༄༅།། གནག་ཕྱུགས་ཀྱི་ནད་ལ་བརྟག་ཐབས་འགའ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་། སྤེལ་དུས། 04-30


དང་པོ། གནས་ཚུལ་ཞིབ་ཏུ་དྲིས་ནས་བརྟག་པ།

        གནས་ཚུལ་དྲིས་ནས་བརྟག་པའི་ནང་དོན་ལ་གཤམ་གྱི་འདི་དག་འདུས།

1.ནད་ཀྱི་བྱུང་རིམ་དང་སྨན་གསོའི་གནས་ཚུལ།
        ཕྱུགས་ཟོག་ལ་ནད་བྱུང་བའི་བརྒྱུད་རིམ་སྟེ། དཔེར་ན་ནད་བྱུང་བའི་དུས་ཚོད་དང་ནད་ཕོག་པའི་ཕྱུགས་ཟོག་གི་མང་ཉུང་། ནད་འགོ་བཟུང་བའི་གནས་ཚུལ། རྗེས་ཀྱི་འགྱུར་ལྡོག ད་ལྟའི་ནད་ཀྱི་གནས་ཚུལ་སོགས་དྲིས་ནས་བརྟག་པ། གལ་ཏེ་དུས་གཅིག་ལ་ནད་བྱུང་བ་ཅུང་མང་བ་དང་ན་ལུགས་འདྲ་མཚུངས་ཡིན་ན་འགོ་ནད་དམ་དུག་ཕོག་པ་སོགས་ཀྱི་ཕྱོགས་ལ་བསམ་བློ་བཏང་ན་འགྲིག ད་དུང་ནད་ཕྱུགས་ལ་འགོག་ཁབ་གང་དག་བརྒྱབ་པ་དང་། སྔོན་ལ་ནད་བརྟག་སྨན་གསོའི་བརྒྱུད་རིམ་རྒྱུས་ལོན་བྱེད་དགོས།
2.ནད་ཕྱུགས་ཀྱི་ཡོང་ཁུངས་དང་ཕྱུགས་ནད་ཀྱི་ཁྱབ་ཚུལ།
        ནད་ཕྱུགས་སོ་མ་ཉོས་ཡོང་བ་ཡིན་ན། ས་ཆ་གང་ནས་ཉོས་པ་དང་ས་ཁུལ་དེ་ན་འགོ་ནད་ཡོད་མེད། ནད་དེ་འདྲ་བྱུང་མིན་གསལ་བོར་དྲིས་ནས་ནད་ལ་བརྟག་ན་འགོ་ནད་ཡིན་མིན་དང་ནད་ཀྱི་འབྱུང་རྐྱེན་གང་ཡིན་པ་ཐག་གཅོད་པར་ཕན་ཐོགས་ཡོད།
3.མོ་ཕྱུགས་ཀྱི་མངལ་ཆགས་པའི་གནས་ཚུལ་དང་རྩེབ་པའི་དུས་ཚོད། མངལ་ཆགས་པའི་ཐེངས་གྲངས། སྐྱེ་ཤོར་མིན་སོགས་ལ་རྒྱུས་ལོན་བྱེད་དགོས།

 གཉིས་པ། བལྟས་ནས་བརྟག་པ།

        1.ཕྱི་ཚུལ་ལ་བལྟ་བ། ནད་ལ་བརྟག་པའི་སྐབས་སུ་ཐོག་མར་ཕྱུགས་ཟོག་གི་བདེ་འདུག་དང་དབུགས་ཀྱི་འབྱིན་རྔུབ་ལ་ལྟ་བ་དང་། ཕྱིས་སུ་ནད་ཕྱུགས་ཀྱི་ལོ་ཚོད་དང་ཤ་ཤེད། རྣམ་རིག གསུས་པའི་ཉེ་ལོགས། རྩ་དང་ཆུ། ལངས་ཚུལ་དང་ཉལ་ཚུལ། འགྲོ་ཚུལ། དེ་མིན་ཕྱོགས་གཞན་དག་ན་རྒྱུན་ལྡན་ཡིན་ས་ཡོད་མེད་ལ་ལྟ་ཞིབ་བྱེད་དགོས།

        2.ཁའི་མདོག་ལ་ལྟ་བ། ལག་པས་ཕྱུགས་ཟོག་གི་ཡ་ཁ་ཡར་འཐེན་ནས་ཁ་ཤ་དང་སོ། ལྕེ་བཅས་ཀྱི་ཁའི་མདོག་དང་མདངས། རློན་ཚད་ལ་ལྟ་ཞིབ་ནན་མོ་བྱེད་དགོས་པ་དང་། རྒྱུན་མཐོང་གི་ནད་ཕྱུགས་ཀྱི་ཁའི་མདོག་ལ་གཙོ་བོ་དཀར་མདོག་དང་དམར་མདོག རྒྱ་སྨུག སེར་མདོག་སོགས་ཡོད།

 གསུམ་པ། དབུགས་ཀྱི་འབྱིན་རྔུབ་ལ་བརྟག་པ།

        ཕྱུགས་ཟོག་གི་རྒྱུན་ལྡན་གྱི་དབུགས་འབྱིན་རྔུབ་ནི་རྟ་སྐར་ཆ་རེར་ཐེངས8ནས13དང་། ནོར་སྐར་ཆ་རེར་ཐེངས10ནས30 ལུག་དང་ར་མ་སྐར་ཆ་རེར་ཐེངས12ནས20  ཕག་སྐར་ཆ་རེར་ཐེངས10ནས20  ཁྱིམ་བྱ་སྐར་ཆ་རེར་ཐེངས15ནས30བཅས་ཡིན།

བཞི་བ། སྙིང་གི་ལྡིང་ཚད་དང་རྩའི་འཕར་ཚུལ་ལ་བརྟག་པ

        ཕྱུགས་ཟོག་གི་རྒྱུན་ལྡན་གྱི་སྙིང་གི་ལྡིང་ཚད་དང་རྩའི་འཕར་ཚུལ་ནི་རྟ་སྐར་ཆ་རེར་ཐེངས36ནས44དང་རྟེའུ་སྐར་ཆ་རེར་ཐེངས45ནས60 ཕོ་གླང་སྐར་ཆ་རེར་ཐེངས30ནས60  མོ་གླང་སྐར་ཆ་རེར་ཐེངས70ནས80  ཁྱིམ་བྱ་སྐར་ཆ་རེར་ཐེངས120ནས200བཅས་ཡིན།

ལྔ་བ། ལུས་དྲོད་ལ་བརྟག་པ།

        ཕྱུགས་ཟོག་གི་རྒྱུན་ལྡན་གྱི་ལུས་དྲོད་ནི་རྟ་ཏུའུ37.5ནས38.5དང་ནོར་ཏུའུ38ནས39 བེའུ་ཏུའུ38.5ནས39.5  ལུག་ཏུའུ38.39.5བཅས་ཡིན།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1