༄༅། །དགག་ལན་མཚོན་ཆ་དགུ་སྐོར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-25


ནང་ཆོས་མཛའ་མཐུན་ཉི་གཞོན་འཛུམ་པའི་ཆར།།
བསྟན་གཉིས་སྡང་བའི་རྩོད་ཉོག་སློང་པ་ལ།།
ཚད་ལྡན་གཞུང་ལ་འཇུག་ཐེངས་གཅིག་གིས་ཀྱང་།།
རྒོལ་བའི་ལན་ཞིག་བྲིས་འདི་དལ་གྱིས་གསོན།།
    དེ་ཡང་ཁ་སྔོན་ཞང་ཡིག་སྨར་ཆུང་དང་། དེ་མིན་བོན་པོའི་རྒྱན་གོས། བོན་པོའི་མདོ་སྔགས་ཀྱི་གཞུང་ལུགས་སོགས་ཀྱི་སྐོར་ལ་ཟུར་ཟ་དང་། སྡིག་སྨོད་བྱེད་པའི་ཨོ་རྒྱན་ཉི་མ་ཞེས་པ་ཞིག་གིས་བསམ་བློ་བྱིས་པ་ལོ་ན་བདུན་བརྒྱད་ཙམ་གྱི་བློ་ཁོག་ལས་གུ་དོག་ལ། ཕྱོགས་འཛིན་ནམ་མཁའི་མཐའ་རྒྱ་ལས་ཡངས་ཤིང་ཟབ་པའི་རྟགས་མངོན་པར་གཅེར་བུར་བསྟན་ནས་ནང་བསྟན་གྱི་གྲུབ་མཐའ་ཕན་ཚུན་བར་གྱི་མཐུན་འབྲེལ་ཞེས་པ་དེ་ཅི་ཞིག་བྱས་ན་བཤིག་ཐུབ། གང་བྱས་ན་འཐོར་འགྲོ་བའི་བསམ་གཞིག་གང་ཡང་མེད་པ་མ་ཟད། ཐུའུ་བཀྭན་པས་ཆོས་དང་བོན་ཞེས་འགལ་བའི་ཚབ་བྱེད་ཀྱང་།། བོན་ལ་ཆོས་འདྲེས་ཆོས་ལ་བོན་འདྲེས་པས།། ཆོས་མིག་རྡུལ་བྲལ་མིག་ལྡན་བདག་ལྟ་བུ།། ཆོས་བོན་རྣམ་དབྱེ་འབྱེད་ལ་སྒྱིད་ལུགས་གྱུར།། ཞེས་གསུངས་པ་དང་། གསང་སྔགས་རྡོ་རྗེ་གླིང་པའི་གཏེར་མ་བཀའ་ཐང་ལས། ང་ནི་སྔོན་ཚེ་གཤེན་གྱི་བཀའ་འཁོར་དུ། འགྲོ་བ་འདུག་བའི་བོན་ལུང་མདོ་སྔགས་རྣམས། ད་ལྟ་ཆོས་སུ་བསྒྱུར་བ་མ་རྟོགས་པས། དོན་གྱི་སྙིང་པོ་ཆོས་མགོ་བོན་ལ་ཐུག དེའི་ཕྱིར་ཕྱོགས་རིས་བྱེད་ན་དམྱལ་བར་འགྲོ། ཞེས་གསུངས་པ་དེ་དག་ལ་ཡིད་ཆེས་ཙམ་མ་སྐྱེས་ཀྱང་། ཐེ་ཚོམ་ཞིག་འདྲེན་མི་ཐུབ་པར་འོ་ཅག་བོད་ཀྱི་ཁ་དཔེ་ཞིག་སྟེ། ཁ་ནས་ཐར་ཚད་ཚིག ཡོག་གེ་དབྱུག་ཚད་མདུང་ཞེས་པ་ལྟར་བྱས་ནས་དྲན་ཚད་ཕྱིར་བསྟོན་བྱས་ཏེ་ཧབ་སྒྲ་དང་། ཚིག་ངན་ངན་སྣ་ཚོགས་བརྗོད་ཟིན་པ་དག་ནི་བདེན་དོན་མེད་པར་ངོ་སྤྲོད་ཀྱི་ཚུལ་ལམ། དཔྱད་ལན་ཟེར་བ་ལ་རྒོལ་བའི་དཔྱད་གཏམ་ཞིག་གི་ལན་ལ་ཟེར་ཞིང་། ཁྱེད་ཀྱིས་བོན་གྱི་སྐོར་ལས་འཕྲོས་པའི་གཏམ་བཤད་པ་དེ་དག་རང་གི་ཅི་དྲན་གང་ཤར་ཙམ་ཡིག་ཐོག་ཏུ་ཕབ་པ་ལས། གཞུང་ལུགས་མཐུན་མིན་གང་ལ་མ་ལྟས་པར། ཕུག་འདི་ཞེས་ཚད་ལྡན་གྱི་ལོ་རྒྱུས་འཇོག་རྒྱུ་མེད་པའི་ངང་ནས་བྲིས་པ་ཞིག་ཏུ་ངེས་པས། དཔྱད་གཏམ་ལ་འཇོག་ན་ཤིན་ཏུ་དཀའ་བར་སྣང་བས་གནས་སྐབས་སུ་དེའི་ལན་ལ་དཔྱད་ལན་མི་ཟེར་ནས་དགག་ལན་གྱི་ཚུལ་དུ་ཅུང་ཟད་ཅིག་སྤྲོས་པར་བྱེད་རྒྱུ་ཡིན། དེ་ཡང་སྤྱིར་ས་པཎ་གྱིས་སྟོད་པས་དགའ་བར་མི་འགྱུར་ཞིང་། །སྨད་པས་མི་དགའ་མི་འགྱུར་བར། །རང་གི་ཡོན་ཏན་ལེགས་གནས་པ། །སྐྱེ་བོ་དམ་པའི་མཚན་ཉིད་ཡིན་ཞེས་གསུངས་པ་ལྟར་མི་རེ་འགའ་ཞིག་གིས་བསྟོད་པ་བྱས་པ་ཙམ་གྱི་དགའ་དགོས་དོན་དང་། སྨད་ར་བྱས་པ་ཙམ་གྱིས་སྡུག་དགོས་དོན་ཅི་ཡང་མེད་ཀྱང་། འདིའི་རིགས་ཅུང་ཙམ་མགོ་མནོན་མ་བྱས་ན། སྙོམ་ཆུང་རྒྱ་ལུས་རྗེས་ལུས་ཞེས་པའི་དཔེ་བཞིན་ཤེས་ཚོར་བྱུང་བཞིན་དུ་མིག་བར་ནས་ཤོར་སོང་ན། བོན་གྱི་གྲུབ་མཐའ་རང་གི་ངོས་ནས་བཤད་ན་ཁྱོས་བཤད་ཚད་ཐམས་ཅད་རྫུན་ཚིག་འབའ་ཞིག་ཏུ་མ་འགྱུར་ན། བདེན་པ་འགྱུར་ནས་རྒྱལ་ཁ་ཐོབ་དོན་མེད་པས། ཁྱོས་བཤད་པ་ཙམ་གྱིས་དེ་ལྟར་འགྱུར་ཞིང་། མ་བཤད་པ་ཙམ་གྱིས་དེ་ལྟར་མི་འགྱུར་བའི་གཏན་ཚིགས་ཤིག་རི་བོང་གི་རྭ་དང་། མོ་ཤམ་གྱི་བུ་ལྟར་ཡིན་པས། གྱོང་གུད་ཚབ་ཆེན་པོ་ཞིག་འབྱུང་དཀའ་ན་ཡང་། བོད་མི་རིགས་དང་། གྲུབ་མཐའ་ཕན་ཚུན་བར་ན་མཐུན་འབྲེལ་གྱི་གཞི་རྩ་རྟེན་མིན་ནི་གཙོ་བོ་ཆོས་ལུགས་ཀྱི་དོན་དག་ལ་ཐུགས་ཀྱི་ཡོད་པ་ནི་མངོན་གསལ་དོད་པོ་ཡིན་པས། བཟོ་ལྟ་ཏོག་ཙམ་སྤྲད་ན་ཅི་མ་རུང་སྙམ་པའི་མོས་འདུན་གྱི་ངང་ནས་དོན་ཚན་མི་འདྲ་བ་བཞི་ཡི་བདག་ཉིད་ཅན་གྱི་གླེང་མོལ་བྱེད་རྒྱུ་ཡིན་ཞེས་སྔོན་འགྲོ་འམ། གཏམ་ལན་འདིའི་གསལ་བཤད་ཀྱི་ཚབ་མཚོན་དུ་གླེང་ནས། སྐབས་འདིར་དངོས་གཞིའི་རྒོལ་ལན་འབྲི་བའི་འགོ་དངོས་སུ་བརྩམས་པ་ལ། གཅིག ཁོ་ན་རེ། ད་ལྟའི་བོན་པོ་འདི་ཚོ་བསྒྱུར་བོན་གྱི་རྗེས་འབྲངས་རེད། ཆོས་བསྒྱུར་ནས་བོན་ཞེས་བཏགས།  ཞེས་པའི་ལན། བསྒྱུར་བོན་ཞེས་པ་འདིའི་སྐོར་གླེང་མོལ་བྱེད་མཁན་མང་ཙམ་བྱུང་ཟིན་ཞིང་། ཁྱད་པར་དུ་འབྲི་གུང་དཀོན་མཆོག་རྒྱ་མཚོའི་དམ་ཆོས་དགོངས་པ་གཅིག་པའི་དགོངས་རྒྱན་ལ་བྲིས་པའི་དཔྱད་ལན་རྡོ་རྗེའི་རང་སྒྲ་ལས་གསལ་བས་མི་སྤྲོ་ཞིང་། སྤྱིར་ཆོས་ཞེས་པ་དེ་གོ་ས་འདྲ་མིན་དུ་མར་སྣང་ཡང་། སྐབས་འདིར་ཁྱོད་ཀྱིས་གོང་དུ་བསྟན་པའི་ཆོས་ཞེས་པ་དེ་ཁྱོད་རང་གི་འདོད་མོས་ལྟར་ན་ཤཱཀྱ་ཐུབ་པའི་ཆོས་ལ་གོ་དགོས་འདུག་པས་དེ་ལྟར་བྱས་ནས་བཤད་ན། ཆོས་བསྒྱུར་ནས་བོན་ཞེས་བཏགས་ཞེས་པ་ནི་རྫུན་གཏམ་ཁོ་ན་ཏེ། ཤཱཀ་ཐུབ་ཀྱི་ཆོས་མ་གྲུབ་པའི་སྔ་རོལ་ནས་བོན་དར་ཞིང་། ཤཱཀ་ཐུབ་ཀྱི་ཆོས་ཞེས་པའི་ཐ་སྙད་འདི་མེད་པའི་སྔ་རོལ་ནས་བོན་ཞེས་པའི་ཐ་སྙད་ཡོད་པ་མངོན་གསུམ་གྱི་སྒོ་ནས་ར་སྤྲོད་ཐུབ་པ་ཞིག་རེད། རྒྱུ་མཚན་ནི་དབྱེ་གཞི་བོན་ཙམ་ལས་དབྱེ་བ་གདོད་མའི་བོན་དང་། གཡུང་དྲུང་བོན་གཉིས་སུ་དབྱེ་ཡོད་ལ། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་དམ་ཆོས་ཉི་མའི་འོད་འཆར་བའི་ལམ་ནས་འཆར་བ་གཤེན་ལུགས་ཀྱི། སྐྱ་རེངས་ཕོ་ཉ་སྔོན་དུ་འོངས་པ་ལ། བོན་ཞེས་གྲགས་པའི་གྲུབ་མཐའི་བྱུང་བ་གླེང་། ཞེས་གཤེན་གྱི་བསྟན་པ་རིན་པོ་ཆེ་འཕྲུལ་ངག་བདེན་པའི་བོན་འདི་སྐྱ་རེངས་ཀྱི་གཟུགས་སུ་བཀོད་པ་དང་། དམ་ཆོས་ནི་དེ་ལས་ཤར་བའི་ཉི་མའི་གཟུགས་སུ་བཀོད་པ་འདི་ལྟ་བུ་ལ་བསམ་ན་། དར་སྔ་འཕྱིའི་ཁྱད་པར་ཡོད་པ་རགས་རིམ་ཙམ་ཤེས་ཐུབ་ཅིང་། འོ་ཅག་ཞང་བོད་ཀྱི་ལོ་རྒྱུས་ཆེས་ཚད་མཐོ་ཤོས་ཀྱི་བསྟན་སྟངས་སམ། འཛམ་གླིང་གི་ཤེས་ཡོན་ཅན་གྱི་སྤྱི་སྲོལ་ལ་ཡང་དམ་ཆོས་མ་བྱུང་པའི་སྔ་རོལ་ནས་གཡུང་དྲུང་བོན་བྱུང་ཞིང་། གཡུང་དྲུང་བོན་མ་བྱུང་པའི་སྔ་རོལ་ནས། གདོད་མའི་བོན་བྱུང་ཞེས་གྲགས་པར་གྱུར་ཡོད། དེའི་ཕྱིར་གདོད་མའི་བོན་གྱི་ལོ་རྒྱུས་ལ་ལྟོས་ན་དམ་པའི་ཆོས་ཀྱི་ལོ་རྒྱུས་ཐུང་ངུ་ཞིག་ལས་མེད་ཅིང་། ཤཱཀྱའི་ཆོས་དང་བོན་གཉིས་བྱུང་སྔ་འཕྱིའི་དབང་དུ་བཏང་ནས་བཤད་ན་བོན་བྱུང་སྔ་བ་དངོས་སེམས་སྨྲ་བའི་བོན་ཆོས་ཞིབ་འཇུག་པ་ཀུན་གྱིས་ཞལ་གཅིག་གྲགས་ལྟ་བུ་ཡིན་པས་ཆོས་ལས་བསྒྱུར་ནས་བོན་ཞེས་འདོགས་ཐབས་མེད། བོད་སྐད་ལ་མཚོནའང་དམ་པའི་ཆོས་ཞེས་པ་དང་། བོན་ཞེས་པ་གཉིས་ལས་བོན་སྔ་བ་ཡིན་པས་སོ། ། གཉིས། ཡང་ཁོ་ན་རེ། སྔགས་ཚང་མ་རྙིང་མ་ལས་བསྒྱུར་བ་དང་། མདོ་ཕལ་ཆེ་བ་དགེ་ལྡན་པ་ལས་བསྒྱུར་བ་ནི་ལོ་རྒྱུས་ལ་ལྟོས་དང་ཤེས་ངེས་ཡིན། ཞེས་པ་ལ་ལན། དེ་ལྟར་སྨྲ་བ་ནི་རྗེས་མཉམ་མེད་པས། རང་ལྟ་ལ་མི་ཆགས། གཞན་ལྟ་ལ་མི་སྡང་བའི་སྒོ་ནས་གྲུབ་མཐའི་རྣམ་བཞག་བྱེད་པ་ནི་དག་སྣང་སྦྱང་བའི་ཐབས་ཁྱེད་པར་ཅན་ཞིག་ཡིན་པར་གསུངས་ཀྱང་། མཐོང་རྒྱ་ཆུང་དྲགས་པས་རང་ལ་ཐོས་བསམ་གྱི་ཤེས་རིག་དེ་ལྟ་བུ་སྐྱེས་མེད་ཀྱང་། གཞན་གྱི་ལེགས་བཤད་དེ་དག་ཀྱང་མཐོང་མ་མྱོང་བའི་རྒྱུ་མཚན་གྱི་དབང་གིས་འབྲི་གུང་པ་སོགས་ཀྱི་རྗེས་སུ་འབྲངས་ནས། ཚད་ཐུབ་ཀྱི་ལོ་རྒྱུས་ལ་དཔྱད་ཞིབ་མེད་པའི་སྒོ་ནས་སྨྲས་པར་ཞིག་རེད། ཡིན་ཡང་འདི་ལྟར་གྱི་རང་ལྟ་མཆོག་འཛིན་ཅན་ཞིག་ལ་བོན་གྱི་བཀའ་དང་རྟེན་འགྱུར་ལས་ལུང་ཇི་ཙམ་དྲང་ཡང་ཕན་ཐོག་མེད་པར་གནོད་བྱེད་ཀྱི་རྒྱུ་རུ་འགྲོ་བར་དོགས་ནས། སྐབས་འདིར། རང་མི་ཞིག་ཡིན་པའི་དབང་དུ་བྱས་ན་རང་གི་ཁ་ཕོར་གྱིས་མཚོན་པའི་ཆོས་པ་ཚོས་མཐོང་ཆེན་དུ་བརྩི་བའི་རྒྱལ་རབས་གསལ་བའི་མེ་ལོང་ལས། བོན་ལ་རིགས་དགུ་སྟེ། རྒྱལ་བ་གཤེན་རབ་ཀྱིས་རྒྱུ་ཡི་བོན་ལ་རིགས་བཞི་དང་། འབྲས་བུའི་བོན་ལ་རིགས་ལྔར་ཕྱེས་ནས། ཁམས་ཆེན་པོ་བརྒྱད་སོགས་བོན་གྱི་ཆོས་ཐམས་ཅན་ཞང་ཞུང་ནས་བསྒྱུར་ཏེ་དར་བར་མཛད་ཅེས་གསུངས་པས་སྔགས་ཚང་མ་རྙིང་མ་ལས་བསྒྱུར་བ་དང་། མདོ་ཕལ་ཆེ་བ་དགེ་ལྡན་པ་ལས་བསྒྱུར་ཞེས་པའི་དགེ་ལྡན་གྱི་མདོ་དེ་དང་། རྙིང་མ་བའི་སྔགས་གཉིས་ཞང་ཞུང་དུ་དུས་སྐབས་ག་དུས་དར་བ་རེད་གྲུབ་མཐའི་ཕྱོགས་རིས་དབང་དུ་མ་སོང་བར་ལེགས་པར་སོམས་ཤིག དེའི་མི་ཚད། ཡང་རྒྱལ་རབས་དེ་ཉིད་ལས། ཞུང་ཞུང་ལས་བསྒྱུར་བའི་བོན་དེ་དག་སྤུ་ལྡེའི་དུས་སུ་དར་ཁྱབ་ཟབ་མོར་བྱུང་བར་བཤད་པས། ཞང་ཞུང་ནས་བོན་བསྒྱུར་བའི་རྨང་གཞི་ལྟ་བུའི་ཆོས་དེའི་སྔོན་ནས་དར་དགོས་པས་དེ་ལྟར་གྱི་སྤུ་ལྡེའི་སྔོན་གྱི་ཞང་ཞུང་གི་ཡུལ་ན་བྱུང་བའི་བོན་བསྒྱུར་སའི་བསྒྱུར་གཞིའི་དམ་ཆོས་དེ་འཇོག་རྒྱུ་ཨེ་ཡོད། མེད་ན་སྤུ་ལྡེའི་དུས་སྐབས་སུ་ཞང་ཞུང་ནས་བསྒྱུར་བར་བཤད་པ་ནི་ཁྱེད་ཆོས་པ་ཚོས་ཁ་ནས་ཐར་བའི་རྫུན་གཏམ་ཞིག་ཡིན་ནམ། གསུམ། ཡང་ཁོ་ན་རེ། སྟོད་འགག་སེར་པོ་བསྒྱུར་ནས་སྔོན་པོ་བཟོས། ཞེས་པ་ལ་ལན་དུ། ཁྱོས་བཤད་པ་དེ་ངོ་མ་གོ་རྒྱུ་མི་འདུག སྤྱིར་སྟོད་འགག་ཞེས་པ་ནི་ཕུ་ཐུང་མེད་པའི་ཁོག་སྟོད་ཀྱི་ལྭ་བ་ལ་ཟེར་ཞིང་། དེ་ལྟར་གྱི་སྟོད་འགག་གི་ངོས་ནས་བཤད་ན་བོན་དང་། ཆོས་ལུགས་པ་སུ་ཞིག་ལའང་ཁེར་བདག་མེད། ད་གོ་རྒྱུ་མེད་པའི་ཚིག་གཅིག་ལ་གོ་རྒྱུ་ཡོད་ཚུལ་བྱས་ནས་རེ་ཞིག་སྐབས་འདིར་སྟོད་འགག་ཞེས་པ་ནི་འདུལ་ཆས་ཁྲོད་ཀྱི་སྟོད་འགག་དེ་ལ་ཟེར་བར་སྙམ་པའི་ངང་ནས་ལན་ཞིག་བཏབ་ན། དམ་ཆོས་སྤྱོད་པ་དག་གིས་སྟོད་འགག་སེར་པོ་ཞེས་པ་ཞིག་ཡོད་པ་བཀའ་དང་བཀའ་རྟེན་གང་ནས་བསྟན་། བཀའ་དང་བཀའ་བརྟེན་ཚད་ལྡན་ལས་མ་བསྟན་པར་དེ་སྔོན་ཁྱོད་ལྟ་བུའི་ཤེས་མེད་གོ་སྡུག་གི་བླུན་པོ་མཁས་པའི་གོ་སར་འཛིན་པ་དག་གིས་བརྩམས་པའི་བསྟན་བཅོས་ཉབ་བེ་ཉོབ་བེ་ཞིག་ལས་བསྟན་པ་ཙམ་གྱི་གོ་མི་ཆོད། ངས་ཀྱང་དམ་ཆོས་ལུགས་ཀྱི་བཀའ་འགྱུར་ནང་གི་འདུལ་བ་ཐེངས་མང་ཙམ་ལྟས་པ་ཡིན་ཡང་། ཆོས་གོས་དང་ཤམ་འཐབ། ལྷུང་བཟད་སོགས་ལས། མིག་བར་ནས་ཤོར་སོང་བ་མིན་ན་སྟོད་འགའ་སེར་པོ་ཞེས་པའི་འདུལ་ཆས་སམ་། འདུལ་གོས་ཤིག་ཡོད་པར་བསྟན་པ་རིག་རྒྱུ་དང་མཐོང་རྒྱུ་རྡུལ་ཙམ་ཞིག་མི་འདུག མ་གཞི་ནས་བན་དྷེ་ཚོས་དགེ་སློང་ཤཱཀྱའི་རྗེས་འཇུག་པ་རྣལ་མ་དགེ་སློང་སེར་པོ་ལའང་སྟོད་ལ་རས་ངུར་སྨྲིག་གི་ཁ་དོག་དང་ལྡན་པ་ཞིག་ལས་གྱོན་རྒྱུ་མེད་པ་དང་། ཤཱཀྱའི་སྐུ་འདྲ་ཕལ་ལ་སྟོད་དགོས་མེད་པ་ཞིག་འབྲི་དགོས་པར་བྱུང་བ་ནི་རྒྱུ་མཚན་ཅི་ཞིག་ལ་ཐུག་ཡོད། སྐབས་དེ་དུས་ཤག་ཐུབ་ལ་སྟོད་འགག་ཡོད་བཞིན་རྗེས་འཇུག་ཚོས་ངན་ངན་བྱས་ནས་གོན་དུ་མ་བཅུག་པར་རྗེས་ནས་རྗེས་འཇུག་ང་ཚོས་དུས་ཚོད་བྱུང་དུས་ག་ལེར་གྱོན་བསམ་ནས་བསྡད་པ་ཞིག་རེད་དམ། ཡང་ན་ཡག་ཡག་བྱས་ནས་རྒྱ་གར་ལ་ཚ་བ་ཆེ་བའི་རྐྱེན་གྱིས་རྗེས་འཛིན་སེམས་ཅན་རྨོངས་བླུན་ཅན་དེ་ཚོས་སངས་རྒྱས་ལ་ཚ་བ་རྒྱབ་འགྲོ་བར་དོགས་ནས་མ་གསོལ་བ་རེད། རྒྱུ་མཚན་ལ་འཚོལ་ཞིབ་བྱས་པའི་རྨང་གཞི་ཡོད་ཐོག་ནས་སྐད་ཆ་བཤད་དགོས་པ་ལས། དམ་ཆོས་དང་གཡུང་དྲུང་བོན་པོའི་བར་གྱི་གནས་ཚུལ་ལས་འཕྲོས་པའི་སྐད་ཆ་དག་ཅི་དྲན་གང་ཤར་གྱི་སྒོ་ནས་བཤད་ཆོག་པ་ཞིག་ག་ལ་ཡིན། དེ་མི་ཚད་དམ་ཆོས་ལུགས་ཀྱི་འདུལ་ཆས་གྲས་སུ་མཁར་བསེལ་ཡོད་མེད་ཀྱང་ཁྱོའི་ངོ་ལ་ལྟས་ན་རེ་ཞིག་བཤད་དགོས་པར་འདུག་ཀྱང་། བོད་མི་རིགས་སམ། ནང་པའི་གྲུབ་མཐའ་ཕན་ཚུན་གྱི་མཐུན་འབྲེལ་གྱི་དོན་ལ་བསམ་ནས་ཁྱོད་ལྟར་རང་གི་དྲན་ཚད་ཚིག་ཏུ་མ་བཀོད་ནས་རེ་ཞིག་མི་སྨྲ་བར་འཇོག་པ་ཡིན། བཞི།  ཁྱོད་ན་རེ། པཎ་ཞྭ་བསྒྱུར་ནས་ཁྲ་བོ་བཟོས། ཞེས་པ་ལ་ལན་དུ། སྤྱིར་བཏང་ཁྱོས་གོང་དུ་བྲིས་པ་འདི་དག་གང་གི་ཆ་ནས་བལྟས་ན་གནད་དོན་ཞིག་ལ་ཐུག་དུས་འབྲོས་ས་ཅི་རྙེད་བྱེད་དགོས་པའི་རྨང་གཞི་ད་ལྟ་ནས་བཞག་འདུག་པ་འདྲ་སྟེ། པཎ་ཞྭ་བསྒྱུར་ནས་ཁྲ་བོ་བཟོས་ཞེས་སྨོས་པ་ཙམ་ལས་བོན་ལུགས་ཀྱི་ཞྭ་འདི་དང་འདི་ཞེས་མིང་མེད་པའི་ཞྭ་ཞིག་མེད་ཀྱང་དེ་དག་གི་མཚན་ཐད་དཀར་མི་འབོད་པར་ཞྭ་ཁྲ་བོ་ཙམ་དུ་སྨོས་པའི་རྒྱུ་མཚན་འདི་ལྟ་བུས་ཤེས་ཐུབ་པར་འདུག དེ་ལྟར་མིན་ན་འདི་ལྟ་བུའི་རིག་གཞུང་བགྲོ་གླེང་སྐབས་སུ་སྙན་ངག་གི་གཞུང་ལས་བསྟན་པའི་གབ་ཚིག་གི་རྒྱན་འབྲི་རྒྱུ་གཙོ་བོ་མ་ཡིན་པས་བོན་གྱི་ཞྭ་མོ་སུ་པཎ་ཞྭ་ལས་བསྒྱུར་བར་ངོ་འཛིན་མི་ནུས་པའི་ཚིག་ཅིག་བརྗོད་པ་འདི་ལྟ་བུ་མིན་པར་བོན་གྱི་ཞྭ་འདི་དང་འདི་ཞེས་ངོས་འཛིན་དང་ཆེད་བཟུང་ཡོད་པའི་སྟེང་ནས་གོ་དོན་གསལ་བོར་སྟོན་རྒྱུ་ཅིས་ཀྱང་གལ་ཆེ་བས་ཅུང་ཞིག་ནོར་འདུག ཡིན་ཡང་སྐབས་འདིར་ཁྱོད་ཀྱི་ངོས་ནས་ར་སྤྲོད་བྱེད་དགོས་པའི་གནད་འགག་རེ་ཞིག་ལུས་སོང་བ་ནི་བདག་གིས་ཞིབ་དཔྱད་ཀྱི་ཚུལ་དུ་བདག་གི་བསམ་སྟངས་དང་བསྟུན་ནས་ཅུང་ཞིག་འགོད་པ་ལ། གོང་དུ་པཎ་ཞྭ་བསྒྱུར་ནས་ཁྲ་བོ་བཟོས་ཞེས་པའི་བོན་གྱི་ཞྭ་ཁྲ་བོ་དེ་བོན་ལུགས་ལ་ཡོངས་སུ་གྲགས་པའི་དཀར་མོ་རྩེ་རྒྱལ་དང་། ཁྱུང་ལྡིང་མ་རྣམས་ཡིན་པར་སྙམ། དེ་ལྟར་མིན་ཚེ་རྗེས་སུ་ལན་ཞིག་ཡོད་པར་མཁྱེན། ངས་ངོས་འཛིན་པའི་ཞྭ་དེ་རྣམས་ལ་ཟེར་གྱི་ཡོད་ན་ཁྱོས་དེ་ལྟར་བཤད་པ་ནི་ནོར་ཚབ་ཆེ་བའི་གཏམ་ཞིག་ཏུ་ཟད་དེ། ཞྭ་བཤད་པི་ཝཾ་དྲུང་འགྱུར་ལས། ཞྭ་འདི་དག་ཐོག་མར་སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་ནས་རིམ་པར་རྒྱུད་དེ་དར་ཚུལ་གསུངས་འདུག་ཀྱང་། རང་ལྟ་མཆོག་འཛིན་ཅན་ཁྱོད་ལྟ་བུས་ཁས་ལེན་པ་ཆེས་དཀའ་བར་སྣང་བས། བན་ལུགས་ཀྱི་མཁྱེན་སྤྱན་མངའ་བའི་མཁས་དབང་ཚོས་གསུང་ལ་རྒྱབ་བརྟེན་དུ་བྱས་ནས་ཅུང་ཟད་སྤྲོས་བཞག་ན། མཁས་དབང་དགེ་འདུན་ཆོས་འཕེལ་དང་། བུ་སྟོན་སོགས་ཀྱིས། བན་ལུགས་ཀྱི་ཞྭ་སེར་བོན་གྱི་ཞྭ་དཀར་ དཀར་མོ་རྩེ་རྒྱལ་དང་། ཁྱུང་ལྡེང་མ། གྱི་སྣ་ལེབ་གཅད་ནས་བསྒྱུར་བར་གསུངས་པ་ལས། བོན་གྱི་ཞྭ་འདི་དག་པཎ་ཞྭ་ལས་བསྒྱུར་གསུངས་པ་ཞིག་མི་འདུག་མོད། ད་དུང་དགེ་མདུན་ཆོས་འཕེལ་གྱིས་ཡང་ཡང་ནན་ཏན་གྱིས་བོན་ཞྭ་འདི་དག་ག་སིག་ནས་བསྒྱུར་འོང་བ་ཞིག་མིན་པར་ཐོག་མ་ནས་བོན་པོའི་སྔགས་བོན་གྱི་ཞྭ་ཞིག་ཡིན་ཚུལ་ལར་ཞྭ་སྣེ་རིང་འདི་དབྱིངས་དང་རྩེ་མོའི་རྣོ་ཆ་ལྕགས་ཀྱུའི་དབྱིབས་སུ་གནས་པ་སོགས་གང་ལ་ལྟས་ཀྱང་། སྔགས་བོན་གྱི་ཞྭ་ཞིག་ཡིན་པ་ཁོ་རང་གིས་ཁ་གྲགས་པ་ལྟར་འདུག་འདི་ལྟར་གསུངས་པ་དེ་དག་ཡོད་ཚད་ཁྱི་འཁྱམས་ཤིག་གི་བརྩི་བ་མི་འཇོག་ནས་མཁས་པ་བརྒྱ་ལ་ང་མི་སྐྲག བུམ་གཡག་མགོ་ངས་མི་ཐུབ་ཅེས་པའི་དཔེའི་ནང་གི་རང་ལྟ་མཆོག་འཛིན་གྱི་ཆེད་དུ་བུམ་པ་གཡག་མགོ་རུ་ཁས་ལེན་པའི་མི་ངན་དེ་དག་ལྟར་དུ་བྱས་ནས་རྒྱུ་མཚན་ཞིག་ལ་ཐུག་དུས་ནག་ཐུབ་མེར་འདུག་རྒྱུ་ཡིན་ནམ། དེ་མིན་ལོ་ལྔ་བརྒྱའི་གོང་གི་གཡུང་དྲུང་བོན་པོའི་བཀའ་དང་བཀའ་རྟེན། བསྟན་འབྱུང་དང་ལོ་རྒྱུས་མེད་པར་བཤད་པ་དག་གིས་མཚོན་པའི་ཅི་བསམ་ཚིག་ཐོག་ཏུ་བཀོལ་སྤྱོད་བྱས་པའི་འཆལ་གཏམ་ཉབ་བེ་ཉོབ་བེ་འགའ་འདུག་ཀྱང་དེ་དག་སུ་གང་གིས་ཡིད་ཆེས་བྱེད་མི་སྲིད་ལ། དེ་ལ་ལན་ཞིག་འབྲི་བ་ནི་ང་རང་ལ་མཚོན་ན་སློབ་ཐུན་གྱི་དུས་ཚོད་འགའ་དོན་མེད་དུ་ཤོར་འགྲོ་བའི་ཉན་ཁ་ལ་བསམ་ནས། གནས་སྐབས་སུ་རེ་ཞིག་བཞག་སྟེ། འདིར་འཇུག་བསྡུ་བའི་ཚིག་ཁ་ཤས་ཤིག་བཤད་ན། གོང་དུ་བྲིས་ཟིན་པའི་དོན་ཚན་དེ་དག་རྩེད་མོ་དང་ཀུ་རེ་མིན་ཞིང་། ང་དང་ངའི་བསམ་པའི་ཚབ་མཚོན་གྱི་དོན་དམ་པའི་གཏམ་བརྗོད་རེ་ཞིག་གམ། ཁྱོད་ཀྱི་བསམ་བློའི་འདུ་ཤེས་ལ་ངོ་ལོག་པའི་ཟིང་དཀྲུག་དང་དགྲ་བོ་ལྟ་བུས་མཚོན་པའི་གཏམ་ཞིག་སྟེ། མཚན་བརྗོད་ན་དགག་ལན་ཞེས་ཟེར་ཞིང་དགག་དགོས་རྒྱུ་ནི་ཁྱོད་ཀྱི་བོན་ལ་བཟུང་བའི་སེམས་དང་སེམས་བྱུང་གི་ལྟ་ཚུལ་དེ་དག་ཡིན་པས་བསམ་བློ་སྔར་བཞིན་མི་འདྲ་བར་ནོར་འཆུག་མེད་པའི་ངང་ནས་རྣལ་དུ་ཕབ་སྟེ་ལན་ཞིག་སྟེར་དང་ཞེས་འབོད་ས་ཁྱོད་ལས་གཞན་མེད་ཅིང་། སྐབས་འདིར་ལན་ཞིག་མ་ཡོང་ན་ཁྱོད་རང་ལ་སྙིང་རྗེ་དང་། ཤ་ཚ་ཡོད་པའི་ངང་ནས་ང་གུ་ཡངས་སུ་གཏང་བ་ལ་མི་འཇོག་ཅིང་། ཁྱོད་རང་ཉིད་ལ་དཔྱོད་ཤེས་ཀྱི་མིག་ཆུང་བ། དགའ་སྒྲུབ་ཀྱི་རྣམ་རིག་བྲལ་བ། ཤེས་འཇོན་གྱི་ནུས་སྟོབས་མེད་པའི་རྒྱུ་མཚན་གང་མང་ཞིག་གིས་ལན་ཡང་དག་ཅིག་མ་ཐེབ་པའི་གྲས་སུ་འཇོག་པ་ཡིན་ཞེས་རྩོད་གྲོགས་ཨོ་རྒྱན་ཉི་མ་ལ་ཚྭ་ཚྭ་འུར་འུར་གྱི་ངང་ནས་སེམས་དང་འདུ་ཤེས་གྱི་ཁ་ཕྱོགས་དེ་དག་ལ་དཀའ་ཁག་ཏོག་ཙམ་སྤྲད་ཟིན་པ་ཡིན། 
བོན་པོས་བོན་ལ་ཕྱོགས་པ་ཐོས་ཆུང་ཡིན།།
བན་དྷེས་བན་ལ་ཆགས་པ་ཀླད་མེད་ཡིན།།
དེ་ཕྱིར་ཕྱོགས་དང་རིས་སུ་མ་ཆད་པར།།
དོན་གྱི་བདེན་པ་འཚོལ་བ་འོས་འགན་ཡིན།།
བོན་མིང་གཡུང་དྲུང་གཙུག་ཕུད་དམ། སྨྱུག་མིང་གཤེན་སྨྱུག་ཏུ་འབོད་པས་2012-7-24-26་གི་དགོང་མོའི་བར་གྱི་སློབ་སྦྱང་གི་ཐུན་གསེང་དུ་དུས་ཚོད་གང་བྱུང་དང་བསྟུན་ནས་ཀོ་རྒྱལ་བཤད་གྲྭའི་བོན་གླིང་ནས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1