ཞི་ཅིན་ཕིང་གིས“ཤར་ཕྱོགས་དམར་ཨང་དང་པོའི”ལས་འགན་ནང་ཞུགས་མྱོང་བའི་ཚན་རིག་མཁས་ཅན་རྒན་གྲས་ལ་འཕྲིན་ལན་སྤྲིངས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 04-27



           “ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཉིན་མོ”ཨང་ལྔ་པ་དང“ཤར་ཕྱོགས་དམར་ཨང་དང་པོའི”སྲུང་སྐར་བདེ་བླག་ངང་འཕེན་གཏོང་བྱས་ནས་ལོ་50འཁོར་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་4ཚེས་23ཉིན“ཤར་ཕྱོགས་དམར་ཨང་དང་པོའི”ལས་འགན་ནང་ཞུགས་མྱོང་བའི་ཚན་རིག་མཁས་ཅན་རྒན་གྲས་ལ་འཕྲིན་ལན་སྤྲིངས་ནས་ཁོང་རྣམ་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་མ་ཟད། “འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་དང་འཇིག་རྟེན་འཕུར་སྐྱོད་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུའི་ཐད་རྒྱ་ཆེའི་འཇིག་རྟེན་འཕུར་སྐྱོད་ལས་དོན་པར་ཐུགས་རེ་ཟབ་མོ་གནང་བ་རེད།
           ཞི་ཅིན་ཕིང་གི་འཕྲིན་ལན་ནང་། “ཤར་ཕྱོགས་དམར་ཨང་དང་པོའི”ལས་འགན་ནང་ཞུགས་མྱོང་མཁན་ཁྱེད་ཚོས་ལང་ཚོ་མེས་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་ལ་ཕུལ་ཡོད། ད་ཆ་མི་ཚེའི་ཚེ་མཇུག་འདིར་སྔར་བཞིན་མེས་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་ཀྱི་འབྱུང་འགྱུར་ལ་དོ་ཁུར་གནང་བར་ང་སེམས་འགུལ་ཆེན་པོ་ཐེབས་བྱུང་ཞེས་འཁོད་ཡོད།
           ཞི་ཅིན་ཕིང་གིས་ལོ་ལྔ་བཅུ་ཡི་གོང་དུ་ཧྲའན་པེ་ལེའང་ཅ་ཧོ་རུ“ཤར་ཕྱོགས་དམར་ཨང་དང་པོའི”སྲུང་སྐར་བདེ་བླག་ངང་འཕེན་གཏོང་བྱས་པའི་གཏམ་བཟང་གོ་ཐོས་བྱུང་སྐབས་ང་རང་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་བྱུང་། དེ་དུས། ཁྱེད་རྣམས་ཀྱིས་སྙིང་སྟོབས་རབ་འཕེལ་དང་དཀའ་སྤྱད་སྙིང་རུས་ཀྱིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་སྤོབས་པ་བྱེད་འོས་པའི་གྲུབ་འབྲས་ཕུལ་དུ་བྱུང་བ་བཏོད་ཡོད་ཅིང་། དེ་ལས་ཀྲུང་ཧྭ་མི་རིགས་ཀྱི་ཞུམ་པ་མེད་པའི་རླབས་ཆེའི་སྙིང་སྟོབས་མཚོན་གྱི་ཡོད། འཇིག་རྟེན་འཕུར་སྐྱོད་པ་རྒན་རབས་ཚོའི་མཛད་རྗེས་ཀྲུང་གོ་གསར་པའི་ལོ་རྒྱུས་ཀྱི་དེབ་ཐེར་ཐོག་གསལ་པོ་འཁོད་ཡོད་ཅེས་བསྟན་གནང་ཡོད།
           ཞི་ཅིན་ཕིང་གིས་ཆ་རྐྱེན་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བྱེད་པའི་བློ་སྟོབས་དོར་མི་རུང་། དུས་རབས་གསར་པའི་འཇིག་རྟེན་འཕུར་སྐྱོད་ལས་དོན་པས་འཇིག་རྟེན་འཕུར་སྐྱོད་པ་རྒན་རབས་རྣམས་མིག་དཔེར་བཟུང་ནས“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཉེན་ཁ་དང་དཀའ་ཚེགས་མཐའ་དག་ལས་རྣམ་པར་རྒྱལ་ཕོད་པ། འཇིག་རྟེན་འཕུར་སྐྱོད་ཀྱི་ཚན་རྩལ་གྱི་རྩེ་མོར་འཛེག་ཕོད་པ་བཅས་བྱས་ཏེ། ཀྲུང་གོ་བས་བར་སྣང་ཁམས་ལ་འཚོལ་ཞིབ་བྱེད་པའི་གོམ་སྟབས་དེ་བས་བརྟན་པོ་ཡོང་བ་དང་། འཇིག་རྟེན་འཕུར་སྐྱོད་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རླབས་ཆེའི་ཕུགས་འདུན་སྔ་ཙམ་མངོན་འགྱུར་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་ཡོད།
           1970ལོའི་ཟླ་4ཚེས་24ཉིན། ཞིབ་འཇུག་དང་ཚོད་ལྟའི་ལས་དོན་ནང་ཞུགས་མཁན་ཚོས་ལོ་མང་དཀའ་བ་སྤྱད་པ་བརྒྱུད། རང་རྒྱལ་གྱི་མི་བཟོས་སའི་གོ་ལའི་སྲུང་སྐར་དང་པོ་སྟེ“ཤར་ཕྱོགས་དམར་ཨང་དང་པོ”བདེ་བླག་ངང་འཕེན་གཏོང་བྱས་ཡོད། “འབར་མདེལ་གཉིས་དང་སྲུང་སྐར་གཅིག”ལས་གྲྭའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས“ཤར་ཕྱོགས་དམར་ཨང་དང་པོའི”སྲུང་སྐར་བདེ་བླག་ངང་འཕེན་གཏོང་བྱས་པ་དེས་ཀྲུང་ཧྭ་མི་རིགས་ཀྱིས་འཇིག་རྟེན་ཁམས་ཀྱི་གསང་བ་འཚོལ་ཞིབ་བྱེད་པ་དང་། ཞི་བའི་སྒོ་ནས་བར་སྣང་ཁམས་བེད་སྤྱོད་བྱེད་པ། མིའི་རིགས་ལ་ཕན་བདེ་སྐྲུན་པ་སོགས་ཀྱི་སྒོ་མོ་ཕྱེ་ཡོད། ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་སྙིང་སྟོབས་རྒྱུན་འཛིན་བྱ་ཆེད། ཀྲུང་དབྱང་གིས་ཆོག་མཆན་གནང་བ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆན་འགོད་བཀའ་ལན་ཐོབ་པ་བརྒྱུད། 2016ལོ་ནས་བཟུང་ལོ་རེའི་ཟླ་4ཚེས་24ཉིན་དེ་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཉིན་མོར་གཏན་འཁེལ་བྱས་ཡོད། ཉེ་དུས། སུན་ཅ་ཏུང་དང་། ཝང་ཤི་ཅི། ཆི་ཧྥ་རེན། ཧུའུ་ཧྲེ་ཞང་། ཕན་ཧའུ་རེན། ཧུའུ་ཆི་ཀྲེང་། ཕེང་ཁྲེང་རུང་། ཀྲང་ཧྥུའུ་ཐན། ཁྲེན་ཧྲའུ་ཁྲུན། ཧན་ཧའུ་ཅན། ཧྥང་ཤིན་ཧུའུ་བཅས“ཤར་ཕྱོགས་དམར་ཨང་དང་པོའི”ལས་འགན་ནང་ཞུགས་མྱོང་བའི་ཚན་རིག་མཁས་ཅན་རྒན་གྲས་བཅུ་གཅིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ཏེ། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་དྲན་གནང་བ་དང་། ཀྲུང་གོའི་ཕུགས་འདུན་དང་འཇིག་རྟེན་འཕུར་སྐྱོད་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་པའི་གདེང་ཚོད་བརྟན་པོ་མཚོན་པར་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1