༄༅།།རྟའུ་སྡེ་པའི་ཁང་པའི་བཟོ་བཀོད་བཤད་པ་ཅང་ཤེས་འཚེར་སྐད།

ལྕང་ཞབས་པ་འགྱུར་མེད་ཚེ་དབང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-20



ལྕང་ཞབས་པ་འགྱུར་མེད་ཚེ་དབང་། དཀོན་རྡོས་པར་བླངས།

        དེ་ཡང་ཁམས་མི་ཉག་རབ་སྒང་གི་ཁོངས་སུ་གཏོགས་པའི་རྟའུ་ཡུལ་གྱི་ཁང་པའི་བཟོ་བཀོད་བཤད་པར། ཐོག་མར་རྩིག་པའི་རྣམ་གཞག་བཤད་པ་ལ། རྨང་གཞི་ཁོད་སྙོམས་པ་འདིང་བའི་ཐོག་ན། ཀ་གདུང་འཛེར་ནས་གྲུ་བཞི་མ་ཞིག་བྱེད་ཀྱི་ཡོད་ལ། ཤིང་སྤུས་བཟང་བ་དང་། བཞི་སྐོར་འཛེར་སྟངས་ཆེས་བཟང་བ་སོགས་ཀྱིས་ཆུ་དགྲ་དང་རླུང་དགྲ་དང་ས་དགྲ་ལ་འཇིགས་པ་མི་དགོས་པ་ཞིག་བྱེད་ཀྱི་ཡོད། དེ་ལ་བརྟེན་པའི་ཡོན་ཏན་ཡོད་ཅིང་། དེའི་ཕྱི་ནས་ས་གྱང་རྡུང་བའམ་རྡོ་རྩིག་བརྩིག་པ་དང་། སྡེ་འདི་ན་ཕལ་ཆེ་རྡོ་རྩིག་རང་ཡིན། རྡོ་རྩིག་དེ་ཡང་ངོས་མཉམ་པ། ལྷུ་འགྲིག་པ། སྲ་ལ་བརྟན་པ། མིག་ལ་མཛེས་པ། ཡིད་དུ་འོང་བ་ཞིག་རྩིག་གི་ཡོད་ལ། རྩིག་པ་དང་ཁང་པའི་གཞི་ཁང་གཉིས་ཐ་དད་དུ་གནས་པས། རྩིག་པ་ཞིག་རལ་སོང་རུང་གཞི་ཁང་ལ་གནོད་པ་རྩ་བ་ནས་མེད་པ། ཁང་པའི་གཞི་ཁང་ལ་ས་དགྲ་དང་། ཆུ་དགྲ། རླུང་དགྲ་སོགས་བྱུང་ན་ཡང་། གཞི་ཁང་མི་འཐོར་བའི་ཕྱིར་དུ་ཀ་གདུང་ཕན་ཚུན་སྦྲེལ་ནས་འཛེར་གྱི་ཡོད་སྟབས་སླ་མོ་ཞིག་གིས་གཏོར་བརླག་འགྲོ་མི་ཐུབ་པ་ཞིག་ཡིན། ཁང་པ་འདི་འདྲ་ཞིག་ཏུ་བསྡད་ན་བློ་བདེ་བག་ཡངས་ཀྱི་ངང་ནས་སྡོད་ཆོག་པའི་དགེ་མཚན་ཁྱད་པར་ཅན་ཡོད་ལ། ཁང་པའི་ཕྱི་ངོས་ཀྱི་རྩིག་པ་ལ་ས་དཀར་བྱུག་པའམ་རང་བྱུང་དུ་འཇོག་པ་སོགས་རང་བྱུང་ཁོར་ཡུག་དང་འཚམ་པའི་ཁྱད་ཆོས་ཡོད་ལ། ཁྱད་པར་དུ་ཡུལ་སྲོལ་གོམས་གཤིས་དང་མཐུན་ཞིང་། ལོ་རྒྱུས་ཀྱི་འགྲོས་དང་མཐུན་པ། ཡིད་དུ་འོང་བ་ཞིག་ཀྱང་ཡིན། འདི་ནས་བཤད་དགོས་པ་ཞིག་ལ་རྡོ་རྩིག་འདི་དག་མཐོ་སྒང་ཁ་བ་རི་བའི་ཁོར་ཡུག་དང་འཚམ་པར་མ་ཟད། རང་བྱུང་གི་ས་རྡོ་འདི་དག་གི་ལྡོག་འཕྲོས་བདེ་ཐང་ལ་གནོད་པ་རྩ་བ་ནས་མེད་པར་མ་ཟད། གལ་ཏེ་ནམ་ཞིག་ན་འདི་དག་ས་རོ་རྡོ་རོ་རུ་སོང་ན་ཡང་། ས་ས་ལ་འཐིམ། རྡོ་རང་མལ་དུ་ས་འོག་ཏུ་ཚུད་ནས། རང་བྱུང་ཁམས་ལ་གནོད་པ་རྩ་བ་ནས་མེད་པའི་དགེ་མཚན་ཧ་ཅང་མང་།

         དངོས་གཞིའི་ཁང་པ་ཕལ་ཆེ་བ་ཐོག་རྩེག་གཉིས་ནས་གསུམ་བར་དང་། མཐོ་ཚད་སྨི་ལྔ་ནས་བརྒྱད་བར་ཡིན། ཁང་པའི་ནང་གི་གཅོད་དང་། མཆོད་ཁང་། ཁྱམས། འགྲུལ་ཁང་། ཉལ་ཁང་། ཇ་ཁང་། མཛོད་ཁང་ཀུན་པོ་རྒྱུ་རང་བྱུང་གི་ཤིང་ལས་གྲུབ་ཅིང་ཤིང་ཡང་ཤུག་པ་དང་། རྫ་སོགས་ཀྱིས་གང་ལ་གང་འཚམ་གྱི་བཟོ་བཀོད་བྱེད་ཀྱི་ཡོད་ལ། དཔེར་ན་མཆོད་ཁང་ནང་གི་མཆོད་ཁྲི་ཤུག་པས་བཟོས་པ་དང་། གཅོད་རྣམས་རྫ་ཤིང་གིས་བཟོས་པ་སོགས་ཆ་རྐྱེན་ཅི་འཛོམས་ལྟར་བཟོ་བཀོད་བྱེད་ཀྱི་ཡོད། གང་ལྟར་ཤིང་གི་གཅོད་མཚམས་དང་། ཅོག་ཙེ། སྟེགས་སྒམ་སོགས་ལ་འབུར་རྐོ་སྒྱུ་རྩལ་ཕུན་སུམ་ཚོགས་པ་ཞིག་བྱེད་ཀྱི་ཡོད། ཁྱད་པར་དུ་གཅོད་མཚམས་ཤིང་པང་ངོས་སུ། བཀྲ་ཤིས་རྟགས་བརྒྱད་དང་། མཐུན་པ་སྤུན་བཞི། ཚེ་རིང་རྣམ་དྲུག རྒྱལ་སྲིད་སྣ་བདུན་སོགས་གང་ལ་གང་འཚམས་ཀྱི་འབུར་རྐོ་སྒྱུ་རྩལ་གྱིས་མངོན་པར་ཕྱུག་པ་བྱེད་ཅིང་། མཆོད་ཁྲི་རྣམས་སུ་མཆོད་པའི་རྣམ་གྲངས་ཀྱི་གྲལ་དུ་འགྲོ་བའི་འབུར་རྐོ་བཟོ་བ་སོགས་སྒྲིག་དང་མཐུན་པ་རེ་བྱེད་ཀྱི་ཡོད། ཁང་པའི་ནང་གི་བཀོད་པ་ལ་བལྟས་ན་མི་རིགས་ཤིག་གི་འོད་སྟོང་འབར་བའི་རིག་གནས་ཀྱི་ལྟད་མོ་མཐོང་བ། སྡོད་ན་དྲོད་སྐྱིད་འཛོམས་པས་ཁྱིམ་ཚང་གི་བདེ་སྐྱིད་མྱོང་རོལ་བྱེད་ཐུབ་པ། ཉལ་ན་གཉིད་ཁུག་པ། སྒྲའི་ཅ་ཅོ་མེད་ཅིང་འཇམ་ཐིང་ཐིང་ཡིན་པ། མཆོད་ཁང་གི་བཀོད་པ་ལེགས་པས་སྐུ་གསུང་ཐུགས་རྟེན་དང་། མཆོད་པའི་བཀོད་པ་རབ་ཏུ་མཛེས་པས་དད་པ་ངང་གིས་བསྐྱེད་ཐུབ་པ། དགེ་སྐུལ་གྱི་རྐྱེན་དུ་གྱུར་པ་སོགས་དགེ་མཚན་ཧ་ཅང་མང་། ཁང་ཁྱིམ་འདི་དག་དབྱར་བསིལ་ལ་དགུན་དྲོ་བ། ལུས་ལ་ཕན་པ། སེམས་པ་སྤྲོ་བ། ཚེ་རིང་བའི་རྒྱུ་རུ་འགྲོ་བས། ཁང་པ་འདི་དག་ནི་ནམ་ཡང་མི་ཡི་རིགས་ལ་ཞབས་འདེགས་ཞུ་མཁན་ཞིག་ཡིན་ལ། ནམ་ཡང་གསོན་ཤུགས་རྒྱས་པའི་མི་ཡི་རིགས་ཀྱི་དཔུང་གྲོགས་ཡིན། ཁམས་ཀྱི་རྟའུ་རྫོང་གི་ཡུལ་མིའི་སྡོད་ཁང་ལ། དེ་བས་ས་ཆ་གཞན་དག་དང་མི་འདྲ་བར་ཁང་པའི་ཕྱིའི་རྣམ་པ་དང་། ནང་གི་སྒྲིག་བཀོད་བཅས་གང་ཐད་ནས་མཛེས་རྩལ་གྱི་རྣམ་པས་ཕྱུག་ཅིང་རང་ཉིད་ལ་ཐུན་མིན་གྱི་ཁྱད་ཆོས་འབུར་དུ་ཐོན་པ་དང་། ཁྱད་པར་དུ་སྙན་གྲགས་ཀྱང་རྒྱལ་ཕྱི་ནང་ཀུན་ཏུ་ཁྱབ་བཞིན་ཡོད་སྟབས། ལོ་རེ་བཞིན་ཡུལ་སྐོར་བ་དང་། ཞིབ་འཇུག་པ། ལྗོངས་རྒྱུ་བའི་མིག་གི་དགའ་སྟོན་དུ་གྱུར་པས། པདྨའི་ཚལ་ན་བུང་བ་འཁོར་བ་བཞིན་ཇེ་མང་དང་ཇེ་མང་འགྲོ་བཞིན་ཡོད།
         ཁང་ཁྱིམ་འདི་དག་ནི་གོ་ལའི་སྒང་ན་མེད་དུ་མི་རུང་བའི་རིག་གནས་ཤིག་ཡིན་ལ། ཁང་ཁྱིམ་འདི་དག་ནི་ནམ་ཡང་ཡིད་དུ་འོང་བའི་སྒྱུ་རྩལ་ཞིག་ཡིན། ཁང་ཁྱིམ་འདི་དག་ནི་མི་རིགས་ཤིག་གི་མཚོན་བྱེད་ཀྱི་རྟགས་ཁྱད་པར་ཅན་ཞིག་ཡིན་ལ། ཁང་ཁྱིམ་འདི་དག་ནི་ནམ་ཡང་བདེ་སྐྱིད་སྐྲུན་བྱེད་ཀྱི་འཚོ་རྟེན་གསོན་པོ་ཞིག་ཀྱང་ཡིན་ནོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1