཤད་ཀྱི་བཅུད་བཟང་བོ་དག་གཤིབ་བསྡུར་དང་གདམ་གསེས་བཟང་བོའི་སྒོ་ནས་གྲུབ་མཐའ་རིས་མེད་དུ་བྱས་ཏེ་ཅུང་ཙམ་གླེང་ཡོད། 
     གནད་ཚིག བསླབ་བྱའི་རྩོམ་རིག སྤྱི་ཚོགས། དགེ་མཚན།
          དང་པོ། སྲིད་པའི་ཉེས་བརྒྱ་སེལ་བའི་སྨན་མཆོག
          དེ་ཡང་རང་ཅག་གི་གཏམ་དཔེ་ལ་ཚིག་བརྒྱད་བརྒྱ་བཤད་ན་མདོ་ཞིག་དགོས། སྒ་ལྷུ་བཞི་རྟོད་ན་རྟ་ཞིག་དགོས། ཞེས་པ་ལྟར་གངས་རིའི་ལྗོངས་སུ་བྱོན་པའི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་མཁས་དབང་དག་གི་གསུང་རབ་རི་བོའི་གཏོས་དང་མཉམ་པའི་ཤེས་རབ་ཀྱི་གན་མཛོད་ནང་གི་གསུང་ཚིག་རེ་རེ་ནི་ང་ཚོའི་རྨོངས་པའི་སྨག་རིམ་མཐའ་རུ་སྤྲོད་པའི་ལམ་སྟོན་གྱི་སྒྲོན་མེ་རེ་རེ་ཡིན། ནང་སྒོས་གདམས་ཡུལ་ལ་གཏན་ཁེལ་རང་བཞིན་ལྡན་པའི་བསླབ་བྱའི་རྩོམ་རིག་དག་ནི་སྐྱ་སེར་ཟུང་གི་སྲིད་པའི་ཉེས་བརྒྱ་སེལ་བའི་སྨན་མཆོག་ཁྱད་པར་བ་ཞིག་ཏུ་བརྗོད་ཆོག་པ་ཡིན། བོད་ཀྱི་དུས་རབས་རིམ་བྱུང་གི་མཁས་པ་རྣམས་ཀྱི་བསླབ་བྱའི་བརྩམས་ཆོས་སུ་དྲིན་ཆེན་གྱི་ཕ་མ་བཀུར་ལུགས་དང་གྲོགས་ལ་འགྲོགས་ལུགས། དགེ་རྒན་བསྟེན་ཚུལ། འདོད་ཆགས། ཞེ་སྡང་། གཏི་མུག ང་རྒྱལ། ཕྲག་དོག་དང་བཅས་པའི་སེམས་བྱུང་ཉོན་མོངས་ཀྱི་ཉེས་པའི་ཚོགས་ལ་ཇི་ལྟར་འཛེམ་དགོས་པའི་ཚུལ་གྱི་སྤང་བྱའི་རིགས་དང་། ཟས་གོས་དང་རྒྱུ་ནོར་སོགས་ལ་ཆོག་ཤེས་འཛིན་དགོས་ཚུལ། མི་དགེ་ཀུན་གྱི་འབྱུང་ཁུངས་སུ་གྱུར་བའི་ངག་གི་སྒོ་མོ་སྟེ་ཁ་ལ་བདག་པོ་ཡག་པོ་རྒྱག་དགོས་ཚུལ།  སྒོ་གསུམ་བག་དང་ལྡན་དགོས་ཚུལ།  འཕྲལ་ཕུགས་ཀྱི་གནད་ཟིན་དགོས་ཚུལ་སོགས་མང་དུ་མཆིས་པས། དེ་ལ་རྣམ་གསལ་གྱི་མཚན་གཞི་རེ་དྲངས་ན།མཁས་པའི་དབང་པོ་ཨ་ལག་ཤ་ངག་དབང་བསྟན་དར་ལྷ་རམས་པས“ཕྲག་དོག་ཁེངས་དྲེགས་ཅན་གྱི་ཤེས་རྒྱུད་ལ།།བླ་མའི་ཡོན་ཏན་མི་ཚོག་སྐྱོན་ཆགས་སླ།།ཡོན་ཏན་ཅན་ལ་འགྲན་སེམས་མི་སྟོ་བར།།སྟན་ལས་ལྡང་ནས་གཡར་འཚུས་འདྲེན་འདྲེན་པ་སོགས།།སྲི་ཞུས་མཉེས་ན་ཡོན་ཏན་འགོས་པར་འགྱུར།།འདག་པའི་ལྡེར་བཟོ་དྲིས་ལན་ལྡོན་མི་འགྱུར་རམ།།ང་རྒྱལ་རླུང་གིས་ལྟོ་བ་སྤོ་དྲགས་པས།།དེས་ན་ཁེངས་དྲེགས་ཆམ་ལ་ཕབ་པ་གནད།།ཚིག་གི་སྤུ་རིས་གཅོད་ཙམ་ཆོག་ཤེས་ཀྱིས།། བློ་རྒྱ་འབྱམས་ན་ཆོས་དང་ཡིད་གཉིས་པོ།།རོ་ཁུར་རྒྱབ་བསྣོལ་ལྟ་བུར་འགྱུར་བའི་ཕྱིར།།ཡིད་ནི་ཆོས་དང་ཕན་ཚུན་ཁ་སྤྲོད་དགོས།།ཆོས་ཀྱང་བརྟུན་པས་རྡོ་རུས་ཐུག་དོས་ཀྱི།།མྱོག་ལ་སོར་མོས་ཟླ་གཟུགས་སྟོན་པ་ལྟར།།མཛུབ་རྩེ་ཙམ་ལས་རྣལ་མ་མ་མཐོང་ན།།བརྡར་ཤ་ཆོད་པའི་གྲངས་སུ་ཅི་ལྟར་བརྩི།།རྒོལ་བ་གཞན་གྱི་བརྒལ་ལན་བཏུབ་ཙམ་གྱིས།།ཆོས་ལ་ནང་བྱང་ཆུད་ཅེས་བསྙེམས་མ་འཚལ།།ཞིབ་ཏུ་གཞིགས་པའི་མཛངས་པའི་བློ་རྩལ་གྱིས།།བསྟན་པའི་གནད་ལ་འཕྱུགས་མེད་གཟེར་ཐེབ་དགོས།།རང་ཤོང་སྤྱིལ་བུ་འདག་སྦྱར་མཚམས་གཅོད་ཀྱིས།།ལོ་ལྟར་འཛབ་བཟླས་འོ་བརྒྱལ་མང་བསྟེན་ཀྱང་།།ཤེས་རྒྱུད་ཆུ་ཡི་རྡོ་དང་མར་ཀོ་ལྟར།།གྱོང་པོ་ལུས་ན་ཆོས་ལ་དྲེད་ཉེན་ཆེ།།”ཞེས་པ་ལྟར་ཕྲག་དོག་དང་ང་རྒྱལ་ཆུང་བ།  ཆོས་ལ་བརྟུན་པ་ཆེར་བསྐྱེད་བྱེད་པ་སོགས་ནི་ང་ཚོའི་འཚོ་བའི་ཁྲོད་མེད་དུ་མི་རུང་ཞིང་རེ་བསྙེག་དང་འབད་པ་ཧུར་ཐག་བྱེད་དགོས་པའི་མི་ཚེའི་རིན་ཐང་ཞིག་ཡིན། ང་ཚོ་ནི་མི་ཡི་སྤྱི་ཚོགས་ནང་འཚོ་བ་རོལ་བ་ཡིན་པས་ང་ཚོས་ཐོག་མར་ཅིས་ཀྱང་མི་ཆོས་རིང་ལུགས་ཀྱི་རིག་གནས་སམ་སྲིད་པའི་ཕུན་ཚོགས་ཀྱི་འབྱོར་བ་ཡར་རྒྱས་གཏོང་འཕེལ་གཏོང་རྒྱུ་དེ་ནི་ཧ་ཅང་ཁ་ཚ་དགོས་གཏུགས་སུ་གྱུར་བའི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན། གལ་ཏེ་ང་ཚོ་སྐྱ་བོའི་ཚོགས་སྟེ་སྲིད་པའི་འབྱོར་བ་འདི་གང་ལ་གང་འཚམ་ཞིག་མ་རྒྱས་ན་དེ་ལས་འདས་པའི་ལྷ་ཆོས་དང་ཚན་རིག་ལག་རྩལ་སོགས་རིག་གནས་གཞན་པའི་རྣམ་གྲངས་དག་གི་གླེང་ས་མི་འགྲོ་བའི་ཚད་དུ་འགྲོ་བ་ཡིན། གནས་ཚུལ་དེ་ལ་དམིགས་ནས་དུས་རབས་རིམ་བྱུང་གི་བོད་ཀྱི་མཁས་པ་རྣམས་ཀྱིས་མི་ཆོས་རིག་གནས་རྒྱས་གོང་འཕེལ་བཏང་སྟེ་སྲིད་པའི་ཕུན་ཚོགས་ཀྱི་རྨང་གཞི་ཡང་བརྟན་པོ་ཞིག་གཞག་པའི་སླད་དུ་རང་གི་གདུལ་བྱ་་བའི་སློབ་མ་དང་དད་ལྡན་མང་ཚོགས་རྣམས་ལ་དེའི་ཐད་ཀྱི་བསླབ་བྱ་མང་དུ་གནང་ཡོད་པ་མ་ཟད། བསླབ་བྱ་དེ་དག་ནི་སྲིད་པའི་ཉེས་བརྒྱ་སེལ་བའི་སྨན་མཆོག་ཏུ་གྱུར་དང་འགྱུར་བཞིན་ཡོད། བསླབ་བྱ་དེ་དག་ནང་ང་ཚོའི་ལུ་ཡིད་གསུམ་གྱི་སྤྱོད་པ་བག་ཡོད་ཚུལ་མཐུན་ཞིག་ཇི་ལྟར་ཡོང་བ་དང་དེ་དག་གི་སྤང་བྱར་གྱུར་བའི་མི་ཆོས་ཀུན་སྤྱོད་ཀྱི་འཛེམ་བྱ་རྣམས་ལ་ཆེད་དམིགས་ཀྱི་རང་བཞིན་ལྡན་པའི་སྒོ་ནས་བཀའ་བསྒོ་གལ་ཆེན་མཛད་ཡོད། ད་ལྟ་ང་ཚོར་མཚོན་ན་འཇིག་རྟེན་ལས་འདས་པའི་རིག་གནས་ཤིག་ལ་ཞབས་ཞུ་སྒྲུབ་པ་དང་དེ་ཉིད་གོང་འཕེལ་གཏོང་བ་ནི་དཔལ་འབྱོར་གྱི་འགྲན་རྩོད་མེ་དཔུང་གི་ཚ་རླབས་བཞིན་འཕྱུར་བའི་སྒང་འདིར་འཁྱོངས་དཀའ་ལ་བསྒྲུབ་རྒྱུར་ཡང་གཞོན་སྐྱེས་མང་པོ་ཞིག་དགའ་བོ་མེད།དེ་ནི་འཇིག་རྟེན་ལས་འདས་པའི་རིག་གནས་འདི་ལ་རིན་ཐང་མེད་པའམ་དེའི་རིན་ཐང་མ་རྟོགས་པ་ཁོ་ན་ཞིག་མ་ཡིན་པར། དེ་ནི་འཛམ་གླིང་ར་ནུབ་གཞི་གཅིག་ཏུ་འདྲེས་ནས་ས་ཡི་གོ་ལ་འདི་ཁྱིམ་ཚང་གཅིག་ལྟ་བུ་ཞིག་ཆགས་པའི་དུས་ད་ལྟའི་དུས་རབས་འདིར་ང་ཚོས་སྔར་བཞིན་ངའི་ཨ་མའི་ཕོར་བ་གཙང་མ་ཡིན་ཞེས་ཨུ་ཚུགས་བརྒྱབ་ནས་འདུག་ས་མེད་པར་འཛམ་གླིང་སྤྱི་རྒྱུགས་ཀྱི་རིག་གནས་ལྟ་གྲུབ་འདིིའི་རྗེས་མི་བསྙེག་རང་བསྙེག་ཆགས་ཡོད་པས་ང་ཚོས་ཀྱང་མི་ལོ་ག་ཚོད་འགོར་ཡང་རྙིང་རྒྱུ་དང་རིན་ཐང་ཤོར་རྒྱུ་མེད་པའི་ཡབ་མེས་ཀྱིས་ཕྱི་རབས་ལ་གནང་བའི་ཕ་ནོར་རྩ་ཆེན་སྟེ་ཤེས་རབ་ཀྱི་བང་མཛོད་དུ་གྱུར་བའི་མ་འོངས་ལམ་སྟོན་གྱི་སློབ་གསོའི་གདམས་ངག་རེ་རེ་ལ་ངེས་པར་ཕྱིར་མིག་ཐེངས་གཅིག་བལྟ་དགོས་བྱུང་བ་ཡིན། གདམས་དག་དེ་དག་གི་ཁྲོད་ན་ང་ཚོས་མི་ལོར་ག་ཚོད་ལ་བཙལ་ཡང་མི་རིགས་གཞན་དང་རིག་གནས་གཞན་པའི་ནང་རྙེད་ཐབས་མེད་པའི་རང་ལ་ཉེ་བར་མཁོ་བའི་མི་ཚེ་ལམ་སྟོན་གྱི་གདམས་པའི་ཉིང་ཁུ་གཞིབ་རྒྱུ་ཡོད་ལ། སྔོན་ཆད་རིན་ཐང་མ་མཐོང་ཡང་ད་ལྟ་གསར་དུ་དཔྱད་ན་རིན་ཐང་གསར་བ་སྔོག་འདོན་བྱ་རྒྱུ་ཡོད་པའི་བག་ལ་ཞ་བའི་ཤེས་རབ་ཀྱི་རྔོན་པ་འཚོལ་རྒྱུ་ཡོད་སྲིད། དེ་ཡང་དུས་རབས་བཅུ་གཅིག་ནང་སྐུ་འཁྲུངས་པའི་དགེ་བཤེས་ཆེན་མོ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་རང་གི་ཐུགས་སྲས་སུ་གྱུར་བའི་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་ལ་འདི་ལྟར་གདམས་ཡོད་དེ།“ཁོ་བོས་བྱང་གི་ཕྱོགས་ནས་གཙོ་བོའི་བུ།།ཁོ་བོས་ས་མཐའ་བསྐོར་བའི་མི་མཐོང་ཡང་།།རྣ་གཏམ་མང་དུ་ཐོས་པས་བཤད་པ་ཚ།།ཡིན་མིན་མགོ་ལྟག་ཕྱེད་པས་གྲུང་བོར་གྲགས།།གནས་དང་ཕྱོགས་རྣམས་གང་དུ་འགྲོ་ཡང་རུང་།།གཞི་དང་གནས་མལ་གང་དུ་བྱེད་ཀྱང་རུང་།།གྲོགས་དང་ལུགས་སུ་ལ་ཚོལ་ཡང་རུང་།།གཞན་དང་བསྟུན་པ་མི་ཆོས་རྩ་བ་ཡིན།།དེ་ཡི་སྟེང་ནས་མདུན་མ་བཤད་ཀྱི་ཉོན།།བྱ་བྱེད་ཡོངས་ཀྱི་མགོ་ལྟག་ཕྱེད་ཡི་ཉོན།།ལྷ་ཞི་ཀླུ་ཞིའི་གདམས་པ་བཤད་ཀྱི་ཉོན།།ཆོས་ལ་མི་ཆོས་ཟབ་པ་འདི་ལྟར་ལེགས།།སུ་ཡི་དོན་དུ་དཀའ་སྤྱད་བྱེད་ན་ཡང་།།བྱ་ཤེས་ཀོ་ལོང་སྡུག་ཡུས་ཆུང་བར་མཛོད།།ལས་དང་བྱ་བ་ཇི་ལྟར་བྱེད་ན་ཡང་།།མཛད་སྤྱོད་ཐམས་ཅད་མི་དང་མཐུན་པར་མཛོད།།རང་ལ་ཡོན་ཏན་ཇི་ཙམ་ཡོད་ན་ཡང་།།གཞན་ལ་ཁྱད་གསོད་བརྙས་པ་ཆུང་བར་མཛོད།།རང་ཉིད་ནོར་ལ་ཆགས་ཞེན་ཆེ་ན་ཡང་།།གཞན་གྱི་ནོར་ལ་ཧབ་ཤ་ཆུང་བར་མཛོད།།རང་ཉིད་ལས་ཐབས་མདུན་མ་མཁས་ན་ཡང་།།སྤྱི་ཡི་ཁྲིམས་ལ་ས་ཆོད་ཆུང་བར་མཛོད།།རང་ཉིད་བསགས་པའིནོར་རྫས་ཡིན་ན་ཡང་།།མང་པོའི་གསེབ་ཏུ་ལྐོག་ནོད་ཆུང་བར་མཛོད།།རང་ཉིད་ཀུན་གྱིས་ཚད་མར་ཁུར་ན་ཡང་།།ངའོ་སྙམ་པའི་ང་རྒྱལ་ཆུང་བར་མཛོད།།རང་ཉིད་ཀུན་ལས་ཁྱད་པར་ན་ཡང་།།ཆེ་བའི་ང་རྒྱལ་ཅུང་ཟད་མེད་པར་མཛོད།།རང་ཉིད་དགེ་བའི་བཤེས་སུ་གསོལ་ན་ཡང་།།མཁས་དམན་ཀུན་ལ་བརྙས་པ་ཆུང་བར་མཛོད།།རང་གི་གོང་ན་ཆེ་བ་གཞན་མེད་ཀྱང་།།འོག་ཏུ་ཞུགས་ལ་འཇུག་པ་བདེ་བར་མཛོད།།གཞན་གྱི་ཚོགས་དཔོན་ཇི་ལྟར་ངན་ན་ཡང་།།གུས་པའི་ཚུལ་གྱིས་ཕྱག་དང་ཕྱག་ལན་མཛོད།།རང་དང་མཉམ་པའི་གང་ཟག་སུ་བྱུང་ཡང་།།མགོ་ཡང་མཐོ་བའི་བཀུར་སྟི་གུས་པར་མཛོད།།མཛེ་སྤྲང་ལ་སོགས་སུ་ཡིས་ཆོས་ཞུས་ཀྱང་།།ཀུན་གྱི་དབུས་སུ་གདམས་ངག་ལྷུག་པར་སྟོན།།གལ་ཏེ་མཐོ་འཚམ་ཁ་ཚོད་ལྟ་ན་ཡང་།།ཧ་ཅང་ཕུལ་དུ་ཕྱིན་པས་ལྷག་པར་སྟོན།།ཚོགས་དང་བསྙེན་བཀུར་སོགས་ཀྱིས་མཆོད་འོས་ཀྱང་།།དེ་ལ་མ་ལྟ་ཀུན་ལ་ཐང་མ་རྡོལ།།ངེས་པར་གང་ལ་གསང་བར་འོས་པ་རྣམས།།ལྐུག་པའི་ཚུལ་གྱིས་ཁ་རོག་དབེན་སར་བཞུགས།།དེ་ཡང་རགས་པ་སྤྱི་ཡི་རྣམ་གཞག་ཡིན།།”ཞེས་པ་འདི་ནི་དུས་རབས་བཅུ་གཅིག་པའི་སྐབས་ཀྱི་བོད་ཀྱི་སྤྱི་ཚོགས་ནང་བྱུང་བའི་བསླབ་བྱ་ཞིག་ཡིན་ཡང་། དུས་ད་ལྟ་བཀླགས་ནའང་བསླབ་བྱ་འདི་ལས་བསྟན་པའི་འཇིག་རྟེན་མི་ཆོས་ཀྱི་རྩ་དོན་རེ་རེ་དང་བླང་དོར་གྱི་རྣམ་གཞག སྤང་བླང་གི་ཆོས་ཉིད། རིན་ཐང་གི་ལྟ་ཚུལ། དགེ་སྡིག་གི་ཤན་དབྱེད། ལས་འབྲས་ཀྱི་ཁས་ལེན། མི་ཆོས་ཀྱི་ཀུན་སྤྱོད་སོགས་སྣ་སྒོ་མོ་ནས་དེ་རིང་ནངས་ཀའི་སྤྱི་ཚོགས་ཁྲོད་ཀྱི་སྲིད་པའི་ཉེས་བརྒྱ་འཇོམས་པར་ནུས་པ་མེད་དུ་མི་རུང་བ་ཐོན་གྱིན་ཡོད་པས་གནའ་མི་མཁས་པ་འདས་ཀྱང་ཁོང་ཚོའི་ཤེས་རབ་ཀྱི་བཀྲག་མདངས་ནི་བསྐལ་བ་ནས་བསྐལ་བའི་བར་དུ་འཇིགས་པ་མི་སྲིད་པ་ནི་ལྷོ་ཕྱོགས་འཛམ་པུ་གླིང་གི་མགོ་སེར་མགོ་ནག་ཀུན་གྱིས་ཐུན་མོང་དུ་ཁས་ལེན་པའི་འཇིག་རྟེན་གྱི་གྲགས་གཏམ་རྩ་ཆེན་ཞིག་ཡིན།ད་ལྟ་ནི་ཤེས་རིག་དཔལ་ཡོན་གྱི་རྫོགས་ལྡན་དུས་སྐབས་ཤིག་ལ་ཐོན་ཡོད་པས་འཛམ་གླིང་གི་མི་བུ་ཚང་མས་ང་ཚོ་ཚང་མ་འདྲ་མཉམ་པའི་ཡིན་པའི་འདུ་ཤེས་སྔོན་དུ་བཏང་སྟེ་འགྲོ་བ་མི་ཞེས་པ་འདིས་གོ་ལ་འདིའི་གྲུ་ཟུར་སོ་སོ་ནས་གསར་བཏོད་དང་ལེགས་བཅོས་བྱས་པའི་དཔལ་ཡོན་གྱི་ཚོགས་ལ་ཞིབ་འཇུག་གང་ལེགས་བྱས་ནས་ང་ཚོ་ཐུན་མོང་ལ་དབང་ཆོག་པའི་དཔལ་ཡོན་གྱི་ཁྱིམ་གཞི་གསར་བ་ཞིག་དོན་དུ་གཉེར་བ་ལ་ང་ཚོས་ཅིས་ཀྱང་རྣ་བ་ཀྲོག་ཀྲོག་དང་རྣམ་རིག་གསལ་གསལ་གྱི་ངང་ནས་དོ་སྣང་བྱེད་དགོས། འདི་ལྟར་ས་སྒང་རིལ་མོ་འདིའི་སྟེང་གི་མི་བུ་ཚང་མས་སྲིད་པའི་ཕུན་ཚོགས་འདི་གཙུག་ཏུ་བཀུར་ནས་སྲིད་པའི་རིག་གནས་ལ་གཏིང་གནོན་རབ་དང་རིམ་པ་བརྒྱབ་ནས་དེ་དང་འབྲེལ་ཡོད་ཀྱི་བསྟན་བཅོས་བརྩམས། གཞུང་ལུགས་གཏན་ལ་ཕབ། རིག་གནས་ཀྱི་རྣམ་གཞག་རྒྱས་བཤད་མཛད་དེ་རང་རང་གི་ཁོག་དཔུང་ལ་རྒྱ་འཛིན་པའི་དུས་བཟང་འདིར་རང་ཅག་གི་གཞོན་རབས་རྣམས་འཇིགས་ཤིང་སྐྲག་ཏེ་ང་ཚོ་ལ་འཇིག་རྟེན་ལས་འདས་པའི་དམ་པའི་ལྷ་ཆོས་ཀྱི་རིག་གནས་མ་གཏོགས་སྲིད་པའི་ཕུན་ཚོགས་ཀྱི་རྣམ་གཞག་རྒྱས་འགྲེལ་ལ་རྒྱབ་རྟེན་ཉན་པའི་རིགས་པའི་གཞུང་ལུགས་ཤིག་ཁྱོན་ནས་མེད་པ་མ་ཟད། མེས་པོ་གོང་མ་དག་གི་མཛད་རྗེས་ཆུ་རུ་བསྐྱུར་ལ་ཉེན་པའི་སྐབས་འདིར་ངས་འུ་ཚང་གི་ན་མཉམ་གཞོན་སྐྱེས་ཚོགས་ལ་སྤོབས་པའི་མགོ་བོ་གཟེངས་སུ་བཏེགས་ནས་སྨྲ་བར་ཕོད་པ་ཞིག་ནི་ཁྱོད་ཚོས་རང་གི་མེས་པོ་གོང་མ་རྣམས་ཀྱིས་བསྐྲུན་པའི་ཕ་ནོར་དག་ལག་སྙིགས་དོར་བཅུད་ལེན་བྱེད་མ་ཤེས་པ་མ་གཏོགས་ང་ཚོར་སྲིད་པའི་ཕུན་ཚོགས་ཀྱི་རྣམ་གཞག་གཏན་ལ་ཕབ་པའི་རིག་གཞུང་གི་རྒྱབ་རྟེན་མེད་པ་ག་ལ་ཡིན། དེ་ནི་ཏག་ཏག་ཁྱོད་རང་ཚོ་མཐོང་རྒྱ་མེད་སོང་བས་ལན་པ་རྐྱང་ཡིན། ཤར་ཕྱོགས་སྟོང་ཁུན་རྒྱལ་བོའི་གདུང་རྒྱུད་ཙི་ན་བ་རྣམས་ཀྱིས་ལའོ་ཙི་མཆོག་གི་ལུགས་ཀྱི་རིག་གནས་དང་ཀོང་ཙེ་འཕྲུལ་གྱི་རྒྱལ་པོའི་བཞུ་ལུགས་ཀྱི་རིག་གནས་འདི་གཉིས་སྲིད་པའི་ཕུན་ཚོགས་ཀྱི་རྣམ་གཞག་གཏན་ལ་འབེབ་བྱེད་ཀྱི་རིག་གནས་ཡིན་ཞེས་འཛམ་གླིང་གི་ས་ཆ་ག་ས་གང་དུ་ཡང་སྒྲོག་བཞིན་ཡོད་ལ། ནུབ་ཕྱོགས་པ་རྣམས་ཀྱིས་ཀྱང་དུས་རབས་བཅུ་བཞི་ནས་བཅུ་དྲུག་པར་དར་བའི་རིག་རྩལ་བསྐྱར་དར་གྱི་རིག་གནས་འདི་ཉིད་མི་ཆོས་རིག་གནས་སམ་སྲིད་པའི་ཕུན་ཚོགས་ཀྱི་རྣམ་གཞག་གཏན་ལ་འབེབ་བྱེད་ཀྱི་རིག་གནས་ཡིན་ཞེས་མི་ལོ་དྲུག་བརྒྱ་ལྷག་གི་གོང་རོལ་ནས་འཛམ་གླིང་གི་སྒང་ལ་ཁྲོམ་བསྒྲགས་རྒྱ་ཆེན་པོ་བྱས་མྱོང་ཡོད་པ་རེད། འདི་ལྟར་མི་རིགས་རེ་རེས་རང་རང་གི་ཚབ་མཚོན་རིག་གནས་སུ་གྱུར་བའི་སྲིད་པའི་ཕུན་ཚོགས་དར་བྱེད་ཀྱི་རིག་གནས་གཞན་དྲིང་མི་འཇོག་པ་རེ་ང་ཚོ་ལ་ངོམ་ཡོང་དུས་འདས་པའི་དུས་སུ་སུམ་གཉིས་ས་ཡི་དཀྱིལ་འཁོར་བཟུང་མྱོང་ཞེས་འཛམ་གླིང་སྤྱིའི་ལོ་རྒྱུས་ཀྱི་གླེགས་བམ་ཁྲོད་སྐད་གསེང་མཐོན་པོས་ཁ་ཕོ་བཤམས་མྱོང་བའི་གདོང་དམར་བོད་པ་ཚང་གི་བུ་རབས་ཚ་རྒྱུད་ཀྱིས་ཡང་སྙིང་གང་ཞིག་ནི་ང་ཚོའི་སྲིད་པའི་ཕུན་ཚོགས་དར་བྱེད་ཀྱི་རིག་གནས་ཡིན་ཞེས་ཁོ་ཚོ་ལ་མཚམས་སྦྱོར་བྱ་རྒྱུ་ཡིན། ངས་བསམ་ན་འདི་ནི་ང་ཚོས་ད་དུང་བརྒྱ་ཁ་གཅིག་གཅོད་ཀྱིས་ལན་གདབ་དཀའ་བའི་འུ་ཚང་གི་མདུན་དུ་ལྷགས་པའི་དྲི་བ་ཆེན་པོ་ཞིག་རེད། འོན་ཀྱང་། སློབ་གཉེར་གྱི་རྣམ་པ་ཙམ་འཛིན་པའི་གྱི་ན་བ་ཁོ་བོའི་ལྟ་ཚུལ་ལ་བོད་བཙན་པོའི་དུས་སྐབས་ནས་ད་ལྟ་ལ་ཐུག་གི་བར་དུ་རྒྱུན་བསྐྱངས་ནས་ཡོང་བ་མ་ཟད། རྒྱ་གར་ལུགས་ཀྱི་བསྟན་བཅོས་ཀྱི་རྗེས་འབྲངས་ནས་དར་བའི་མི་ཆོས་གཙོ་བོར་སྟོན་པའི་བསླབ་བྱའི་རྩོམ་རིག་འདི་ནི་རང་རའེ་ལ་མཚོན་ན་མར་དྲི་དང་རྩམ་དྲི་འཐུལ་བའི་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་མི་ཆོས་རིག་གནས་ཀྱི་མཚོན་བྱེད་བླ་ན་མ་མཆིས་པ་ཞིག་རེད་བསམ། དེའི་རྐྱེན་གྱིས་དུས་རབས་རིམ་བྱུང་གི་མཁས་པ་རྣམས་ཀྱིས་བརྩམས་པའི་བསླབ་བྱའི་བརྩམས་ཆོས་དག་གི་ནང་དུ་གྲོགས་དང་འགྲོགས་ལུགས། མི་དང་བསྟུན་ལུགས། རང་ཉིད་ཇི་ལྟར་འཇོན་པོ་ཀུན་འཛོམས་ཞིག་ཡིན་ན་ཡང་གཞན་ལ་ཁྱད་གསོད་དང་བརྙས་བཅོས། མཐོང་ཆུང་། ང་རྒྱལ་ཆེ་བ། རང་ཉིད་ཁྱད་འཕགས་སུ་འཛིན་པའི་འདུ་ཤེས་སོགས་འཛིན་མི་རུང་བར་གདམས་པའི་བསླབ་བྱ་འདི་རིགས་ཀྱི་སློབ་གསོའི་ནུས་པ་ནི་དེང་སང་འཛམ་གླིང་གི་སྒང་ན་འགྲན་པའི་ཟླ་དང་བྲལ་བར་བརྩི་བའི་མི་ཆོས་ཀུན་སྤྱོད་ཀྱི་སློབ་གསོའི་དགོངས་པ་དག་དང་ཡོངས་སུ་མཐུན་ཞིང་མི་དམངས་ལ་ལག་ལེན་ཁྲོད་ནུས་པ་ཐོན་པའི་ཚད་ནི་འཛམ་གླིང་གི་ཆུ་ཚད་མཐོ་གྲས་སུ་བསླེབས་ཞེས་ང་ཚོས་ནམ་ཡང་དཔའ་གདེང་གི་མགྲིན་པ་གཟེངས་སུ་གཏད་ནས་སྨྲ་བཏུབ།ང་ཚོ་ཐུན་མོང་གིས་མཉམ་དུ་ཚོར་རྟོགས་བྱུང་ཐུབ་པ་ཞིག་ལ་ད་ལྟ་འཛམ་གླིང་ཞི་བདེ་དང་མི་ཆོས་ཀུན་སྤྱོད། ཤེས་རིག་དཔལ་ཡོན་གྱི་དུས་རབས་ཡིན་ཞེས་འཛམ་གླིང་ཤར་ནུབ་ཀུན་གྱི་ཤེས་ཡོན་པ་ཚང་མས་ཐེ་ཚོམ་དང་བྲལ་བའི་སྒོ་ནས་བརྗོད་བཞིན་ཡོད་མོད། འོན་ཀྱང་། ད་ལྟ་འཛམ་གླིང་གི་ས་ཕྱོགས་དང་རྒྱལ་ཁབ་གང་ལ་མཚོན་ན་ཡང་མི་ཐམས་ཅད་ཀྱི་ཀུན་སྤྱོད་སྤུས་ཚད་ཇེ་སྡུག་ཏུ་གྱུར་ནས་མི་དང་མིའི་འབྲེལ་བ། མི་དང་རང་བྱུང་ཁམས་ཀྱི་འབྲེལ་བ། མི་དང་སྲོག་ཆགས་ཀྱི་འབྲེལ་བ། མི་དང་སྟོང་ཁམས་ཀྱི་འབྲེལ་བ་རྙོག་དྲ་ཅན་དུ་གྱུར་ནས་ཐ་ན་འགྲོ་བ་མིའི་རིགས་རང་ཉིད་ས་སྒང་རིལ་མོ་འདིའི་སྒང་ནས་ཡུན་རིང་ཞིག་གནས་ཐུབ་མིན་དེ་ཡང་འགྲོ་བ་མི་ཚང་མས་སེམས་ཁུར་བྱ་ཡུལ་དུ་གྱུར་བའི་དོན་བྱ་ཆེན་པོ་ཞིག་ཏུ་ལགས་པ་འདི་ཡང་མཐར་ཐུག་ན་ང་ཚོ་རང་ཉིད་དེ་འགྲོ་བ་མི་རང་གི་སྲིད་པའི་ཉེས་བརྒྱ་བསགས་པའི་སྦྱོར་བ་ལ་ཚོད་འཛིན་དང་བདག་པོ་ཡག་པོ་ཞིག་རྒྱག་མ་ཐུབ་པས་ལན་པ་ཡིན། རང་རེའི་མཁས་པ་རྣམས་ནི་མིག་རྒྱང་རིང་ཞིང་ཁོང་ཟབ་པ། ཐབས་ལ་མཁས་པ་ཞིག་ཡིན་པས་མི་ཆོས་བསླབ་བྱ་མཛད་དུས་ཐོག་མར་མི་དང་མིའི་འབྲེལ་བ་ཐག་གིས་གཅོད་བྱེད་དུ་གྱུར་བའི་མི་ཆོས་ཀྱི་རྩ་བ་ལེགས་པར་སྲུང་བའི་ཚུལ་ནན་གྱིས་འཆད་ཅིང་དེ་ནས་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་མཐའ་དག་སྐྱོན་དང་རིང་དུ་བྲལ་བའི་སྐོར་གདམས་ནས་མི་དང་རང་བྱུང་ཁམས་ཀྱི་འབྲེལ་བའི་གནད་དོན་ལ་ཐག་གཅོད་གང་ལེགས་བྱས་ནས་ད་ལྟ་བོད་ཡུལ་གྱི་རི་ཆུ་ནགས་གསུམ་ལ་བླ་རི་དང་བླ་མཚོ། བླ་ཤིང་བཅས་ཀྱི་མིང་སྙན་མོ་རེ་བཏགས་ནས་སྲུང་སྐྱོབ་གང་ལེགས་ཐུབ་ཡོད་པ་འདི་ཡང་ང་ཚོའི་མེས་པོ་གོང་མ་དག་སྲིད་པའི་ཕུན་ཚོགས་རྒྱས་བྱེད་ཀྱི་རིག་གནས་ལ་མཁས་པའི་ཕྱག་རྗེས་བླ་མེད་མིན་ན་གང་ཡིན། དེ་ཡང་རྒྱལ་སྲས་ཆེན་མོ་ཞི་བ་ལྷས་མཛད་པའི《སྤྱོད་འཇུག》ལས། “ཉེས་པ་ཐམས་ཅད་ཇི་སྙེད་དང་།།སྡིག་པ་རྣམ་པ་སྣ་ཚོགས་པ།།དེ་ཀུན་རྐྱེན་གྱི་སྟོབས་ལས་བྱུང་།།རང་དབང་ཡོད་པ་མ་ཡིན་ནོ།།”ཞེས་བསྟན་པ་བཞིན་དུ་ང་ཚོས་རང་ཉིད་ཀྱི་འཚོ་བའི་ཁྲོད་ཉེས་པ་ཆེ་ཆུང་གང་ཞིག་བསགས་ཀྱང་དེ་ཐམས་ཅད་ནི་རྒྱུ་དང་རྐྱེན་ལ་བརྟེན་ནས་བཟོས་པ་ཤ་སྟག་ཏུ་འཁུམས་པས་ཐོག་མར་ཉེས་པ་འདི་དག་འབྱུང་དུ་འཇུག་པའི་རྒྱུའམ་རྐྱེན་དེ་རྣམས་མེད་པར་བཟོ་དགོས་པ་ཡིན་མོད། དེ་ནི་རང་ཅག་ལྟ་བུ་ཆོས་འཇིག་རྟེན་གཉིས་ཀའི་གང་གི་ཆ་ནས་ཀྱང་ཐོས་བསམ་དང་ཉམས་མྱོང་གིས་དབེན་པ་ཞིག་གིས་རང་གི་ནུས་སྲོབས་ཙམ་ལ་བརྟེན་ནས་བཟློག་ཐུབ་པ་ཞིག་རྩ་བ་ནས་མིན་ཕྱིར། ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་མཁས་པ་སྔ་མ་དག་གིས་ཐོས་བསམ་སྒོམ་གསུམ་གྱི་ཉམས་མྱོང་ལ་བརྟེན་ནས་གསུངས་པའི་སྲིད་པའི་ཉེས་བརྒྱ་བཟློག་པའི་ཕྱོགས་ཀྱི་མི་ཆོས་བསླབ་བྱ་རྣམས་ལ་རིན་པོ་ཆེའི་འདུ་ཤེས་བཟུང་ནས་དང་པོ་བློ་འཛིན་སྐྱོར་སྦྱོང་མང་དུ་བགྱིས། བར་དུ་དེའི་དོན་ལ་བསམ་གཞིག་གང་མང་བཏང་སྟེ་ཐ་མར་རང་གི་འཚོ་བའི་ནང་ལག་ལེན་མཐར་ཕྱིན་ཐུབ་པ་ཞིག་ཡོང་བ་ལ་འབད་བརྩོན་ལྷུར་ལེན་བྱ་རྒྱུ་ནི་ང་ཚོས་བསླབ་བྱ་འདི་དག་ལ་སློབ་སྦྱོང་ངྱེད་པའི་མཐར་ཐུག་གི་དམིགས་ཡུལ་དང་བསླབ་བྱས་དེང་རབས་སྤྱི་ཚོགས་ལ་ཐོན་པའི་བྱེད་ནུས་བླ་ན་མ་མཆིས་པ་དེ་ཡིན།
          གཉིས་པ། ཐར་བའི་ལམ་དུ་བགྲོད་པའི་ལམ་ཡིག
          ལར་བསླབ་བྱའི་རྩོམ་རིག་མང་ཆེ་བ་ནི་དམ་པའི་ལྷ་ཆོས་ཀྱི་རྣམ་གཞག་སྟོན་པ་ཤས་ཆེ་སྟབས་བསླབ་བྱ་དང་ལེགས་བཤད་གཉིས་ཀའི་ཁྱད་པར་ཡང་བསླབ་བྱ་ལྷ་ཆོས་ལ་གཞོལ་ཆེ་བ་དང་ལེགས་བཤད་མི་ཆོས་ལ་གཞོལ་བར་དེང་རབས་ཀྱི་རིག་གནས་སྨྲ་བ་རྒན་རྒྱ་ཡེ་བཀྲ་བྷོ་མཆོག་གིས་གསལ་བོར་གསུངས་ཡོད་པ་དེ་བཞིན་ལགས་མོད། གུས་པོའི་བསམ་ཚུལ་ལ་བསླབ་བྱ་ཡིན་ན་མཐའ་གཅིག་ཏུ་ལྷ་ཆོས་ཀྱི་བླང་དོར་རྣམ་གཞག་སྟོན་པའི་ངོས་ཀྱི་རིན་ཐང་ཁོ་ན་ལ་མི་དམིགས་པར་ཆོས་སྲིད་ལུགས་ཟུང་གི་དགེ་མཚན་བླ་ལྷག་ཏུ་རྒྱས་པར་མཛད་པའི་ཆེ་བ་བརྗོད་པའི་ཐད་ནས་ཞིབ་འཇུག་བྱ་རྒྱུ་དེ་ཤིན་ཏུ་ནས་གལ་ཆེན་པོ་རེད་བསམ། བོད་ཀྱི་རིག་གནས་དཔྱད་བརྗོད་པ་མང་པོས་མགྲིན་གཅིག་དབྱངས་གཅིག་ཏུ་བསླབ་བྱ་དང་ལེགས་བཤད་གཉིས་ལ་བླང་དོར་གྱི་གནས་འདོམས་པའི་རྩོམ་རིག་ཅེས་བསྟོད་བསྔགས་མཛད་བཞིན་ཡོད་པ་ལྟར་བསླབ་བྱའི་ནང་དོན་ལ་སྤྱི་དང་བྱེ་བྲག་གི་དབང་དུ་བྱས་ནས་བྱེ་བྲག་ཏུ་བབས་ན་བསླབ་བྱའི་ནང་ན་ཆོས་ཉམས་སུ་ལེན་པའི་གང་ཟག་སུ་དང་སུ་ཞིག་ཡིན་རུང་རང་ཉིད་ཀྱི་ལུང་རྟོགས་ཟུང་གི་ཡོན་ཏན་གྱི་ཆུ་ཚད་ལྟར་མངོན་མཐོ་ངེས་ལེགས་ཀྱི་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཇི་ལྟར་ཐོབ་པའི་ཐད་ལའང་གངས་ལྗོངས་མཁས་དབང་རིམ་བྱོན་གྱིས་རང་རང་གིས་ཐོས་བསམ་སགྱིས་པའི་ཉམས་མྱོང་གཞིར་བཞག་གི་སྟེང་ནས་བསླབ་བྱ་མང་དུ་གནང་ཡོད། ཤར་ཕྱོགས་མན་ཇུའི་གོང་མའི་དབུ་བླར་བཞུགས་མྱོང་བའི་མཁས་པའི་ཁྱུ་མཆོག་ལྕང་སྐྱ་རོལ་བའི་རྡོ་རྗེའི་ཞལ་ནས“རྒྱ་བོད་མཁས་པའི་སྐྱེས་བུ་ཕལ་མོ་ཆེས།།མཚམས་དང་འདག་སྦྱར་གཅིག་དྲིལ་མ་མཛད་ཀྱང་།།འཆད་རྩོད་རྩོམ་པའི་མཛད་པ་མཛད་བཞིན་པར།།ས་ལམ་རྟོགས་པ་ཕུལ་བྱུང་བརྙེས་ལ་ལྟོས།།ཐར་དང་ཐམས་ཅད་མཁྱེན་པའི་ལམ་གྱི་ཚུལ།།དྲི་མེད་རིགས་པས་ལེགས་པར་ངེས་པ་རྣམས།།ཇི་ལྟར་རིགས་པར་དཔྱད་དང་འཇོག་པ་ཡིས།།ཡང་ཡང་གོམས་པར་བྱེད་ལ་སྒོམ་ཞེས་ཟེར།།”དང“བསྟན་པའི་རྩ་བ་སོ་སོར་ཐར་བ་ཡི།།ཁས་བླངས་ཚུལ་ཁྲིམས་དག་པ་གཞིར་བཟུང་ནས།།ཏིང་འཛིན་ཤེས་རབ་ཉམས་སུ་བླང་གྱུར་ན།།ལྷག་པའི་བསླབ་པ་གསུམ་གྱི་མིང་འཐོབ་ལགས།།དེ་དག་གཞུང་ལུགས་ཆེན་པོ་མཐའ་དག་ལ།།རིས་སུ་མ་ཆད་ཉམས་ལེན་བྱེད་ནུས་པའི།།མཁས་པའི་སྐྱེ་བི་བློ་གྲོས་ལྡན་རྣམས་ཀྱིས།།ཐོས་བསམ་སྒོམ་པ་བྱེད་ཚུལ་མདོ་ཙམ་སྟེ།།”ཞེས་གསུངས་པ་ལྟར་སོ་ཐར་གྱི་ཐར་ལམ་མམ་ཉན་ཐོས་ཀྱི་ཐར་ལམ། ཡང་ན་བྱང་ཆུབ་སེམས་དཔའ་དང་གསང་སྔགས་རྡོ་རྗེ་ཐེག་པ་གང་གི་ཐར་ལམ་ཡིན་ཡང་གཙོ་བོ་ནི་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་ཞིག་དང་བསླབ་པ་གསུམ་གྱི་ཉམས་ཉེན་མཐར་ཕྱིན་པ་ཞིག་བྱས་ན་སོ་སོ་ཐར་བའི་ལམ་དུ་བགྲོད་པའི་དམིགས་བྱ་རྒྱ་ཆེན་པོ་དེ་བདེ་བླག་ངང་འགྲུབ་ངེས་ཡིན་པའི་རྒྱུ་མཚན་མང་དུ་གསུངས་ཡོད་པས་སྔོན་བྱོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་མཛད་པའི་བསླབ་བྱའི་བརྩམས་ཆོས་དག་ནི་ང་ཚོ་ཐར་བའི་ལམ་དུ་བགྲོད་པའི་ལམ་ཡིག་ལྟ་བུ་ཡིན། ལམ་ཡིག་འདི་དག་གི་མཛུབ་སྟོན་དང་བྲལ་ན་ང་ཚོ་ལམ་ཕྱིན་ཅི་ལོག་དང་ལམ་དཀའ་ཁག་ཅན་ནམ་རྒྱུས་མེད་ཀྱི་གོལ་ལམ་དུ་བགྲོད་སྲིད་པས་བོད་ཀྱི་བསླབ་བྱའི་བསྟན་བཅོས་འདི་ལ་ཧུར་ཐག་འབད་ཐག་གིས་སློབ་གཉེར་བྱ་རྒྱུ་ནི་འདས་པའི་དུས་ཀྱི་མཁས་པ་རྣམས་པའི་རྣམ་ཐར་དང་རྟོགས་བརྗོད་ལ་མཇལ་ན་གསལ་བོར་རྟོགས་ངེས་ལ། ད་ལྟའི་དུས་ཀྱི་རང་ཅག་གི་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ལ་བརྟག་ནའང་རང་བཞིན་གྱིས་ཤེས་སྲིད།གུང་ཐང་བསྟན་པའི་སྒྲོན་མེའི་བསླབ་བྱ་རུ“མངོན་པར་མཐོ་དང་ཐེག་གསུམ་ཐར་པའི་ལམ།།གསང་ཆེན་རིམ་གཉིས་རྣལ་འབྱོར་མཐའ་དག་ཀྱང་།།རྨང་གཞི་བསླབ་ཁྲིམས་དམ་ཚིག་གཙང་མ་ལ།།ལྟོས་པར་རྒྱལ་ཀུན་མགྲིན་དབྱངས་གཅིག་གིས་གསུངས།།དེ་ཕྱིར་ཚུལ་ཁྲིམས་དག་པ་ལས་ལྷག་པའི།།ཉམས་ཉེན་སྙིང་བོ་གཞན་དུ་མ་མཆིས་ཀྱང་།།དེ་སྙེད་གཞིར་བྱས་མདོ་སྔགས་ལམ་རིམ་ལ།།དཔྱད་འཇོག་སྒོམ་པ་སྒྲུབ་པའི་ཡར་རྩེ་ཡིན།།”འདི་ལས་ཀྱང་བསྟན་པའི་གཞི་མ་ལྷག་པའི་ཚུལ་ཁྲིམས་ཡག་པོ་ཞིག་སྲུང་རྒྱུ་ནི་ཐེག་གསུམ་གྱི་ཐར་ལམ་འཚོལ་བའི་གདམ་ཀ་ཉག་གཅིག་ཡིན་པ་བསྒྲུབས་ཡོད། ཐར་བ་ཞེས་པ་ནི་འཁོར་བའི་སྡུག་བསྔལ་ལས་ཡོངས་སུ་ཐར་ཏེ་རང་རང་གི་སེམས་བསྐྱེད་ཀྱི་རྒྱ་ཆེ་ཆུང་ལྟར་མཐར་ཐུག་གི་བདེ་བ་སྟེ་མངོན་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཞིག་ལ་གོ་བ་ཡིན་པས། འདི་འདྲའི་ཕུན་སུམ་ཚོགས་པའི་བདེ་བའི་འབྲས་བུ་ཞིག་ལོངས་སུ་སྤྱོད་དགོས་ན་ཐོག་མར་དེའི་རྒྱུ་དོན་དང་ལྡན་པ་ཞིག་བསྒྲུབ་རྒྱུ་ནི་བླང་བྱ་དང་པོ་རེད། ལར་ལུང་པ་རེ་ལ་སྐད་ལུགས་རེ།། བླ་མ་རེ་ལ་གྲུབ་མཐའ་རེ།།ཞེས་པ་བཞིན་ཆོས་སྒྲུབ་པའི་ཆོ་ག་ཕྱག་ལེན་སོགས་གང་ཟག་སྒེར་བ་སོ་སོའི་ཁམས་དང་མོས་པ་ལྟར་ཉམས་སུ་ལེན་ཆོག་ཆོག་ཅིག་ཡིན་མོད། ང་ཚོ་སོ་སྐྱེས་མང་ཆེ་བ་ནི་མ་རིག་པའི་སྨུག་པས་མགོ་བོ་ཡོངས་སུ་བཏུམས་ནས་རང་ལ་ཆོས་ཡང་དག་པར་སྒྲུབ་པའི་ལམ་གྱི་གཏད་སོ་རེ་མེེད་པའི་སྐབས་འདིར་སྔོན་བྱོན་གྱི་སྐྱེ་བོ་ཆེན་པོ་དག་གི་བསླབ་བྱ་འདི་དག་ནི་རྨོངས་མུན་སེལ་བའི་གློག་སྒྲོན་རུ་ཉན་པས། དེ་དག་ལ་སློབ་གཉེར་དཔྱིས་ཕྱིན་པ་རེ་མཛད་ནས་རང་གི་བསོད་ནམས་ཀྱི་བགོས་སྐལ་དུ་གྱུར་བའི་ཟབ་མོ་ཆོས་ཀྱི་ལྟ་བའི་ཐར་ལམ་གསུམ་པོའི་གང་རུང་རེ་མངོན་དུ་འགྱུར་བ་ལ་འབད་བརྩོན་ལྷོད་མེད་བྱེད་པ་ནི་དལ་བརྒྱད་འབྱོར་བཅུ་ཚང་བའི་བོད་མགོ་ནག་ནང་ཆོས་པ་ཞིག་ཏུ་སྐྱེས་པའི་མི་ཚེའི་མདུན་ལམ་ཡིན།
          གསུམ་པ། སེམས་རྒྱུད་འདུལ་བའི་ལྕགས་ཀྱུ།
          མཉམ་མེད་ཤཱཀྱའི་རྒྱལ་པོ་གང་གིས་མཛད་པའི་ཆོས་ཟབ་མོ་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པར་གྲུབ་པའི་བསྟན་པ་འདི་ནི་ནང་སེམས་རྒྱུད་འདུལ་བ་གཙོ་བོ་བྱེད་པའི་ཆོས་ལུགས་ཤིག་ཡིན་པས། ནང་གི་སེམས་རྒྱུྱད་རྒོད་པོ་འདི་ཉིད་ལེགས་པར་འའདུལ་བ་ནི་ནང་བ་སངས་རྒྱས་ཚང་མའི་སྤྱི་ཆོས་ཤིག་ཏུ་གདའ། དེ་ཡང་སྟོན་པ་མཆོག་གི་ཞལ་ནས་སྡིག་པ་ཅི་ཡང་མི་བྱ་ཞིང་།། དགེ་བ་ཕུན་སུམ་ཚོགས་པར་སྤྱད།། རང་གི་སེམས་ནི་ཡོངས་སུ་འདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།། ཞེས་ཞལ་གསལ་བོས་གསུངས་པ་ཇི་བཞིན་ཆོས་ཞེས་པ་དེ་ཡང་སྙིང་ནང་སེམས་རྒྱུད་ཀྱི་ཉོན་མོངས་དུག་གསུམ་དང་བཅས་པ་འཆོས་པའི་དོན་ལ་དམིགས་པ་ཡིན། འདྲེན་མཆོག་སྟོན་པ་གང་གིས་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གི་བདག་ཉིད་ཅན་ཞིག་གསུངས་པ་ལོ་རྒྱུས་ཀྱིས་མངོན་སུམ་ར་སྤྲོད་ཐུབ་པའི་མཛད་པ་མཆོག་ཏུ་གྱུར་བ་ཞིག་ཡིན་མོད། འོན་ཀྱང་། སོ་སྐྱེས་རང་རང་གི་ལས་དང་ཉོན་མོངས་ཀྱི་དབང་གིས་སྟོན་པ་ཐུགས་རྗེ་ཅན་གྱི་དྲུང་དུ་ཆོས་ཉན་པའི་བསྐལ་བ་མ་ལྡན་པ་མ་ཟད། རྒྱན་དྲུག་མཆོག་གཉིས་དང་རྗེ་ཡབ་སྲས་གསུམ་གྱི་མདོ་སྔགས་ཟུང་འཇུག་གི་གཞུང་ཞུགས་ཚད་ཐུབ་ལ་སློབ་གཉེར་བྱེད་པའི་གོ་སྐབས་འཛོམས་པོ་ཡང་མ་རེག་པ་བཅས་ཀྱི་སྡུག་བསྔལ་གྱིས་ཀུན་ནས་མནར་བའི་རང་ཅག་སྐྱ་བོ་མང་པོ་ཞིག་ལ་མཚོན་ན་དམ་པའི་ཆོས་ཟེར་ན་ཕྱག་དང་བསྐོར་བའི་གྲངས་ཀ་བགྲང་རྒྱུ་ཙམ་ལ་ངོས་འཛིན་བྱེད་པའི་གནས་བབ་སྡུག་པོ་འདི་དང་། རང་ཉིད་ལ་ཆོས་སློབ་པའི་སྐལ་བ་ལྡན་རུང་ཡབ་རྗེ་བླ་མ་དང་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་མང་པོའི་མདུན་དུ་གསུང་ལ་དངོས་སུ་ཉན་པའི་སྐལ་བ་དབེན་པའི་དེང་གི་དུས་འདིར་སྔོན་གྱི་མཁས་པ་མང་པོས་མཛད་པའི་སློབ་གཉེར་གྱི་བསླབ་བྱ་དག་ལས་སེམས་རྒྱུད་འདུལ་བའི་མན་ངག་བྱ་མོས་རྒུམ་བུ་འཐུ་བ་བཞིན་དང་དུ་ལེན་རྒྱུ་དེ་གནད་ཀྱི་དམ་པ་རེད། དེ་ཡང་ཞང་སྟོན་བསྟན་པ་རྒྱ་མཚོ་མཆོག་གིས“སེམས་ལ་དྲན་རྒྱུ་མང་བའི་བློ་མང་དེ།།འདུན་མ་གཅིག་ལ་མི་ཞོག་དཀྲུག་ཤིང་ཡིན།།ཉིན་པར་སེམས་འཁྲུག་མཚན་མོ་གཉིད་མི་འོང་།།དེ་ཕྱིར་བློ་སྣང་མང་པོ་རྦད་ཀྱིས་ཆོད།།ཅུང་ཟད་ཙམ་ཡང་མི་བཟོད་གཤིས་ངན་དེ།།ཚེ་འདིར་ལུས་སེམས་གཉིས་ཀའི་སྡུག་བསྔལ་ཡིན།།ཕྱི་མའི་དགེ་རྩ་འཇོམས་པའི་ཕྱག་མ་ཡིན།།དེ་ཕྱིར་ཁོག་ཡངས་རང་བཞིན་བཟང་བོ་མཛོད།།ནང་གི་རང་སེམས་དགྲ་རུ་མ་སྡང་ན།།ཕྱི་ཡི་འདྲེ་གདོན་སུས་ཀྱང་ཐུབ་པར་དཀའ།།”ཞེས་གསུངས་པ་ནང་བཞིན་ང་ཚོས་དུས་ནམ་དང་གནས་ག་ཤེད་དུ་ཡང་རང་ཉིད་ཀྱི་སེམས་ལ་བདག་པོ་གང་ལེགས་བརྒྱབ་ནས་རྒྱ་ཡན་དང་རྒོད་པོར་མ་བཏང་ན། ང་ཚོའི་སྒོ་གསུམ་བག་དང་ལྡན་པ་ལ་གེགས་བར་ཅི་ཡང་ཡོད་མི་སྲིད་པ་ཡིན། དེ་བས་བོད་ཀྱི་བསླབ་བྱ་མང་ཆེ་བ་ནི་ནང་གི་སེམས་རྒྱུད་འདུལ་བའི་ལྕགས་ཀྱུ་ལྟ་བུ་ཡིན། འཇིག་རྟེན་ཁམས་ཀྱི་ཚོར་བ་བདེ་སྡུག་བཏང་སྙོམས་དང་བཅས་པ་ཐམས་ཅད་ནི་སེམས་ལ་བརྟེན་ནས་བྱུང་ཞིང་སེམས་ཀྱི་ཉོན་མོངས་ཕྲ་རགས་ཅི་རིགས་ལ་བརྟེན་ནས་མ་རུང་བའམ་མི་དགེ་བའི་ལས་ཅི་རིགས་བསགས་པ་ཡིན་པས། རང་རྒྱུད་ཀྱི་རྟ་རྒོད་ལྟ་བུའི་སེམས་དེ་ཡོངས་སུ་ཇི་སྲིད་མ་འདུལ་བར་དུ་དེ་སྲིད་དུ་སྡུག་བསྔལ་གྱི་རྒྱུན་མི་ཆད་པ་ཡིན།ཁ་ཆེའི་ཕ་ལུའི་བསླབ་བྱ་རུ“ཆོས་དང་འཇིག་རྟེན་ཁག་ཁག་སོ་སོ་རེད།།སེམས་དང་ལུས་པོ་རང་རང་སོ་སོ་རེད།།སེམས་པ་དཀའ་བ་སྤྱད་ནས་འགྲོ་འདོད་ཀྱང་།།ལུས་པོ་ཞིམ་པོ་ཟས་ནས་སྡོད་འདོད་ཆེ།།ལུས་པོ་སྐྱིད་པོ་སྡོད་པ་ཞག་གསུམ་དང་།།སེམས་པ་སྡུག་པ་ཕུག་གི་ཕུག་ནས་སྡུག །སེམས་སྐྱིད་འདོད་ན་ལུས་ཀྱིས་དཀའ་བ་སྤྱོད།།ལུས་པོ་བསམ་ན་སེམས་པ་སྡུག་ལ་སྦྱོར།།ང་ལ་ཉན་ན་ལུས་སེམས་དབྱེ་བ་ཆོད།།”ཅེས་གདམས་པ་ལྟར་རང་རེའི་ནང་བའི་ལྟ་བ་ལྟར་ན་ལུས་སེམས་གཉིས་སོ་སོ་རུ་གནས་ཤིང་ལུས་ཀྱི་བདེ་བ་ནི་གནས་སྐབས་ཀྱི་བདེ་བའམ་བདེ་བ་ཆུང་ངུ་ཡིན་ལ། སེམས་ཀྱི་བདེ་བ་ནི་མཐར་ཐུག་གི་བདེ་བའམ་བདེ་བ་ཆེན་པོ་ཡིན་པས། ང་ཚོ་ཤ་ཁྲག་གདོས་བཅས་ཀྱི་ཕུང་གཞི་རུ་གྲུབ་པའི་ལུས་ལ་ཞེན་ཆགས་ཆེ་རུ་སོང་ནས་སེམས་ཀྱི་སྦྱོང་བརྡར་ལ་འཐུས་ཤོར་མང་དུ་ན་མཐར་སེམས་དེ་ཉིད་སྡུག་བསྔལ་གྱིས་ཡོངས་སུ་མནར་ནས་སྡུག་བསྔལ་གྱི་རྒྱ་མཚོ་ལས་ནམ་ཡང་མཐར་དཀའ་བ་ཡིན། བདེ་བའི་མཆོག་ནི་སེམས་སྐྱིད་པ་ཞེས་པ་ལྟར་ང་ཚོས་རང་སེམས་ཀྱི་བདེ་སྡུག་ལ་མཉམ་འཇོག་མང་དུ་བྱས་ནས་རྟག་ཏུ་སེམས་ཀྱིས་མ་རུང་བ་སྒྲུབ་པའི་ལས་རྣམས་ལ་བསམ་གཞིག་དང་བློ་སྦྱོང་མང་པོ་བྱས་ནས་སེམས་རྒྱུད་གདུལ་རྒྱུ་ནི་དམ་པ་གོང་མ་རྣམས་ཀྱི་བསླབ་བྱ་རིན་ཆེན་གསེར་ལས་ལྷག་པ་དག་ལ་མཇལ་ན་མཐར་ཆགས་སུ་རིམ་གྱིས་འགྲུབ་ངེས་པ་ཡིན།
          བཞི་པ། བླང་དོར་གསལ་བའི་སྒྲོན་མེ།
          ལར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རིག་གནས་ཀྱི་བསྟན་བཅོས་གང་ཞིག་ཡིན་རུང་མི་རྣམས་ལ་ལེགས་སྤེལ་ཉེས་འགོག་གི་བླང་དོར་འབྱེད་པའི་ཐབས་སྟོན་པ་ནི་གཉིས་ཀའི་ཐུན་མོང་གི་དམིགས་བྱ་ཆེན་པོ་ཞིག་ཡིན། མི་ཆོས་རིག་གནས་ཀྱི་ཕུན་ཚོགས་ལ་གཟིགས་མཐོང་ཆེན་པོ་སྤྲོད་པའི་དེང་གི་དུས་འདིར་འཛམ་གླིང་ཤར་ནུབ་ཀུན་གྱི་ཤེས་ཡོན་པ་དང་མཁས་པ་དག་གིས་ཐུན་མོང་དུ་ཁས་ལེན་ནམ་གཙི་བཀུར་བྱེད་པ་ནི་བླང་དོར་གནས་ལ་མི་རྨོངས་པའི་ཤེས་རབ་ཅན་དག་ཡིན། གནའ་བོའི་ནུབ་ཕྱོགས་ཀྱི་ཕི་ལ་ཐོའུ་སོགས་མཚན་ཉིད་མཁན་པོ་རྣམས་ཀྱིས་མཛད་པའི་མཚན་ཉིད་རིག་པའི་གཞུང་ལུགས་ཀུན་དང་། ཤར་ཕྱོགས་ཙི་ནའི་ཡུལ་གྱི་ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་མཛད་པའི་བཞུ་ལུགས་ཀྱི་བསྟན་བཅོས་དག་དང་ཁོང་གི་རྗེས་འབྲང་སློབ་མ་རྣམས་ཀྱིས་བརྩམས་པའི་འགྲེལ་བ་དང་བཅས་གཞུང་བཞི་བསྟན་བཅོས་ལྔ། དེ་ནས་རང་ཅག་གི་སློབ་དཔོན་དུ་གྱུར་བའི་རྒྱ་གར་འཕགས་པའི་ཡུལ་གྱི་རྒྱན་དྲུག་མཆོག་གཉིས། ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་སོགས་ཀྱིས་མཛད་པའི་ནང་དོན་དང་ཚད་མ་རིག་པ་གཙོ་བྱས་པའི་བསྟན་བཅོས་རི་རབ་ཀྱི་གཏོས་དང་མཉམ་པ་བཀའ་བསྟན་གཉིས་སུ་འདུས་པ་དེང་སང་རང་ཅག་ཁ་བ་ཅན་གྱི་གཙུག་ལག་ཁང་གི་སྲོག་ཤིང་དུ་འཁྲུངས་པ་འདི་དག་ཚང་མ་ནི་མདོར་དེད་དེ་ཚིག་གཅིག་ཏུ་བརྒྱུས་ནས་བཤད་ན་དེ་ནི་མི་ཐམས་ཅད་བླང་དོར་གྱི་གནས་ལ་མི་རྨོངས་པའི་ལམ་སྟོན་དུ་མཛད་པ་ཤ་སྟག་ཏུ་འཁུམས་མོད། དེ་ལས་ཀྱང་བོད་ཀྱི་སྔོན་བྱོན་སྐྱེས་བུ་མང་པོས་མཛད་པའི་བསླབ་བྱ་དག་ཏུ་ནི་ཚིག་ཉུང་དོན་འདུས་ཀྱི་འཆད་ཐབས་ལ་བརྟེན་ནས་གསལ་བོར་གསུངས་ཡོད་པས།ཁོང་ཚོས་བརྩམས་པའི་བསླབ་བྱ་རྣམས་ནི་བླང་དོར་གསལ་བའི་སྒྲོན་མེ་ཁོ་ན་རུ་བལྟས་ཆོག་པ་ཡིན། ཁ་ཆེ་ཕ་ལུའི་བསླབ་བྱ་རུ“ཡོན་ཏན་ཀུན་གྱི་རྩ་བ་ཡི་གེ་དང་།།ཡོན་ཏན་ཡོངས་ཀྱི་རྒྱལ་བོ་ཡི་གེ་རེད།།ཕྲུ་གུའི་ཡི་གེ་གསེར་ཁྲིའི་སྟེང་དུ་བསྐྱལ།།མི་བོའི་ཡི་གེ་སྟག་གདན་སྟེང་དུ་འཇོག  །བླ་མའི་ཆོས་རྭར་ཡི་གེ་མེ་ལོང་རེད།།རྒྱལ་བོའི་ཁྲིམས་རར་ཡི་གེ་འབྲས་བུ་རེད།།ཡིག་ཡོངས་ཡིག་ཡོངས་མཁས་པ་སྤྲུལ་བའི་རྒྱུད།།ཡིག་མེད་ཡིག་མེད་ལོང་བ་ལྐུགས་པའི་རྒྱུད།།ཀྱོག་ཀྱོག་ཡི་གེ་གཞུ་ལྟར་ཁྱོག་གྱུར་ཀྱང་།།དོན་རྩ་མདའ་ལས་འདྲོང་བ་དེ་རུ་ཚང་།།ཡོན་ཏན་རིན་ཆེན་དགོས་འདོད་ཀུན་འབྱུང་རེད།།དགོས་འདོད་ཀུན་འབྱུང་དགོས་མི་ཐོགས་པ་མེད།།དོན་དུ་མི་ལ་ཡོན་ཏན་ཚང་བ་དགོས།།ནོར་རྫས་ཚམ་རེ་སོང་འགྲོ་ཚམ་རེ་ཡོང་།།ནོར་ལ་བསྐྱུར་བརླག་རྐུན་མས་འཁྱེར་བའི་ཉེན།།ཡོན་ཏན་རིན་ཆེན་འཛད་མེད་ཕུག་གི་གཏེར།།ན་སོ་གཞོན་དུས་བུ་ལ་སྦྱོངས་མཐར་སློབས།།”ཞེས་བསྟན་པ་བཞིན་བོད་ཀྱི་བསླབ་བྱ་དག་གི་ནང་ན་དང་པོ་ལོ་གཞོན་པའི་དུས་སུ་ཡི་གེ་སློབ་དགོས་པའི་གལ་ཆེན་རང་བཞིན་དང་དེ་བསླབས་པའི་དགོས་པ། མ་བསླབས་པའི་ཉེས་དམིགས། དེ་ཇི་ལྟར་སློབ་པའི་ཚུལ་སོགས་ཉམ་ཆུང་གནག་རྫིས་ཡང་གོ་ནུས་པའི་ནག་འགྲོས་སུ་གསུངས་ཡོད་པས། སྔོན་གྱི་མཁས་པ་མང་པོའི་བསླབ་བྱ་སྣ་ཚོགས་ལ་བལྟས་ན་བློ་སྐྱེད་དང་བླང་དོར་གྱི་རྣམ་གཞག་གསལ་བོ་ངེས་རྒྱུ་ཡོད་པ་འདི་ཐོས་བསམ་གཅེས་སུ་འཛིན་པའི་སློབ་གཉེར་བ་དག་གིས་ནམ་ཡིན་ཡང་སྙིང་ལ་དམ་པོར་སྲེལ་དགོས་པའི་དོན་ཆེན་རེད་སྙམ། ང་ཚོས་བོད་ཀྱི་མཁས་པ་རྣམས་ཀྱིས་མཛད་པའི་བསླབ་བྱ་དག་གང་བསྒྲིགས་ནས་ཞིབ་ཏུ་མཇལ་ན་རྟོགས་ཡོང་བ་ཞིག་ནི་བསླབ་བྱ་གང་དང་གང་ལ་མཚོན་ན་ཡང་དེ་དག་གི་གདམས་ཡུལ་ལ་ཆེད་དམིགས་ཀྱི་རང་བཞིན་ལྡན་པ་ཡིན།དེའི་རྒྱུ་མཚན་ནི་བསླབ་བྱ་རེ་རེ་ནི་བསླབ་བྱ་འདོམ་མཁན་གྱི་མཁས་པ་དང་སློབ་དཔོན་གང་ལ་རང་གི་ཐུགས་སྲས་སུ་གྱུར་སྣོད་ལྡན་གྱི་སློབ་མ་རྣམས་གཙོ་བྱས་པའི་བསླབ་བྱ་གནང་བར་ཆོས་སྐུལ་ཞུ་བའི་གང་ཟག་རེ་ཡོད་པ་མངོན་གསལ་དོད་པོ་རེད། དཔེར་ན། མཛད་པ་པོ་གཏན་ཁེལ་ཐུབ་པའི་བོད་ཀྱི་མི་ཆོས་བསླབ་བྱ་སྔ་གྲས་མི་ཆོས་གནད་ཀྱི་ཕྲེང་བ་ནི་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་ཐག་རིང་བལ་བོའི་ཡུལ་དུ་སློབ་གཉེར་ལ་ཆས་དུས་རང་གི་བཀའ་དྲིན་སུམ་ལྡན་གྱི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ལ་ཞལ་གྱེས་པར་ཞུས་པའི་ཚུལ་ནི་འདི་ལྟ་སྟེ།“དེ་ལ་སྙེ་ཐང་འོར་ནས་གཞུ་འདོམ་ཉི་ཤུ་རྩ་ལྔའི་བར་བསྐྱེལ་ཐུང་མཛད་དེ།གཅིག་ལ་གཅིག་གིས་ཕྱག་ལ་འཇུས་ནས་འབྲལ་མི་ཕོད་པའི་ཚོད་ཙམ་དུ་སྙིང་གཏམ་སྒྲོས་སུ་གླེང་བ་ན། གུང་ཐང་བ་ན་རེ། ཁྱེད་སྙིང་གི་པདྨའི་ཟེའུ་འབྲུ་ལ་རྟག་ཏུ་འབྲལ་བ་མེད་ཀྱང་། བོད་མ་དག་པ་རྣམས་ཀྱི་བློ་ངོ་ལ་ཧ་ཅང་མཐུན་ཆེས་བསྟན་མོད། འོན་ཀྱང་སྙིང་གཅིག་ཏུ་བཞུགས་པའི་བྱ་བ་ལ་ལས་ཐབས་བཟང་པོ་བྱས་པས་མི་འགྱོད། དུས་དེ་རིང་ཐག་རིང་བལ་བོའི་ཐང་ལ་འགྲོ་བར་ཆས་པ་ལ་སེམས་ལ་ཕན་པའི་འགྲོ་ཆས་ཤིག་ཞུ་བར་འཚལ་ཏེ། དེ་ཡང་ཕྱི་མའི་ལག་ལེན་རྣམས་ལ་དེ་ཙམ་གྱིས་གོ། གནས་སྐབས་ཚེ་འདིའི་འགྲོགས་ལུགས་འཇིག་རྟེན་མིིའི་མཐུན་འཇུག འཕྱས་བཟླས་མཁན་རྣམས་ཀྱིས་སྨད་པར་མི་ནུས་པའི་མི་ཆོས་ཤིག་སྙིང་ལ་གཟེར་བ་ཞུ། ཞེས་ཞུས་པ་དང་། འབྲོམ་རྗེ་ཞལ་འཛུམ་པའི་མདངས་དང་བཅས་ནས། དབུ་སྐྲ་ལྕང་ལོ་ཅན་དབུ་རང་གིས་སྤྲུག་སྟེ་རྒྱབ་ཏུ་བསྐྱུར་ནས་འདི་སྐད་གསུངས་སོ།།”འདི་ལྟར་གུང་ཐང་བ་ནག་ཚོ་ལོ་ཙཱ་བའི་སྙིང་གི་རེ་འདུན་བཞིན་མཛད་པས་བསླབ་བྱ་འདི་ཉིད་ནི་ནག་ལོ་ལོ་ཙཱ་བ་མཆོག་གི་སྐུ་ཚེ་ཧྲིལ་བོའི་བླང་དོར་གསལ་བའི་སྒྲོན་མེ་རུ་གྱུར་ནས་ཕྱིས་སུ་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་ཞེས་གངས་ཅན་ཁ་བའི་ལྗོངས་སུ་སྙན་གྲགས་འབྲུག་སྒྲ་ལྟར་ལྡིར་བ་འདི་ཡང་བླ་མས་གནང་བའི་བསླབ་བྱ་ལ་བཀའ་དྲིན་རབ་ཏུ་ཆེ་བ་མཐོང་། དེ་བཞིན་བུ་སྟོན་ཐམས་ཅད་མཁྱེན་པ་མཆོག་གིས་ཀྱང་རང་གི་ཐུགས་སྲས་སུ་གྱུར་བའི་སློབ་མ་སྒྲ་ཚབ་པ་རིན་ཆེན་རྣམ་རྒྱལ་བུད་མེད་ཀྱི་དབང་དུ་སོང་ནས་སློབ་གཉེར་ལ་བར་ཆད་ཆེན་པོ་བསླེབས་པ་མཐོང་ནས་རང་གི་སློབ་མ་ལ་ཞེ་ཐག་པ་ནས་གྲོས་སུ་འདེབས་པའི་ཡི་གེ་སྙིང་གི་ཐུར་མ་ཞེས་པ་འདི་མཛད་དེ་སྒྲ་ཚབ་པར་བླང་དོར་གྱི་གནད་གསལ་བོར་བསྟན་ནས་ཆོས་ཀྱི་གེགས་ལེགས་པར་སེལ་བ་ཡིན། བོད་ཀྱི་བསླབ་བྱ་ཀུན་ལས་མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་ཇི་ལྟར་བྱེད་པའི་ཚུལ་ལ་གདམས་པ་ནི་གུང་ཐང་བསྟན་པའི་སྒྲོན་མེ་མཆོག་གི་མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག་ཅེས་པ་འདི་བོད་ཀྱི་བསླབ་བྱ་ཚང་མའི་ནང་གི་འོད་དཀར་ལམ་ལམ་འཚེར་བའི་མུ་ཏིག་གི་རྡོག་པ་བཞིན་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་མཁས་པ་ཚང་མས་གཙུག་རྒྱན་དུ་བཀུར་བ་འདི་ལས་ཀྱང་བསླབ་བྱའི་རྩོམ་རིག་ནི་དགོས་པ་དེ་ང་ཚོར་བླང་དོར་གསལ་བར་བྱེད་པའི་སྒྲོན་མེ་ལྟ་བུ་ཞིག་ཡིན་པ་ངང་ངམ་ཤུགས་ཀྱིས་རྟོགས་ཡོང་ངོ་།།
          ཟུར་བལྟའི་དཔེ་ཆ།
༡  རྒྱ་ཡེ་བཀྲ་བྷོ། བོད་ཀྱི་གནའ་རབས་རྩོམ་རིག་གི་རིགས་དང་ལུས་ཀྱི་རྣམ་གཞག་ཚངས་པའི་ཚད་ཡིག མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ལོ།
༢ བསོད་ནམས་རྒྱལ་མཚན། བོད་ཀྱི་ཉེ་རབས་རྩོམ་རིག་གི་སྤྱི་ཁོག་འཆར་བའི་མེ་ལོང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོ།
༣ ཆབ་འགག་རྟ་མགྲིན། ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་བཤད་པ། བོད་ཀྱི་སློབ་གསོ། ༢༠༠༦ལོ། འདོན་ཐེངས་གསུམ་པ།
༤ ལྕང་སྐྱ་རོལ་པའི་རྡོ་རྗེ། བསླབ་བྱ་གཞན་ཕན་བདུད་རྩིའི་སྙིང་པོ། བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་ཡིག རིན་ཆེན་རྡོ་རྗེས་བསྒྲིགས། ༢༠༡༧ལོ།
༥ བཀྲ་ཤིས་ཟླ་བ། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྣམ་བཤད་རྟོག་གེའི་གཟི་མདངས། མི་རིགས་དཔེ་སྐྲུན་ཁང་།༢༠༡༣ལོ།
༦ ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བསྒྲིགས། ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་ཞེས་པའི་རྩ་འགྲེལ། མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ལོ
༧ བསླབ་བྱ་གཅེས་བསྡུས་དུག་གསུམ་འཇོམས་བྱེད་ནོར་བུའི་ཆུ་རྒྱུན། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།༡༩༨༤ ལོ།
༨ གོ་ཤུལ་གྲགས་པ་འབྱུང་གནས། བོད་ཀྱི་རྩོམ་ལུས་རྣམ་གཞག  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༦ལོ།
༩ བོད་ཀྱི་ཉེ་རབས་རྩོམ་རིག་གཅེས་བསྡུས།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ལོ།
༡༠ རྗེ་བཙུན་ཤེས་རབ་རྒྱ་མཚོ། རྗེ་བཙུན་ཤེས་རབ་རྒྱ་མཚོའི་གསུང་རྩོམ་པོད་གཉིས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།༢༠༡༣ལོ།
༡༡ ཀུན་དགའ་དབང་ཕྱུག་གིས་བསྒྲིགས། བོད་ཀྱི་རྨང་གཞི་ཤེས་བྱའི་སྤྱི་དོན་འཆར་བའི་མེ་ལོང་།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།༢༠༡༤ལོ།
༡༢ རྒྱལ་དབང་ལྔ་བ་ཆེན་མོ།བསླབ་བྱ་མུ་ཐི་ལའི་ཕྲེང་བ། BDRC ༡༩༨༢
༡༣  དག་གསར།  ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ལྟེ་གནས།
༡༤ དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།༢༠༡༢ལོ
༡༥ ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། སེམས་སེམས་བྱུང་གི་འགྲེལ་བ་བློ་གསལ་མགུལ་རྒྱན། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོ།
༡༦  བླ་བྲང་སྒྲོལ་མ་སྐྲབས་ཀྱིས་བསྒྲིགས། གསེར་གྱི་སྦྲམ་བུའི་མིང་ཚིག་མཆན་འགྲེལ་དོ་ཤལ།།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༩༧ལོ།
༡༧  དཔའ་རིས་སངས་རྒྱས། དག་ཡིག་རིག་པའི་གབ་པ་མངོན་ཕྱུང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༩ལོ།
༡༨  བོད་རྒྱ་ཚིག་མཛོད་ཆེན་མོ། ཀྲང་ཡིན་སན། ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ལོ།
༡༩  སྙན་ངག་མེ་ལོང་མ། དབྱུག་པ་ཅན། ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།༢༠༠༥ལོ།
༢༠ མངོན་བརྗོད་འཆི་མེད་མཛོད། འཆི་མེད་སེང་གེ། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ལོ། 
༢༡ མཁས་པའི་དབང་པོ་བསྟན་དར་ལྷ་རམས་པའི་གསུང་འབུམ། སྟོད་ཆ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ལོའི་དཔར་གཞི་དང་པོ།
༢༢ ཞི་བ་ལྷ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་བྱ་བ་བཞུགས་སོ།། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠ལོ།
༢༣ ལྷ་རྒྱལ་ཚེ་རིང་། བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས་རིག་འཛིན་བྱེ་བའི་རོལ་མཆོ། མི་རིགས་དཔེ་སྐྲུན་ཁང་། ༢༠༠ལོ། དཔར་གཞིི་དང་པོ།
༢༤ བསོད་ནམས་དབང་ལྡན་དང་བུ་བཞི། རྩོམ་རིག་རྣམ་བཤད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༦ལོ། དཔར་གཞི་དང་པོ།
༢༥ རྣམ་སྲས། དུས་རབས་ཉི་ཤུ་པའི་བོད་ཀྱི་རྩོམ་རིག ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ལོ
༣༠ རྒྱ་ཡེ་བཀྲ་བློ་སོགས། བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན། གླེགས་བམ་གཉིས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠ལོ།
༣༡ རྒྱ་ཡེ་བཀྲ་བྷོ། ལེགས་བཤད་ཟླ་བའི་སྣང་བ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོ།
༣༢ དགེ་འདུན་ཆོས་འཕེལ། དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ། གླེགས་བམ་གསུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༨ལོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1