༄༅།།རྡུལ་བཀྲུ་བའི་གོ་རིམ།

དཀྲུགས་ཤིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-24



དཀྲུགས་ཤིང་། རྔ་བ་ཁུལ་མཐོ་རིམ་མི་རིགས་སློབ་འབྲིང་གི་མཐོ་འབྲིང་གཉིས་པའི་འཛིན་གྲྭ་བཞི་པ།

        ཀྭ་ཡེ། ད་ནི་ཁྱེད་ཀྱི་གཉུག་གཤིས་དཀར་སངས་པ་དེའང་གཞི་ནས་ནོགས་འདུག་ཨང་།ང་རང་ཆེས་དགའ་ས་ནི་ཁྱེད་ཀྱི་གཡོ་མ་འདྲེས་པའི་འབྲོག་ཞད་རྫོབ་པོ་དེ་ཡིན་ལ།ཅི་ཡང་མིན་བཞིན་དུ་ཅི་ཞིག་སྦས་འདུག་པ་ལྟ་བུའི་སྤྱོད་ཚུལ་དེས།རྒྱུན་པར་ང་ལ་ལྐོག་ལྐོག་སུད་སུད་ཀྱི་ན་ཟུག་འབའ་ཞིག་ལོ་སྐལ་བཞིན་དུ་བསྐྱལ་ཡོང་།ཐ་ན་ཉིན་མཚན་རེ་རེར་ཡང་བསྐྱལ་ཡོང་།དེ་ནི་ཐང་གི་རྡོ་བླངས་ནས་རུམ་གྱི་བྲོ་ལྷུང་འགྲོ་བའི་གཏམ་རྒྱུད་གཞན་ཞིག་གོ།
  ཉི་འོད་ལ་དགའ་བའི་འུ་ཅག་ལྷ་སྒྲུང་ལའང་དགའ་སྟེ།རྒྱང་རིང་གི་རྟོགས་ཐབས་མིད་པ་དེ་དགལྐོག་གྱུར་གྱི་མཁའ་དབྱིངས་ནས་ལྷན་ཅིག་ཏུ་འཆར་ཡོང་བར་ཐེངས་གྲངས་ག་ཚོད་ལ་རེ་ལྟོས་བྱས་མྱོང་ཨང་།དྲི་མིད་ཀུན་ལྡན་དང་མི་ལ་རས་པས་འུ་ཚོའི་རྣམ་དག་གི་བྱིས་བློར་སྙིང་རྗེ་ཡི་ས་བོན་བཏབ་ཅིང་།ཨ་ཁུ་སྤྱང་ཀི་དང་རི་བོང་བློ་ལྡན་གྱིས་འུ་ཚོའི་སེམས་ཀྱི་ནམ་མཁར་ཤེས་རིག་གི་སྐར་ཚོགས་གྲངས་མིད་བྲིས་མྱོང་།ད་དུང་བརྗིད་ཆེ་བའི་རི་བོ་དང་ཡངས་ཆེ་བའི་རྩྭ་ཐང་གིས་འུ་ཚོའི་ཉམ་ཆུང་བའི་སེམས་གཤིས་ལ་རྒྱ་ཆེ་བའི་སེམས་གསོ་ཚད་མིད་གནང་མྱོང་།དེ་ལྟར་གདོད་མའི་ཕང་བ་རུ་ལྟེ་ཁྲག་འཕོས་ཤིང་གདོད་མའི་ཤ་ཁྲག་གིས་ཡུན་དུ་སྙོར་བའི་མི་རབས་ཤིག་དམིགས་ཡུལ་གང་ཞིག་གི་ཆེད་དུ་ཤར་རེར་ལམ་ལ་བུད།རང་གི་སྟེང་འོག་ཀུན་ལ་ཚང་རྩིས་ཙམ་ཡང་མ་བྱས་པར་ལམ་ལ་བུད།
        རྒན་པོ་ཚོས་རེ་ཆད་ཀྱི་མིག་ཟུང་དལ་བུར་བཙུམས་རྗེས་འུ་ཅག་གཞི་ནས་གཞན་ཞིག་ཏུ་འབྱོར།དེ་ནི་ཁ་མིག་མང་བའི་གྲོང་ཁྱེར་ཏེ།གྲོང་ཁྱེར་དུ་སླེབས་དུས།འུ་ཚོའི་བབ་ཆགས་ཀྱི་གྱོན་གོས་དང་སྨུག་ནག་གི་ཤ་མདོག་ནི་བས་མཐའ་པའི་ཐོབ་ཐང་གསོན་པོ་ཞིག་ཏུ་གྱུར།ཐོབ་ཐང་དེས་ང་ཚོར་རྒྱང་རིང་རྒྱང་རིང་ཞིག་ཏུ་མཐའ་སྐྲོད་གཏོང་གིན་པའི་བྲེད་ཤ་བསླངས།དེ་ནས་བཟུང་།འུ་ཚོས་ཕ་ཡུལ་དང་ཡུལ་མི་ཚོའི་བྲང་གཞུང་ནས་ཁྱེར་ཡོང་བའི་རྡུལ་ཕྲན་དག་ལ་གད་བདར་གྱི་བྱེད་མགོ་བརྩམས།གསར་ཡོང་གི་མགྲོན་པོ་འུ་ཅག་ཆ་མིད་ཀྱི་ཁོར་ཡུག་འདིར་མཚར་སྣང་སྐྱེས་ཤིང་། མཐོང་མ་མྱོང་བའི་དངོས་པོ་གང་མང་ཞིག་ལ་རེག་ཀྱང་མ་ཕོད་པར་དཔའ་ཞུམ་ཞུམ་དང་ཞེ་གཉོམ་གཉོམ་གྱིས་སོང་བ་མ་ཡིན་ནམ། ད་དུང་བཪྙན་འཕྲིན་ནང་གི་དམར་འཛིང་དེ་དག་ཕྱི་རུ་ཐོན་ཡོང་བར་དོགས་ནས་མ་ཎི་ཁོག་འདོན་བྱས་པའང་ཉུང་ཉུང་མིན་ཏེ།ཐེངས་ཤིག་ཁྱེད་ཀྱིས་མཉམ་མ་བཞག་པར་མི་ཚོགས་ཀྱི་ཁྲོད་ནས་།་མ་ཎི་པདྨེ་ཧཱུྃ་ཞེས་སྐད་ཆེན་པོས་ཐེངས་གཅིག་བཟླས་པ་ཨེ་དྲན་ནམ།དེ་དུས་ཀྱི་ཁྱེད་ནི་ད་དུང་རྩྭ་ཐང་གི་ཁྱེད་དེ།རྟུག་དྲི་ཙམ་གྱིས་ཀྱང་ངོ་ཚ་བར་བྱེད་འགྲོ་བའི་ངང་རྒྱུད་དཀར་པོ་དེ་ད་དུང་ཡང་ངའི་ཡིད་ཀྱི་མཚོ་ཁར་སྐྱོམ་ཞིང་མཆེད།རིམ་གྱིས་འུ་ཅག་གིས་བཪྙན་འཕྲིན་ནི་ནང་གི་རྣམ་པ་ཕྱི་རུ་ཕུད་མི་ཐུབ་པའི་དངོས་པོ་ཞིག་ཡིན་པ་རྟོགས།རྒྱུན་པར་བྲེལ་འཚུབ་ཀྱིས་འདུར་གྱིན་པའི་གྲོང་མི་དེ་དག་ཀྱང་ཕ་ཡུལ་གྱི་ཡུལ་མི་བཞིན་མགྲོན་དུ་འབོད་པ་དང་ཀུ་རེ་རྩེད་རྒྱུར་དགའ་བ་ཞིག་གཏན་ནས་མ་རེད་དེ།ཁོ་ཚོའི་སྡུག་གིས་མནར་བ་ལྟ་བུའི་ངོ་གདོང་ནས་འཛུམ་ཞིག་ཀྱང་མངོན་དཀའ་བར་འདུག ད་དུང་ཡ་མཚན་པ་ཞིག་ནི་འུ་ཚོའི་སློབ་གྲྭའི་ཚོང་ཁང་གི་སྦྱིན་བདག་མས་རང་གི་ཕ་རྒན་སྒོར་བསྐྲད་པ་དེ་དྲན་ནམ།དེའི་ཆེད་དུ་འུ་ཚོས་ཚོང་ཁང་དེར་ཐག་རིང་ནས་རྡོ་འཕངས་པའང་གྲངས་མིད་ཡིན་ལ།སྦྱིན་བདག་པ་དེས་མཐོང་ས་ནས་ཀྱང་འུ་ཚོས་ཚིག་གང་བཙོག་དང་ལས་གང་ངན་གྱིས་མོར་གནོད་ཅི་ཐུབ་བྱས་པ་མ་ཡིན་ནམ།དེའི་རྒྱུ་མཚན་ནི་དེ་འདྲའི་བྱ་སྤྱོད་ཅིག་འུ་ཚོས་ད་སྔར་མཐོང་མ་མྱོང་བས་ཡིན། འོན་ཀྱང་འུ་ཚོའི་སློབ་གྲོགས་དག་གིས་ནི་དེ་འདྲར་དོ་སྣང་ཙམ་ཡང་མི་བྱེད་དེ།དེ་ནི་ཆེས་རྒྱུན་ལྡན་ཅིག་ཏུ་གྲུབ་འདུག་པ་འདྲ།ཨ་ཨ།མཚར་སྣང་གིས་ཁེངས་པའི་འུ་ཅག་ཨང་།

        ཚོགས་སྤྱི་གང་ཞིག་ནས་ཡོང་སྟེ་ཚོགས་སྤྱི་གཞན་ཞིག་ཏུ་འཐིམ་པར་བྱེད་པ་ནི་ལས་སླ་མོ་ཞིག་མ་རེད།དེ་ནི་ག་ལེ་ག་ལེར་འགྱུར་བའི་གོ་རིམ་ཞིག་རེད།འུ་ཅག་གིས་ཤེས་གསལ་ལྟར།འབྲོག་པའི་གོམས་གཤིས་དེ་དག་གིས་གྲོང་ཁྱེར་ནས་ནུས་པ་ཅི་ཡང་ཐོན་མི་ཐུབ་པ་རེད།འུ་ཅག་གཞན་ལ་འདྲེས་ཅི་ཐུབ་བྱེད་ཀྱིན་ཡོད་ནའང་།དོན་གྱིས་གཞན་པས་འུ་ཅག་རྒྱང་འཕུད་དུ་བཏང་ཚར་འདུག འུ་ཚོས་རང་ཉིད་ལ་མི་དབང་བའི་འགྱིག་གི་ངོ་གདོང་ཞིག་གོན་ནས་གཞན་གྱི་མིག་མདུན་ནས་དལ་ཅག་གེར་ལངས།ཁྲོག་སྒྲ་ཙམ་ཡང་མིད་པར་ལངས།གཉོམ་དུང་དུང་གི་འུ་ཅག་གིས་དེ་དུས་ཡང་བསྐྱར་གནས་ལུགས་འབའ་ཞིག་རྟོགས་ཏེ།དེ་ནི་འཚོ་གནས་ཀྱི་ཆེད་དུ་རང་ཉིད་འབོར་བ་དེ་རེད།དེ་ལྟ་དེ་ལྟར།འུ་གཉིས་ཀྱང་རིམ་བཞིན་སོ་སོར་གྱེས།ང་ནི་དངོས་གནས་ཐང་ཆད་འདུག ཕ་ཡུལ་ཟེར་བའི་མཐའ་མཇུག་གི་གནས་མལ་དེ་མིན་ན་ད་ལྟའི་ང་རང་དངོས་གནས་གང་ཞིག་ནས་ཇི་ལྟར་འཚོ་ལགས།ཁྱེད་རང་མུ་མཐུད་དུ་མདུན་སྐྱོད་བྱས།རང་ཉིད་ཀྱི་ལམ་ཁ་དེ་ནས་རྒྱང་རིང་ཞིག་ལ་འདུར་རྒྱུག་བྱེད།བར་སྐབས་དེར།ཁྱེད་ལ་མང་པོ་ཞིག་ཐོབ་ཀྱང་ཁྱེད་ཀྱིས་དེ་ལས་མང་པོ་ཞིག་ཤོར།མ་མཐའ་ཡང་ངས་བལྟས་ན་དེ་ལས་མང་།གོ་རིམ་དེའི་ཁྲོད་ཁྱོད་ཀྱིས་རང་ལུས་ལ་གཙང་སྦྲ་ཐེངས་ཤིག་བྱ་འདོད་ཡོད་པ་ངས་ཤེས་ཡོད།ཁྱེད་ཀྱིས་རང་ཉིད་ཀྱི་ལུས་སེམས་གང་རུང་གི་མང་པོ་ཞིག་བཀྲུས་ཚར་འདུགགཞན་རྗེས་མི་ཆོད་པའི་འགྲན་རྩོད་ཁྲོད་ཁྱེད་ཀྱིས་ཐེངས་གྲངས་ག་ཙམ་ལ་རང་གི་ནང་མི་ཚོར་ལེ་བདའ་བྱས་མྱོང་།ཁྱེད་ཀྱིས་རང་ཉིད་རིགས་རྒྱུད་འདི་འདྲ་ཞིག་ཏུ་སྐྱེས་པ་ནི་རང་གི་ལན་ཆགས་སུ་བསམས་མྱོང་།དེ་ལྟར་ཁྱེད་ཀྱིས་རང་ཉིད་ཀྱི་ལུས་སེམས་གང་རུང་གི་དྲི་མ་དག་རྒྱང་རིང་དུ་འདོར་རྩིས་བྱས།འོན་ཀྱང་དྲི་མ་དེ་ནི་ཤ་དང་རུས་པ་ཡིན་པས།ཁྱོད་ཡོད་ན་དྲི་མ་དེའང་གནས་དགོས།དྲི་མ་དེ་ནི་ཕལ་ཆེར་འདམ་དྲི་ཅུང་ཙམ་བྲོ་བའི་རྩམ་དྲི་ཞིག་ཡིན་སྲིད།དེ་དུས་ཁྱེད་ནི་ཕྱེད་ཀ་ཕྱེད་རྐྱང་ཞིག་རེད།འུ་གཉིས་ཁ་བྲལ་ཕྱིན་ནས་ཁྱེད་ཀྱིས་ངའི་མཐོང་མ་མྱོང་བའི་བྱ་དངོས་མང་དག་ཅིག་མཐོང་ཞིང་སྔོན་ཆད་ཡ་མཚར་སྐྱེས་མྱོང་བའི་བྱ་དངོས་དག་ཀྱང་ཆེས་རྒྱུན་ལྡན་ཞིག་ལ་བསམས།དབུགས་ཧལ་ཧལ་དུ་རྒྱུག་གིན་པའི་ཁྱེད་རང་ཁྱེད་ལས་ཀྱང་མགྱོགས་པའི་གོམ་སྟབས་ཤིག་ལ་ཡིད་སྨོན་ཆེན་པོ་སྐྱེ་བཞིན་འདུག ཐེངས་ཤིག་ཁྱེད་རང་ཕ་ཡུལ་དུ་སླེབས་འདུག་པར་ངས་མར་རྡོག་ཅིག་དང་ཞོ་ཟེའུ་གཅིག་བསྐྱལ་ནས་སོང་བ་ཡིན།ཉིན་དེར་ཁྱེད་ཚང་གི་སྒོ་ཁར་ཡུལ་མི་ཚོས་མཐོང་མ་མྱོང་བའི་རླངས་འཁོར་ཞིག་བཞག་འདུག་ཅིང་།ཕོ་གསར་ཚོ་རླངས་འཁོར་དེར་ཡ་མཚར་སྐྱེས་ནས་རླངས་འཁོར་གྱི་མཐའ་ལ་རུབ་འདུག ཁྱེད་ཀྱི་བོད་སྐད་མི་གོ་བའི་བོད་ཕྲུག་ཁ་ལོ་པ་དེས་སྣ་གཉེར་གཉེར་དང་མིག་འཇུར་འཇུར་གྱིས་འུ་ཚོའི་ཕོ་གསར་ཚོར་རྒྱ་སྐད་ཀྱིས་རྒྱུ་སྤུས་མི་འདུག་ཅེས་སྐད་བརྒྱབ་བྱུང་།ཁྱེད་ཀྱི་ནུ་བོའང་ཕོ་གསར་ཚོའི་ཁྲོད་ན་འཚང་ཁ་རྒྱག་གིན་འདུག འོན་ཀྱང་ཁྱེད་རང་དགོད་ཙམ་གྱིས་བསྡད་བྱུང་།མགྲོན་པོ་གལ་ཆེན་ལྟ་བུའི་ཁྱེད་རང་ཉིན་དེར་ཁྱེད་ཚང་གི་སྤོ་བོའི་གོང་ན་བཞུགས།        

        ཁྱེད་དང་ཡུན་རིང་མ་འཕྲད་པའི་ཨ་མས་ཁྱེད་ལ་ཞིབ་ལྟ་ཐེངས་ཤིག་བྱེད་འདོད་ཀྱང་།རྒྱུས་མིད་དུ་གྱུར་པའི་ཁྱེད་ལ་མྱུར་ལྟ་ཞིག་ལས་བྱེད་མ་ཐུབ།ངས་ཁྱོད་ཀྱི་ཨ་མ་ལགས་ཀྱི་སེམས་ཁོང་གི་གྲང་ངར་དེ་ཚོར་སོང་བ་ལྟར་རང་དབང་མིད་པར་འཁྱག་འདར་ཞིག་རྒྱག་དགོས་བྱུང་།སྔོན་ཆད་ནས་ཀྱང་རེ་ཐག་ཆད་འདུག་པའི་ཁྱེད་ཀྱི་ཨ་ཕ་དང་སྤོ་བོ་གཉིས་ཀྱིས་ཁྱེད་ལ་མི་འཐད་པའི་ཟོལ་གྱིས་ཟོ་དང་ཟོ་ཞེས་བཤད་དུས།ཁྱེད་ཀྱིས་མདུན་ན་བསྒྲིགས་པའི་ཤ་དང་མར་ལ་སོགས་པར་གཅིག་བལྟས་ནས་ཅི་བསམས་བྱུང་།རང་ཉིད་ཀྱང་ཤ་མར་རྩམ་གསུམ་གྱིས་ནར་སོན་དུ་བཅུག་པ་ཡིན་ཨང་སྙམ་ནས་ཡ་མཚར་སྐྱེས་ཨེ་བྱུང་།སྟབས་ལེགས་པ་ཞིག་ལ།མི་ཚོགས་ཀྱི་གསེབ་ནས་ཁྱེད་ཀྱིས་ང་རང་ངོ་ཟིན་སོང་།ཁྱེད་ཀྱིས་ངའི་མིང་ནས་རྒྱ་སྐད་ཀྱིས་ཐེངས་འགར་བོས་པས་ད་གཟོད་ངས་རང་ཉིད་འབོད་ཀྱིན་པ་ཤེས་སོང་།ངས་ལེགས་སྐྱེས་ལྟ་བུ་དེ་ཁྱེར་ནས་ཁྱེད་ཀྱི་མདུན་སར་སོང་བས་ཁྱེད་ཀྱིས་ང་ལ་ཞིབ་མོར་ཐེངས་འགར་བལྟས་ནས་རྒྱ་སྐད་ཀྱིས“བཀྲ་ཤིས་བདེ་ལེགས”ཞེས་བཤད་ཅིང་།ངའི་ལག་གི་ཁ་བཏགས་དེ་བླངས་ནས་རང་གི་སྐེར་བསྐོན་སོང་།དེས་ང་ཡང་དོགས་མི་བདེ་བར་བཟོས།ངས་དངོས་གནས་སྔོན་ཆད་ཀྱི་ཁྱེད་རང་མིག་ལ་འཆར་ཐབས་མ་བྱུང་།ཁྱེད་ཀྱིས་ངས་ཡུན་རིང་ཞིག་ལ་གོ་མ་མྱོང་བའི་རྒྱ་སྐད་ཀྱི་ལམ་ནས་ང་ལ་ཆུང་དུས་ཀྱི་གླེན་རྟགས་དག་ཟེར་ནས་གླེང་ཞིང་མཐོང་རྒྱ་ཆུང་བའི་འུ་ཅག་ཨང་ཟེར་ནས་སྐྱོ་ཉམས་སྟོན།ངས་ཀྱང་ཁྱེད་ལ་བདེན་ཁུལ་གྱི་མགོ་བོ་ཐེངས་འགར་བསྒུར་བ་ཡིན།ད་དུང་ངས་ཁྱེད་ལ་གྲ་སྒྲིག་བྱས་པའི་ལེགས་སྐྱེས་དེ་དག་ཁྱེད་ཀྱིས་མགོ་བོ་གཡུག་ཞོར་བཙན་གྱིས་བཞེས་སོང་ལ།གྲོང་ཁྱེར་དུ་ཐོན་དུས་ལད་འགྲོ་ནའང་ཐང་ཟེར།ཁྱེད་རང་ཡུལ་ནས་ཉིན་གཉིས་ཙམ་ལ་བསྡད་དེ་ཕྱིར་གྲོང་ཁྱེར་དུ་ལོག་དུས་ང་ལ་སྤྱོད་གོ་ཅི་ཡང་མིད་པའི་མི་ཏོག་རྐང་གཅིག་དྲན་རྟེན་དུ་བཞག་འདུག དེ་ནས་བཟུང་ཁྱེད་རང་ཕ་ཡུལ་དུ་ཐེངས་གཅིག་ལའང་ཡོང་མྱོང་མིད།ཨ་མ་ཁོ་ནས་ཁྱེད་ལ་ཕ་ཡུལ་གྱི་རུམ་བཟེད་ནས་བསྒུགས་འདུགགོ་ཐོས་ལྟར་ན།རྒྱང་རིང་གི་གྲོང་ཁྱེར་ནས་ཁྱེད་ཀྱིས་ཀྱང་ཁྱེད་དང་འདྲ་བའི་བོད་མོ་ཞིག་དང་མཉམ་དུ་སྟོན་མོ་བྱས་ཤིང་བཟའ་ཚང་བསྒྲིགས་འདུག་ཟེར།བོད་ཡིན་བཞིན་དུ་རྒྱ་ཚུགས་བཏོད་འདུག་པའི་སྟོན་མོ་དེར་འུ་ཚོའི་སྡེ་བ་ནས་མི་གཅིག་ཀྱང་འགྲོ་མ་ཐུབ་ལ།ཁྱེད་ཀྱིས་ཀྱང་ངེད་ཅག་མི་ཡོང་བར་རེ་བ་བྱེད་ཀྱིན་ཡོད་ངེས་ཡིན།དེ་ནི་གཙང་དག་གི་ཁྱེད་ཀྱིས་ང་ཚོས་མིག་རྫོབ་བྱེད་འཇོག་པར་སེམས་ཁྲལ་བྱེད་ཀྱིན་པས་མ་ཡིན་ནམ།

        དེ་རིང་ང་དོན་དག་ག་གེ་མོ་ཞིག་གི་དབང་གིས་ཁྱེད་ཡོད་སའི་གྲོང་ཁྱེར་དེར་ཐེངས་ཤིག་ཡོང་བས།ལས་བཟང་ངན་གང་ཡིན་མི་ཤེས་མོད་ང་རང་སླར་ཡང་ཁྱེད་དང་མཇལ་བྱུང་།གྲོང་ཁྱེར་ལ་མི་འཕྲོད་པའི་ང་རང་ཁྱེད་ཀྱིས་གསལ་ཐག་ཆོད་པར་ངོས་ཟིན་ཞིང་།དགའ་སྐྱོའི་དབྱེ་བ་ཡུན་རིང་མ་བཀར་བའི་ཁྱེད་ཀྱིས་གྲོང་ཁྱེར་པའི་ངོ་གདོང་ནས་གནའ་བོའི་འཛུམ་མདངས་ཤིག་བསྐྱར་དུ་མངོན་བྱུང་།ཁྱེད་ཀྱིས་ངའི་རྩུབ་རེག་གི་ལག་པར་དམ་པོར་འཇུས་ཤིང་རྒྱ་སྐད་ཀྱི་ལམ་ནས་ང་ལ་ཞག་འདུག་བྱེད་དགོས་པའི་རེ་བ་གང་མང་བཏོན་པས།ངས་ཀྱང་ད་དུང་ཨེན་ཙམ་ལྷག་འདུག་པའི་ཁྱེད་ཀྱི་མཛའ་བརྩེ་དེའི་སླད་དུ་ཁྱེད་ཚང་ནས་ནུབ་གཅིག་འདུག་པའི་ཁས་ལེན་བྱིན།དེ་ལྟར་ཁ་བརྡ་མིད་པའི་འུ་གཉིས་ཁྱེད་ཚང་གི་ཁྱིམ་ལ་ག་ལེར་བཅར་ཞིང་།ངས་ནི་དེའི་ལམ་བར་ནས་འུ་གཉིས་ཁྱེད་ཚང་ལ་ཐོན་ན།ངས་ཁྱེད་ཚང་གི་ས་གདན་ནོགས་པར་བྱེད་ཨེ་འགྲོ་དང་མལ་དུ་ཉལ་དུས་ཁྱེད་ཚང་ལ་རྐང་རུལ་ཁྱབ་ཨེ་ཡོང་སྙམ་ནས་སེམས་ཁུར་བྱེད་དགོས་བྱུང་ལ།སེམས་སུ་ཆ་མིད་ཚང་ཞིག་ལ་མགྲོན་དུ་འགྲོ་བ་ནི་ཅི་འདྲའི་སྐྲག་ས་ཞིག་རེད་ཨང་སྙམ།ཐོག་མར་འུ་ཅག་གྲོང་ཁྱེར་ལ་ཐོན་དུས་ཀྱང་འདི་འདྲ་ཞིག་མ་ཡིན་ནམ།དེ་འདྲའི་མོད་ལ་འུ་གཉིས་གཞི་ནས་ཁྱེད་ཚང་ལ་འབྱོར་ཞིང་ཁྱེད་ཀྱི་ལོ་བདུན་ཙམ་ཡིན་པའི་བུ་མོས་འུ་གཉིས་ལ་སྒོ་ཕྱེས་ཏེ་བསུ་མ་བྱས།ཁྱེད་ཚང་གི་སྐྲ་ལོ་ཡོངས་རྫོགས་དམར་པོར་བསྒྱུར་འདུག་པའི་ཁྱིམ་བདག་མས་མགྲོན་པོའི་ཕྱོགས་སུ་མིག་ཟུར་ཙམ་ཡང་མི་འཕེན་པར་གན་རྐྱལ་དུ་ལོག་ནས་མུ་མཐུད་དུ་ཁོ་རེ་ཡའི་བཪྙན་འཕྲིན་དེར་ལྟ་བཞིན་འདུག གལ་སྲིད་ང་ཁྱེད་ཡིན་ན་ངས་ནི་ནམ་ཡང་རང་གི་བཟའ་ཟླས་རང་གི་གྲོགས་པོར་ཁ་ཡ་ཙམ་ཡང་མི་བྱེད་པར་གུ་ཡངས་བྱེད་མི་སྲིད་མོད།ཁྱེད་ཀྱི་ཡོད་ཚད་སྔ་མོ་ནས་འགྱུར་འདུག་པས་ང་རང་ཡང་མི་ཚེའི་ཐོག་ཐེངས་དང་པོར་སྡོད་ཟེར་མཁན་མིད་པའི་གོ་ཁ་རུ་ཁྱེད་ཚང་ནས་བསྡད་པ་ཡིན།ཅུང་ཙམ་ནས་ཁྱེད་ཀྱི་བཟའ་ཟླས་གཡོས་སྦྱོར་གྱི་མགོ་བརྩམས་ཏེ་ཉ་དང་བྱ་སོགས་བརྔོས་ཤིང་།ཁྱེད་ཀྱིས་ཀྱང་ང་ལ་ཆང་དྲངས་བྱུང་བས་ངས་བསམ་གཞིག་གི་སྒོ་མོ་རེ་ཞིག་རྒྱག་པར་བྱས།སྤྱིར་ངས་ཆང་བཅད་ནས་ལོ་ཁའང་གང་མིད་མོད།ཁྱེད་ཀྱིས་སླར་ཡང་ང་ལ་ཨུ་ཚུགས་བྱས་བྱུང་བས་ངས་ཀྱང་སྔོན་བཞིན་དུ་ཁྱེད་ལ་བརྩི་འཇོག་བྱས་པ་ཡིན།ད་དུང་ངའི་མི་ཚེའི་ཐོག་གི་བྱ་ཤ་དང་ཉ་ཤའི་བྲོ་བ་དང་པོའང་དོ་ནུབ་ཁྱེད་ཚང་ནས་ཐོག་མར་མྱངས་པ་ཡིན།ཨེན་ཙམ་མིན་ན་ཁྱེད་ཚང་གི་མདུན་ཅོག་དཀར་གཙང་དེའི་ཐོག་ཏུ་བྱ་བཙོག་པ་ཞིག་སྐྱུགས་སོང་། འོན་ཀྱང་བཙན་གྱིས་བསྲན་བསྲན་མཐར་གཞི་ནས་སྲོན་ཐུབ་སོང་།ཁྱེད་ཀྱི་བཟའ་ཟླས་ཟ་མ་ཟ་ཞོར་ལའང་རྟུག་དྲི་གཏོང་གིན་འདུག ཡ་མཚར་བ་ཞིག་ལ་ཁྱེད་ཀྱིས་སྒྲ་དང་ལྡན་པའི་བྱ་བྱེད་དེར་དོ་སྣང་ཅི་ཡང་མི་བྱེད།དེར་བལྟས་ན་ཁྱེད་ཀྱིས་ཀྱང་རྒྱུན་པར་དེ་ལྟར་གཏོང་གིན་ཡོད་ལས་ཆེ།གང་ལྟར་དོ་ནུབ་གོ་མ་སོང་བ་དེའང་ཅི་འདྲའི་སྤྲོ་འོས་པ་ཞིག་རེད་ཨང་།
        ཁྱོད་ཀྱི་བུ་མོ་ནཱ་ནཱ་ནི་ཧ་ཅང་སྙིང་རྗེ་ཞིག་རེད།ཁྱེད་བཟའ་ཟླ་གཉིས་པོའི་ཤུགས་རྐྱེན་གྱི་དབང་གིས་བུ་མོར་རང་གི་རིགས་རྒྱུད་ཀྱི་དྲི་མ་ཙམ་ཡང་བསྐྱུར་མི་འདུག དོ་ནུབ་ཏག་ཏག་ལ་ཁྱེད་ཚང་གི་བུ་མོར་ཡུལ་སྲོལ་གོམས་གཤིས་དང་འབྲེལ་བའི་རྩོམ་ཡིག་ཅིག་གི་ལས་བྱ་བཞག་འདུག་པ་མ་ཡིན་ནམ།ད་ཅི་བྱའམ།སུས་ཡུལ་སྲོལ་གོམས་གཤིས་ཤེས་སམ།ཁྱོད་ཀྱི་གནས་མལ་གང་དུ་ཡོད་དམ།ཁྱོད་ཀྱི་བུ་མོའི་གནས་མལ་ཡང་གང་དུ་ཡོད་དམ།ད་དུང་ཁྱེད་ཀྱིས་ང་ལ་ཐོབ་ཐང་ལག་ཁྱེར་དང་ཁྱིམ་ཐོ་སོགས་མི་རིགས་གཞན་དུ་བསྒྱུར་འདང་ཡོད་ཟེར།མ་གཞིར་ཁྱེད་ནི་རང་གི་ཤ་དང་རུས་པར་དེ་འདྲ་ཞིག་སྡང་གིན་འདུག་ཨང་།དེ་བསྒྱུར་བཏུབ་མིན་མི་ཤེས་མོད།ངས་ཁྱེད་ལ་དེ་དག་སྔ་མོ་ནས་བསྒྱུར་ཐུབ་པའི་སྨོན་ལམ་འདེབས།ད་ནི་ཁྱེད་ཀྱིས་རང་སྟེང་གི་ཕལ་ཆེར་ཞིག་བསྒྱུར་ཚར་འདུག
        བཀྲ་ཤིས་བདེ་ལེགས།ཉལ་རན་ཁར་ཁྱེད་ཀྱིས་ང་རང་ཁང་པ་ཞིག་ཏུ་བསྐྱལ་ཅིང་ང་ལ་ཉལ་ས་བཅོས་འཕྲལ།ངས་ཁྱེད་རང་མགྱོགས་པོར་སྒོར་འཕུད་ཅི་ཐུབ་བྱས་པ་ཡིན།དེའི་རྒྱུ་མཚན་ནི་ངའི་རྐང་རུལ་གྱིས་ཁྱེད་ལ་འཕོག་ཐུག་གཏོང་བར་སྐྲག་པས་ཡིན།དེ་བས་ཁྱེད་ཀྱིས་ཀྱང་ང་ལ་རྒྱ་སྐད་ཀྱིས་ལམ་ནས“མལ་དྲོ”ཞེས་མཇུག་མཐར་བཤད་རྗེས་གཞི་ནས་སྒོར་བུད་སོང་།
        ངས་ནི་དེ་མ་ཐག་ནས་སྒོ་གཏན་ཞིང་མལ་ཁྲིའི་ཐོག་གན་རྐྱལ་དུ་ལོག་པས།མལ་ཁང་ཧྲིལ་པོར་རང་དབང་གི་མཁའ་རླུང་ཞིག་ཁྱབ་ཡོང་།དེ་ནས་ཅུང་ཙམ་གྱིས་ཡར་ལངས་ཤིང་ཁྱེད་ཀྱི་འཐེན་སྒམ་ཞིག་ནས་ཤོག་བུ་ཞིག་དང་སྨྱུ་གུ་ཞིག་བླངས་རྗེས་བོད་ཡིག་གི་ལམ་ནས་འདི་དག་ཤར་མར་བྲིས་པ་ཡིན།བོད་ཡིག་བརྗེད་འདུག་པ་ལྟ་བུའི་ཁྱེད་ཀྱིས་ད་དུང་བརྗེད་མིད་པའི་སྨོན་ལམ།སང་ཉིན་སྔ་མོ་ནས་ང་རང་བུད་འགྲོ།བདེ་མོ།དེའི་རྒྱུ་མཚན་ནི་ང་ཡོད་སའི་ཁང་པ་འདིར་སང་ཉིན་རྐང་རུལ་འབའ་ཞིག་གིས་ཁྱབ་ཡོད་སྲིད་པས་ཡིན།ང་ནི་དད་མོས་ཅན་ཞིག་དང་།དད་མོས་དེའི་ཆེད་དུ་མང་པོ་ཞིག་བློས་གཏོང་གིན་པའི་བོད་པ་ཞིག་ཡིན་པས་ནམ་མ་ལངས་པའི་སྔ་རོལ་ནས་ངེས་པར་འགྲོ་དགོས།ད་ནི་འུ་གཉིས་ཚེ་གང་པོར་ཡང་ཐུག་མི་སྲིད་པའི་སྨོན་ལམ།མཇུག་མཐར་ཁྱེད་ཚང་གི་བུ་མོར་ཆེས་རྣམ་དག་གི་བྱིལ་བྱིལ་འགའ་ཞིག་བྱེད་འདོད་བྱུང་།དེ་ནི་སྙིང་རྗེ་འབའ་ཞིག་གི་དབང་གིས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1