༄༅།། ཁྲི་ཀའི་མཆོད་རྟེན་དྲིལ་གསིལ་མ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-27



        དུས་རབས་བཅུ་པར་གྲུབ་པའི་དབང་ཕྱུག་རྒྱ་གར་ཕ་དམ་པ་རི་བོ་རྩེ་ལྔར་ཕེབས་སྐབས་མདོ་སྨད་ཁྲི་ཀའི་གནས་འདིར་བྱོན། ནམ་མཁར་འཕུར་བ་སོགས་རྫུ་འཕྲུལ་སྣ་ཚོགས་བསྟན་པ་རྒན་པོ་ཞིག་གིས་མཐོང་། ཁོ་དད་དེ་བསྙེན་བཀུར་ཞུས།རྣལ་འབྱོར་བའི་དབྱུག་པ་རྟེན་སྐལ་དུ་བཞག དེ་དང་སངས་རྒྱས་བྱང་སེམས་དུ་མའི་སྐུ་གདུང་། ཆོས་སྐུའི་རིང་བསྲེལ་མང་དུ་བསགས་པ་ནང་བཞུགས་ཀྱི་མཆོད་རྟེན་བཞེངས། རྣལ་འབྱོར་བ་ཆོས་གཡུང་དྲུང་བྱ་བས་རབ་གནས་མཛད། མཆོད་འབུལ་སྨོན་ལམ་གནང་བས་འཇའ་དང་མི་ཏོག་གི་ཆར་དང་ངོ་མཚར་བའི་ལྟས་བྱུང་། ལོ་རྒྱུས་རྣམས་མངོན་ཤེས་ཀྱིས་གཟིགས་ནས་གསུངས། ལུ་ཀྱཱ་དཔོན་པོ་ཤེས་རབ་དཔལ་བཟང་གི་དཀར་ཆག་ལས་བྱུང་ཡོད་པ་དང་།ནམ་མཁའ་ལས་དྲིལ་ཆུང་གི་སྒྲ་བྱུང་བར་ཡུལ་མི་རྣམས་ཀྱིས་བལྟས་པས་ཕ་དམ་པ་རྫུ་འཕྲུལ་གྱིས་གཤེགས་པ་མཐོང་བའི་ལོ་རྒྱུས་དང་། ད་ལྟ་ཡང་དུས་བཟང་རྣམས་སུ་དྲིལ་བུའི་སྒྲ་ཐོས་རྒྱུ་ཡོད་པས་མཆོད་རྟེན་དྲིལ་གསིལ་མར་གྲགས། ཡང་ཆོས་རྒྱལ་མྱ་ངན་མིད་ཀྱིས་ཞག་གཅིག་ལ་མཆོད་རྟེན་བརྒྱ་རྩ་བརྒྱད་རྫུ་འཕྲུལ་གྱིས་བཞེངས་པར་གྲགས་པའི་ནང་ཚན་ཡིན་ལ།འབྲས་སྤུངས་སྐོར་ལམ་དུ་ཡང་འདི་འདྲ་ཞིག་ཡོད་ཅེས་ཐར་ཤུལ་སྐུ་ཕྲེང་བཞི་པས་གསུངས་ཞེས《མདོ་སྨད་ཆོས་འབྱུང》དུ་གསུངས་ཡོད་ལ།མཆོད་རྟེན་བཞུགས་ཡུལ་གྱི་ས་གནས་མི་བརྒྱ་སྡེ་བའི་རྒན་གཞོན་སུས་ཀྱང་ཐོགས་བྱ་མིད་པར་གནའ་བོའི་ངག་རྒྱུན་རིང་མོ་ལྷུག་པོར་འཆད་ཐུབ།རབ་བྱུང་བཅུ་གཉིས་པའི་ཤིང་སྤྲེལ་ཏེ་སྤྱི་ལོ1704ལོར་འཁྲུངས་པའི་མཁས་དབང་སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་སྤྱི་ལོ1748ལོར་བརྩམས་པའི《ཆོས་འབྱུང་དཔག་བསམ་ལྗོན་བཟང》ལས་ཀྱང་། ས་གནས་འདིར་སྔར་རྒྱ་གར་དམ་པ་སངས་རྒྱས་དང་བོད་ཀྱི་མཁས་པ་མི་གསུམ་སོགས་ཀྱིས་དངོས་སུ་བྱིན་གྱིས་བརླབས་མྱོང་ལ། མཆོད་རྟེན་དྲིལ་གསིལ་མར་གྲགས་པ་དྲིལ་བུའི་སྒྲ་ཡང་ཡང་འབྱུང་ཞེས་གསུངས་ཡོད། མཆོད་རྟེན་གྱི་མདུན་དུ་རྟེན་རྡོ(རྡོ་ལེབ་ཆུང་ངུ་ཞིག)ཞིག་ཡོད་པའི་སྟེང་དུའང་གོང་སྨྲས་ལོ་རྒྱུས་དང་ཅི་འདྲ་བར་བརྐོས་ཡོད་པ་ད་ལྟའང་བཞུགས། འདི་ལྟར་གྲུབ་པའི་དབང་ཕྱུག་རྒྱ་གར་ཕ་དམ་པ་སངས་རྒྱས་ཁོང་སྤྱི་ལོ1101སྟེ་རབ་བྱུང་གཉིས་པའི་ལྕགས་མིལ་ལོར་རྒྱ་ཡུལ་དུ་ཕེབས་པར་གསུངས་པས། ངག་རྒྱུན་དང་ལོ་རྒྱུས་སུ་གྲགས་པ་ལྟར་ན་ཕ་དམ་པ་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་པའི་ལམ་བར་དུ། ཁྲི་ཀ་མི་བརྒྱ་ས་ཆ་བརྒྱུད་ནས་དབྱུག་པ་རྟེན་སྐལ་དུ་བཞག་པ་དང་བསྟུན། སྡེ་འདིའི་མི་དམངས་མང་ཚོགས་དང་། བོད་མི་ཡོངས་ཀྱི་བསོད་ནམས་གསོག་པའི་ཞིང་ས་རུ་མཆོད་རྟེན་འདི་བཞེངས་བསྐྲུན་བྱས།

        དེ་ལྟར་ན་རིན་ཐང་གཞལ་དུ་མིད་པའི་མཆོད་རྟེན་འདི་ལོ་ངོ910ཡས་མས་འགོར་ཟིན་པས། ལོ་རྒྱུས་ཀྱི་རྒྱུན་རིང་ལ་བྱིན་རླབས་ངོ་མཚར་ཆེ་བ་མདོ་ཁམས་ཀུན་ཏུ་སྙན་གྲགས་ཆེ། འདི་ལྟ་བུའི་ཡུན་རིང་གི་ལོ་རྒྱུས་ལྡན་ལ་སྙན་གྲགས་ཆེ་བའི་རྟེན་བྱིན་རླབས་ཅན་འདི་ལ་ང་བརྒྱད་ལོ་དང་རིག་གསར་སྐབས་སུ། རྐུན་ཇག་གི་གནོད་པ་སོགས་ཅི་ཡང་མ་བྱུང་བར་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་གྱུར་ཡོད། དེ་སྔོན་སྐེ་བའི་སྔགས་རམས་པ་ངག་དབང་འཇམ་དབྱངས་རྒྱ་མཚོའི་ཞལ་ནས། མཆོད་རྟེན་འདི་ཁྲི་ཀའི་ཡུལ་གྱི་མཆོད་རྟེན་ཐོག་མའམ་མདོ་ཁམས་ཡུལ་ན་འགྲན་ཟླ་བྲལ་བའི་མཆོད་རྟེན་ཞིག་ཡིན་པར་གསུངས། རྒྱུ་མཚན་དེ་དག་གི་དབང་གིས་ཁྲི་ཀའི་ཡུལ་སྐོར་ས་གནས་དང་།རིག་དངོས་སྲུང་སྐྱོབ་ཀྱི་གྲས་སུ་བཞག་སྟེ། མྱུར་བར་ཞིག་གསོ་དང་བརྒྱུད་སྒྲོག་བྱ་དགོས། དེ་ལྟར་བྱས་ཚེ་ཁྲི་ཀ་ས་ཆའི་མཛེས་ལྗོངས་སྔར་ལས་གསོན་ཉམས་ལྡན་པ་ཞིག་ཏུ་འགྱུར་ལ། ཡུལ་སྐོར་ལྗོངས་རྒྱུའི་གནས་ཡུལ་གྲགས་ཅན་ཞིག་ཏུ་འགྱུར་བར་ཡང་ཐེ་ཚོམ་མིད་དེ། ཞི་བདེ་དང་འབྱོར་ཕྱུག་ཕུན་སུམ་ཚོགས་པའི་གནས་མཐོང་བ་ཀུན་སྨོན་ཞིག་ཏུའང་འགྱུར། ད་དུང་དོ་སྣང་མ་བྱས་ན་སྤྱི་ལོ2008ལོ་དང2009ལོ།སྤྱི་ལོ2011ལོ་ཐེངས་དུ་མར་རྐུན་ཇག་གིས་གླགས་བཙལ་ཏེ། ཪྙེད་པར་དཀའ་བའི་རྟེན་བྱིན་རླབས་ཅན་ཤུལ་མིད་དུ་བཟོ་བར་བརྩམས་པ་ལུང་ཁོག་དེའི་ཡུལ་མི་ཀུན་གྱིས་ཤེས་གསལ། འདི་ལྟར་གནའ་བོའི་རྣམ་པ་མ་ཉམས་པར་བརྗིད་ཆགས་སེ་ཀུན་གྱི་ཡིད་དབང་འཕྲོག་པའི་རྟེན་འདི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་གྲས་སུ་མ་བཞག་ཚེ། ནམ་ཞིག་ལ་བརླག་པའི་སྐབས་མཆིས་པས་འབྲེལ་ཡོད་ལས་ཁུངས་དང་ཡུལ་མི་ཀུན་གྱིས་བདག་གཉེར་དོ་དམ་གཙིགས་སུ་འཛིན་དགོས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1